12944

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:35, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྦྱིན་པ
Tibetan Definition (ཕར་ཕྱིན) གཏོང་བའི་སེམས་པའམ་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཅི་རིགས་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་ལས། བྱང་ས་ལས། སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་བལྟ་བའི་བྱང་ཆུབ་སེམས་དཔའི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་དེས་ཀུན་ནས་བསླངས་པ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གི་ལས་དང༌། ཞེས་གསུངས་པ་ལྟར། གཏོང་བའི་སེམས་པ་དགེ་བ་དང་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་སོ། །ཞེས་གསུངས་སོ། །ཡོངས་གྲགས་ལ་གཏོང་བའི་སེམས་པའི་སྦྱིན་པའི་ངོ་བོར་བྱེད་པ་ནི་ཅུང་ཟད་གོ་བ་རྩིང་བའི་སྐྱོན་ནོ། །སྦྱིན་པ་ཐམས་ཅད་ཀྱི་ནང་ནས་མཆོག་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཀུན་ནས་བསླངས་ཏེ་བསྔོ་བ་དང་སྨོན་ལམ་འདེབས་པ་ཡིན་ཏེ། རྗེའི་ལམ་རིམ་ཆེན་མོ་ལས། ཕར་ཕྱིན་བསྡུས་པ་ལས། སྦྱིན་པ་དེ་འདྲའི་རྩ་བ་བྱང་ཆུབ་སེམས། །དེ་འདྲའི་སྦྱིན་པ་གཏོང་འདོད་དེ་མི་བཏང༌། །འཇིག་རྟེན་ནང་ན་གཏོང་འདོད་སེམས་ལྡན་པ། །གཏོང་བའི་ནང་ན་མཆོག་ཅེས་རྒྱལ་བས་གསུངས། །ཞེས་གསུངས་པ་ལྟར། སྤྱོད་པའི་རྟེན་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་ཅིང་བསྒོམ་པ་དང༌། བྱང་ཆུབ་ཏུ་སྨོན་ཞིང་སྨོན་ལམ་འདེབས་པ་ནི་གཏོང་བ་ཐམས་ཅད་ཀྱི་རྩ་བ་དང་གཏོང་བ་ཐམས་ཅད་ཀྱི་མཆོག་ཡིན་པས་དེ་ལ་འབད་པར་བྱ་སྟེ་འདི་ནི་ལག་བཟང་གིས་ཞུས་པའི་དོན་བསྡུས་པའི་གནད་དམ་པའོ། །ཞེས་གསུངས་པ་ལྟར་རོ། །སྦྱིན་པའི་ཕན་ཡོན་གྱི་སྐོར། མདོ་མཛངས་བླུན་མདོ་སྡེ་༼ ཨ ༽པའི་གསེར་དབྱིག་གི་ལེའུ་༡༥༠བ༥དང་། དབུལ་མོས་རས་ཕུལ་བའི་ལེའུ་༡༩༡ན༡ གཉིས་ན་བཞུགས་སོ། །གཏོང་བའི་སེམས་པ་དང་དེའི་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་ལྟར་རོ། །དེ་ལ་དབྱེ་ན། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། (དགེ་རྩ་གཞན་ལ་བསྔོ་བ་ཆོས་ཀྱི་སྦྱིན་པ) བྱམས་པའི་སྦྱིན་པ། (བྱམས་པ་ཚད་མེད་སྒོམ་པ་བྱམས་པའི་སྦྱིན་པ) མི་འཇིགས་པའི་སྦྱིན་པ་བཏང་སྙོམས་ཚད་མེད་སྒོམ་པ་མི་འཇིགས་པའི་སྦྱིན་པ་དང་བཞིའོ། །ཞེས་རྗེའི་གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལས་གསུངས། དབུ་མ་ལ་འཇུག་པ་ལས། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་ཐུབ་པས་ཁྱིམ་པ་རྣམས་ལ་དང་པོར་སྦྱིན་པའི་གཏམ་མཛད་པའི་མདོའི་ཁུངས་དེ་གང་ཡིན་ཞེ་ན། དེ་ནི་འདུལ་བ་ལུང་གཞི་༼ ང་པ ༽ཡིན་ཏེ། དེ་ཉིད་ལས། དེ་ནས་ཚེ་དང་ལྡན་པ་གྲགས་པའི་མ་དང་ཆུང་མ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྲགས་པའི་མ་དང༌། ཆུང་མ་གཉིས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོག་མའི་དུས་སུ་ཆོས་ཀྱི་གཏམ་གླེང་བ་གང་ཡིན་པ་འདི་ལྟ་སྟེ། སྤྱིན་པའི་གཏམ་དང་ཚུལ་ཁྲིམས་ཀྱི་གཏམ་དང༌། མཐོ་རིས་ཀྱི་གཏམ་དང༌། འདོད་པ་རྣམས་ལ་མནོག་ཆུང་ཞིང་ཉེས་དམིགས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། ངེས་པར་འབྱུང་བ་དང༌། རབ་ཏུ་དབེན་པའི་རྗེས་སུ་བསྔགས་པ་དང༌། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་རྒྱ་ཆེར་བཤད་དོ། །ཞེས་གསུངས་སོ། །སྦྱིན་པ་རྣམ་བཞི། ཟང་ཟིང་མི་འཇིགས་ཆོས་དང་བྱམས། །ཞེས་གསུངས་པ་ལྟར། (རྒྱུ་ནོར་སོགས་སྦྱིན་པ་ལ) ཟང་ཟིང་གི་སྦྱིན་པ། (གཞན་གྱི་སྲོག་སྐྱོབ་པ) མི་འཇིགས་པའི་སྦྱིན་པ། (ཆོས་འཆད་པ་དང་དགེ་རྩ་གཞན་ལ་བསྔོ་བ) ཆོས་ཀྱི་སྦྱིན་པ། (བྱམས་པ་ཚད་མེད་སྒོམ་པ་བྱམས་པའི) བྱམས་པའི་སྦྱིན་པ་དང་བཞིའོ། །ཡང་། རྗེའི་གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལས། ཟང་ཟིང་གི་སྦྱིན་པ། (དགེ་རྩ་བསྔོ་བ) ཆོས་ཀྱི་སྦྱིན་པ། (བྱམས་པ་ཚད་མེད་སྒོམ་པ་བྱམས་པའི) བྱམས་པའི་སྦྱིན་པ། (བཏང་སྙོམས་ཚད་མེད་སྒོམ་པ) མི་འཇིགས་པའི་སྦྱིན་པ་དང་བཞིའོ། །ཞེས་ཀྱང་གསུངས་སོ། །