From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཨོ་ཏནྟ་པཱུ་རི
|
Tibetan Definition
|
(ལེགས་སྦྱར) འཕུར་བྱེད་ཀྱི་གྲོང་ཁྱེར་ཞེས་པ་སྟེ། པ་ཊ་ན་Patna ནས་ར་ཇི་གི་རི་Rajgriha ལ་འགྲོ་བའི་ལམ་དུ་བི་ཧཱར་ཤ་རིབ་ཟེར་བའི་མེ་འཁོར་ཀྲི་སིང་ལ་སླེབས་ཤིང་དེ་ནས་ནུབ་ཏུ་བལྟས་ན་བྲག་རི་ལེབ་མོ་ཞིག་མཐོང་བ་དེ་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་གི་ཤུལ་ཡིན་ཟེར། ས་འདི་ཡིན་ཟེར་བ་ཙམ་ལས་གནས་ཤུལ་ལ་སོགས་པ་མི་སྣང་། རི་འདི་ནི་ནཱ་རོ་པའི་བཞུགས་གནས་ཕུ་ལ་ཧ་རི་བྱ་བ་དེ་ཡིན་པར་ཐེ་ཚོམ་མི་འདུག་སྟེ། ཆག་ལོའི་རྣམ་ཐར་དུ་ནཱ་ལེནྡྲའི་བྱང་ངོས་ཚ་འབོག་ཅིག་གི་ས་ན་རི་དེ་ཡོད་གསུངས་ཤིང་། ནཱ་ལེནྡྲའི་བྱང་ན་རི་འདི་གཅིག་པུ་མ་གཏོགས་ཡེ་མེད་ལ། རིའི་དབྱིབས་ཀྱང་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་ཡོད་པས་མི་ལའི་རྣམ་ཐར་དང་ཡང་འགྲིག་ཅེས་སོགས་གསུངས། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ནི་རྒྱ་གར་གྱི་མངའ་སྡེ་ཝི་ཧཱར་ནང་སྔར་ནང་པའི་དགོན་པ་ཆེ་ཤོས་ཤིག་ཡིན་ཞིང་། ཕྱི་ལོ་༡༡༩༣ལོར་ཁ་ཆེའི་དམག་དཔོན་ཨིག་ཏི་ཨུ་རན་མ་མུ་ཡེ་མན་ནས་རྩ་མེད་དུ་གཏོར་ཏེ་ (ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ། ཨོ་ཏནྟ་པཱུ་རིར་རབ་ཏུ་བྱུང་བ་མང་པོ་ཞིག་བསད། དེ་དང་བི་ཀྲ་མ་ཤཱི་ལ་གཉིས་ཅར་བཤིག ཨོ་ཏནྟ་ཝི་ཧཱ་རའི་ཤུལ་དུ་སྟག་གཟིག་གི་རྫོང་བཅས། ཞེས་འབྱུང་བ་ལ་བརྟགས་ན་སྟག་གཟིག་པས་བཤིག་པ་གསལ་པོ་འདུག་པས། ཞྭ་སྒབ་པས། ཁ་ཆེའི་དམག་དཔོན་གྱིས་བཤིག་གསུངས་པ་བདེན་པར་སྣང་ངོ) དེང་སང་དགོན་ཤུལ་ཙམ་ལས་མེད། ཅེས་ཞྭ་སྒབ་པའི་རྒྱལ་རབས་ (གླེགས་བམ་དང་པོ་ཤོག་གྲངས་༡༧༥) ན་དགོན་ཤུལ་ཡོད་པ་ལྟར་བཤད་ཀྱང་། དགེ་འདུན་ཆོས་འཕེལ་གྱིས་ནི་གོང་དུ་བཤད་པ་ལྟར། ས་འདི་ཡིན་ཟེར་བ་ཙམ་ལས་གནས་ཤུལ་ལ་སོགས་པ་མི་སྣང་ཞེས་གསུངས་སོ། །གང་ལྟར་ཡང་དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས་གསུམ་གྱིས་དུས་རབས་བརྒྱད་པའི་ནང་བཞེངས་སུ་བཅུག་པའི་བསམ་ཡས་གཙུག་ལག་ཁང་གི་དཔེ་མཛད་སའི་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེའོ། །ཇོ་བོ་ཨ་ཏི་ཤ་ཡང་ཨོ་ཏནྟ་པ་པཱུ་རིར་བླ་མ་དྷརྨ་རཀྵི་ཏ་ལས་བྱེ་བྲག་བཤད་མཛོད་ཆེན་མོ་ལོ་བཅུ་གཉིས་སུ་གསན་ནས་བཞུགས་མྱོང་ཡོད་ཅིང་། གཙུག་ལག་ཁང་འདི་སྔོན་ནང་པའི་དགེ་བསྙེན་ཞིག་གིས་རོ་ལངས་ཀྱི་དངོས་གྲུབ་བསྒྲུབས་ནས་དེའི་གསེར་ལ་བརྟེན་ནས་བཞེངས་པར་བཤད་དེ། དེའི་ལོ་རྒྱུས་ནི། སྔོན་རྒྱལ་པོ་གཽ་པཱ་ལ་དང་དེ་ཝ་པཱ་ལའི་བར་མཚམས་སུ། མ་ག་དྷའི་ཕྱོགས་ཤིག་ན་མུ་སྟེགས་བྱེད་ཀྱི་རྣལ་འབྱོར་པ་སྔགས་ཀྱི་ནུས་པ་གྲུབ་ཅིང་དྲང་པོའི་རང་བཞིན་ཅན་ན་ར་དཱ་ཟེར་བ་ཞིག་ཡོད་ཅིང་། དེ་རོ་ལངས་ཀྱི་དངོས་གྲུབ་སྒྲུབ་པ་ལ་གྲོགས་ལུས་སྟོབས་ཆེ་ཞིང་ནད་མེད་ལ་ལུས་ལ་དཔའ་བོའི་མཚན་མ་དགུ་ཡོད་པ། ངག་བདེན་པར་སྨྲ་བ། བློ་རྣོ་ཞིང་དཔའ་བ། གཡོ་སྒྱུ་མེད་པ། བཟོའི་གནས་ཐམས་ཅད་ལ་མཁས་པ་ཞིག་དགོས་པ་ལས་གཞན་མ་རྙེད་ལ། ནང་པའི་དགེ་བསྙེན་ཞིག་ལ་ཁྱད་ཆོས་དེ་དག་འདུག་པ་མཐོང་ནས། དེ་ལ་ང་ཡི་སྒྲུབ་གཡོག་གྱིས་ཞེས་སྨྲས་པས། ང་མུ་སྟེགས་པའི་སྒྲུབ་གཡོག་མི་བྱེད་ཟེར། རྣལ་འབྱོར་པས། ང་ཡི་སྒྲུབ་གཡོག་བྱེད་པ་ལ་མུ་སྟེགས་པ་ལ་སྐྱབས་སུ་ནི་འགྲོ་མི་དགོས། ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བས་ནང་པའི་ཆོས་དར་བར་བྱས་པས་ཆོག་གི་རེད་ཅེས་སྨྲས་པས། དགེ་བསྙེན་གྱིས་དེ་བདེན་པར་འདུག་ཀྱང་ང་ཡི་སློབ་དཔོན་ལ་དྲིས་ནས་འོང་ངོ་ཟེར། སློབ་དཔོན་ལ་ཞུས་པས་གནང་སྟེ་དེའི་སྒྲུབ་གཡོག་བྱས། རོ་ལངས་འགྲུབ་ཏུ་ཉེ་བ་ན་མུ་སྟེགས་པ་ན་རེ། རོ་ལངས་ལྕེ་ཕྱིར་གཡུགས་ཏེ་བྱུང་ན་གཟུང་དགོས་ཏེ། ལན་དང་པོ་ལ་ཟིན་ན་དངོས་གྲུབ་ཆེན་པོ། བར་པ་ལ་འབྲིང་། ཐ་མ་ལ་ཆུང་ངུ་འགྲུབ། ལན་གསུམ་པ་ལ་མ་ཟིན་ན་རོ་ལངས་ཀྱིས་དང་པོ་ངེད་གཉིས་གསོད། དེ་ནས་ཡུལ་མི་རྣམས་རེ་རེ་ནས་བསད་ནས་ཡུལ་ཁམས་སྟོངས་པ་ཙམ་དུ་འགྲོ་ཟེར། དགེ་བསྙེན་གྱིས་ལན་དང་པོ་གཉིས་པ་གཉིས་ལ་མ་ཟིན། གསུམ་པའི་སྐབས་རོ་ལངས་ཀྱི་ལྕེ་ཕྱིར་ཕྱུང་བ་ན་སོ་བཏབ་པས་ཟིན། དེ་ནས་ལྕེ་རལ་གྲིར་གྱུར། ལུས་གསེར་དུ་སོང་ངོ་། །དགེ་བསྙེན་གྱིས་རལ་གྲི་ཐོགས་ཏེ་བསྐོར་བས་ནམ་མཁའ་ལ་འཕགས་པ་ན། མུ་སྟེགས་པ་ན་རེ། ངས་རལ་གྲིའི་དོན་དུ་རོ་ལངས་བསྒྲུབས་པ་ཡིན་པས་རལ་གྲི་ང་ལ་སྤྲོད་ཅིག་ཟེར། དགེ་བསྙེན་གྱིས་ངས་བལྟད་མོ་ཞིག་བལྟས་ནས་འོང་ངོ་ཟེར་ནས་རི་རབ་ཀྱི་རྩེ་མོར་ཕྱིན། རལ་གྲི་ཁོང་རང་ལ་སྤྲད་པས། མུ་སྟེགས་པ་ན་རེ། ལུས་གསེར་དུ་སོང་བ་འདི་ཁྱོད་རང་གྱིས། རུས་པ་ལ་མ་ཐུག་པར་ཤའི་ཐད་ནས་ཆོད། འདིས་ཆང་རིན་དང་། སྨད་འཚོང་གི་དོན་སོགས་ཚུལ་མིན་གྱི་ལས་ལ་མ་སོང་བ་གྱིས། རང་གི་འཚོ་བ་དང་དགེ་བའི་ལས་ལ་སྦྱར་ན་དེ་རིང་བཅད་པའི་ཤུལ་དུ་དོན་ནུབ་སྐྱེས་ཏེ་ཟད་མི་ཤེས་པ་ཡོང་ཟེར། ཁོང་རང་རལ་གྲི་ཐོགས་ནས་ལྷ་ཡུལ་དུ་སོང་ངོ་། །དགེ་བསྙེན་གྱིས་རོ་ལངས་ཀྱི་གསེར་ལ་བརྟེན་ནས། ཨོ་ཏནྟ་ པཱུ་རིའི་གཙུག་ལག་ཁང་བཞེངས་པ་ཡིན། དགེ་བསྙེན་གྱིས་ནམ་མཁའ་ལ་ཕྱིན་ནས་རི་རབ་གླིང་བཞི་དངོས་སུ་མཐོང་བའི་བཀོད་པ་ལྟར་བཞེངས། དེ་ལ་ཨུ་ཊ་ཨུ་པ་སི་ཀ་ཞེས་ཐོགས་སོ། །ལྷ་ཁང་དེ་བཞེངས་དུས་རྒྱལ་པོ་བློན་པོ་སོགས་སུའི་གྲོགས་ལ་ཡང་མ་བརྟེན་པར། ལྷ་ཁང་རྩིག་མཁན་གྱི་བཟོ་བོའི་གློ་ལྟོ་ཚུན་གྱི་ཡོན་རྒྱུ་རྣམས་རོ་ལངས་ཀྱི་གསེར་བཙོངས་པ་ཁོ་ནས་གྲུབ་ཅིང་། གསེར་དེས་དགེ་སློང་ལྔ་བརྒྱ་དང་། དགེ་བསྙེན་ལྔ་བརྒྱའི་འཚོ་བ་སྦྱར་ཏེ། དགེ་བསྙེན་དེ་ཉིད་མ་ཤིའི་བར་དུ་ཁོ་རང་གིས་ཆོས་གཞི་བསྐྱངས། འདའ་བའི་ཚེ། གསེར་འདིས་རེ་ཞིག་གཞན་ལ་ཕན་མི་ཐོགས། མ་འོངས་པ་ན་སེམས་ཅན་ལ་ཕན་པར་འགྱུར་ཞེས་གཏེར་དུ་སྦས་སོ། །ལོ་རྒྱུས་འདི་སྦ་བཞེད་ཞབས་བཏགས་མ་༣༦དང་། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༢༡༢དང་། ཆོས་འབྱུང་མཁས་པའི་དགའ་སྟོན་གླེགས་བམ་སྟོད་ཆ་ཤོག་གྲངས་༣༣༨ན་གསལ་བ་ལྟར་རོ། ། (ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འབྱུང་བ་ནི་སྦ་བཞེད་ཞབས་བཏགས་མ་ཇི་ལྟ་བ་བཞིན་བཀོད་སྣང་ངོ)
|