12626

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:17, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྡོམ་བརྩོན་དམ་པ
Tibetan Definition (འདུལ་བ) 1 རབ་བྱུང་དམ་པ་ཟེར་བའི་དོན་ཡིན། 2 མཁན་ཆེན་ཞི་བ་འཚོའི་མཚན་གྱི་རྣམ་གྲངས་ཤིག 3 མཁན་སློབ་ཆོས་གསུམ་དང་ལོ་ཙཱ་བ་ཆེན་པོ་རྣམས་མཚོན་པའི་དཔེ་རིས་ཤིག སྡོམ་བརྩོན་དམ་པ་ཞེས་པའི་རི་མོ་འདི་མཁན་སློབ་ཆོས་གསུམ་དང་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་རྣམ་ཐར་དང་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་དུ་ས་སྐྱ་པཎྜི་ཆེན་པོ་བསམ་ཡས་སུ་བཞུགས་སྐབས་ཤིག་ལ་ཐོག་མར་ཕྱག་བསྟར་གནང་བ་ཡིན་ཞེས་བཤད་སྲོལ་ཡོད། སྤྱིར་བཏང་སྡོམ་བརྩོན་དམ་པ་ཞེས་པ་རབ་བྱུང་དམ་པ་ཞེས་པའི་དོན་ཡིན་ཀྱང་། འདིར་མཁན་ཆེན་ཞི་བ་འཚོ་ལ་ཞུ་བ་ཡིན། དེ་ཡང་བོད་མིས་ཁོང་ལ་རབ་བྱུང་དམ་པ་ཞེས་གུས་བཀུར་དང་ཆེ་བསྟོད་ཞུས་པའི་ཚིག་ཅིག་རེད། ས་སྐྱ་པཎྜི་ཏས་དཔེ་རིས་དེའི་ཞལ་བྱང་དུ། (ཕྱག་མཚན་རི་མོའི་བསྟོད་ཚིག་བཞུགས་སོ) སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བས་གངས་ཅན་གསལ་མཛད་པ། །དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །མི་ཡི་བདག་པོས་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་བའི། །སྐྱེ་དགུ་འདི་དག་བུ་བཞིན་ལེགས་པར་བསྐྱངས། །བདག་ཀྱང་སྔོན་སྦྱངས་ལས་ཀྱི་འཕེན་པ་ཡིས། །སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས། །འོན་ཀྱང་ཚེ་རབས་སྔ་མའི་བསོད་ནམས་མཐུས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །རྩོད་དུས་འདི་ནི་མཁས་པར་ཁས་འཆེ་ཞིང་། །ལན་བརྒྱར་འཆད་དང་ཉན་ལ་མངོན་བརྩོན་པ། །དེ་དག་གིས་ཀྱང་ཤེས་བྱའི་གནས་རྣམས་ལ། །རྣམ་པར་དཔྱད་ན་ཕྱོགས་རེའི་མིག་ཅན་ཡིན། །འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་རི་མོ་འདི། གཙུག་ལག་ཁང་ལ་ཕན་པའི་རྟེན་འབྲེལ་ཞིག་ཡོད་པས། དཔལ་ས་སྐྱ་པཎྜི་ཏས་བྲིས་པ་ཡིན། ཅུང་ཟད་རི་མོ་མ་མཛེས་ཀྱང་། མཚན་མོར་བྲིས་པ་དང་། པིར་ལ་སོགས་པ་མ་འཛོམས་པས་ལན་པ་ལགས། འོན་ཀྱང་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཡོད། ཅེས་པའི་ཡི་གེ་འདི་དང་། ཕྱག་མཚན་འདི་བསམ་ཡས་ཀྱི་འཁོར་ས་བར་པའི་གཡས་ཕྱོགས་ན་བཞུགས་པ་ལགས། བཀྲ་ཤིས་པར་གྱུར་ཅིག །ཅེས་འབྱུང་ངོ་། །གོང་གི་རི་མོའི་མཚོན་དོན་མདོ་ཙམ་བཤད་ན། དབུས་ཀྱི་པདྨའི་སྡོང་པོས་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཚོན་ཏེ་སློབ་དཔོན་གྱི་མཚན་དང་ཆོས་མཚུངས། པདྨའི་ལྟེ་བའི་རལ་གྲིས་ནི་འཇམ་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཚོན་ཏེ་སྤྲུལ་གཞིའི་ (འཇམ་དབྱངས་ཀྱི) མཚན་མ་ཉིད་དོ། །དེ་གཉིས་མཆོད་ཡོན་རྣམ་པ་ཐ་དད་ཀྱང་ཡེ་ཤེས་གཅིག་པའི་ཕྱིར་རྟེན་དང་བརྟེན་པའི་ཚུལ་ལམ། སློབ་དཔོན་ཆེན་པོའི་ཐུགས་ལས་སྐྱེས་པའི་ཆོས་སྲས་རྗེ་འབངས་ཉེར་ལྔར་གྲགས་པའི་གཙོ་བོ་ནི་༸མི་རྗེ་ཁྲི་སྲོང་ལྡེའུ་བཙན་ཡིན་པས་པདྨའི་ཟེའུ་འབྲུ་ལས་འཐོན་པའི་ཚུལ་དུ་བཀོད་པའོ། །པད་གདོང་གཡས་ཕྱོགས་ཀྱི་ངང་སེར་མགོ་གཉིས་པས་སློབ་དཔོན་ཆེན་པོ་ཞི་བ་འཚོ་དང་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་གཉིས་མཚོན་ཏེ་ཐུགས་ཀྱི་ལྟ་གྲུབ་དགོངས་པ་གཅིག་པས་ལུས་གཅིག་ལ། གསུང་གིས་སོ་སོར་སྟོན་པས་མགྲིན་པ་མཉིས་ཅན། སློབ་དཔོན་གཉིས་ཀའང་སྡོམ་བརྩོན་གྱི་མཆོག་ཏུ་བཞུགས་པས་ངང་སེར་གྱི་གཟུགས་སུ་བཀོད་པའོ། །གཡོན་ཕྱོགས་ཀྱི་ནེ་ཙོ་མགོ་གཉིས་པས་ནི་སྤྲུལ་པའི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུ་ཡི་རྒྱལ་མཚན་གཉིས་མཚོན་ཏེ་ཐུགས་དགོངས་གཅིག་ལ་སོ་སོར་སྟོན་པས་ལུས་གཅིག་ལ་མགྲིན་པ་གཉིས་ཅན། ནེ་ཙོས་བྱ་སྐད་དང་མི་སྐད་གཉིས་སྨྲ་བ་ལྟར་ལོ་ཙཱ་བས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བས་ན་ནེ་ཙོའི་གཟུགས་སུ་ (ལོ་ཙཱ་བ་ནེ་ཙོས་གཟུགས་སུ་བཀོད་པ་ནི་སྐད་གཉིས་སྨྲ་ཤེས་པ་ཙམ་གྱིས་མིན་གྱི། འདི་ནི་ས་པཎ་གྱིས་ཕྱི་རབས་ཀྱི་ལོ་ཙཱ་བ་རྣམས་ལ་བཀའ་བསྟན་བསྒྱུར་ཚུལ་གྱི་ཤིན་ཏུ་གལ་གནད་ཆེ་བའི་བསླབ་བྱ་ཞིག་ཀྱང་ཡིན་ཏེ། འདི་ལྟར་ནེ་ཙོས་ནི་རང་གི་བདག་པོས་ཇི་ལྟར་བསླབས་པ་ལས་གཞན་དུ་ཅུང་ཟད་ཀྱང་སྣོན་འཕྲི་མི་བྱེད་པར་རང་མཚན་ཇི་ལྟ་བ་བཞིན་བརྗོད་པ་ལྟར། ཕྱི་རབས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་གསུང་རབ་བསྒྱུར་བའི་ཚེ་ནང་དོན་ཇི་ལྟར་ཡོད་པ་ལྟར་བསྒྱུར་བར་བྱ་ཡི། དེ་ལས་གཞན་དུ་གོ་བ་ལྷག་པོ་བླངས་ཏེ་ཟབ་ཏུ་གཏོང་བ་སོགས་རྟོག་བཟོའི་སྒྲོ་སྐུར་མེད་པར་རང་མཚན་རྗེན་པར་བསྒྱུར་དགོས་སོ་ཞེས་་གདམས་པའི་སྙིང་ལ་བཅང་བར་འོས་པའི་ཤིན་ཏུ་ཟབ་པའི་བསླབ་བྱ་ཕུལ་དུ་བྱུང་ཞིག་གོ) བཀོད་པའོ། །དེ་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོའི་དབུས་སུ་གནས་པ་ནི་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ན་འདི་ཉིད་ལ་དུས་དབང་གིས་མེའི་གནོད་པ་འབྱུང་བ་ལུང་བསྟན་པ་ཞི་བའི་རྟེན་འབྲེལ་ཡིན་ཏེ། ཞལ་བྱང་གི་གཤམ་དུ་གཙུག་ལག་ཁང་འདི་ལ་ཕན་པའི་རྟེན་འབྲེལ་ཞིག་ཡོད་ཅེས་གསུངས་པས་ཤེས་སོ། །དེ་དག་གི་དགོངས་པ་ནི་བོད་རྨོངས་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་བ་ནི་མཁན་སློབ་ཆོས་གསུམ་ལོ་ཙཱ་བ་དང་བཅས་པའི་ཐུགས་བསྐྱེད་དང་། སྨོན་ལམ་བདག་པོའི་རྐྱེན་དང་འཕྲིན་ལས་ཀྱི་ཕྱག་རྗེས་ཁོ་ན་ཡིན་ནོ་ཞེས་དྲན་སྐུལ་དད་པའི་གསལ་འདེབས་དང་། བྱས་པ་ཤེས་ཤིང་དྲིན་དུ་གཟོ་བོ་ནི་སྐྱེས་བུ་དམ་པའི་རྣམ་ཐར་ཡིན་པས་ན་སྐྱེ་བོ་བློ་གྲོས་དང་ལྡན་པ་དག་གིས་གཙོ་བོར་བསྟན་པའི་བྱ་བ་འཆད་ཉན་སྒོམ་སྒྲུབ་ལ་འབུངས་ཤིང་གཙུག་ལག་ཁང་འདི་དག་གི་ཞབས་ཏོག་ལའང་བརྩོན་དགོས་སོ། །ཞེས་འདོམས་པའི་ཆེད་དུ་མཛད་པ་ལགས་སོ། །ཞེས་ཚིགས་སུ་བཅད་པའི་མཚོན་དོན་གྱི་འགྲེལ་པ་འདི་ཡང་དྲུང་རམས་པ་ཚུལ་ཁྲིམས་རབ་རྒྱས་ཀྱི་དྲིས་ལན་དུ་ངག་དབང་ལེགས་གྲུབ་ཀྱིས་བྲིས་པ་ལ་འཕྲི་སྣོན་ཅུང་ཟད་དང་བཅས་ཏེ་སྒོམ་སྡེ་ལྷ་རམས་པས་བཀོད་དོ། །ཁོ་བོས་ས་པཎ་གྱི་བསྟོད་ཚིག་ཀྱི་ཁ་བྱང་དང་བརྗོད་བྱའི་འགྲོས་ལ་བརྟགས་ན་གོང་གི་ངག་དབང་ལེགས་གྲུབ་ཀྱི་དཔེ་རིས་ཀྱི་འགྲེལ་བཤད་དེ་མཐའ་གཅིག་ཏུ་འཐད་ལྡན་ཡིན་ཞེས་བཤད་པར་དཀའོ། །