370
Tibetan | བདེན་པ་གཉིས། |
---|---|
Tibetan Alternate | |
Tibetan Definition | ཀློང་རྡོལ་གསུང་འབུམ་ལས་བྱུང་བ་ཁག་ལྔ་སྟེ།
ཁག་དང་པོ། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་བདེན་པ་གཉིས་ཏེ། 1.དོན་དམ་བདེན་པ་ནི། བཅོམ་པའམ་བློས་ཆོས་གཞན་བསལ་ན་རང་འཛིན་གྱི་བློ་མི་འདོར་བའི་ཆོས་སུ་དམིགས་པ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད། ཤེས་པ་དུས་ཀྱི་ཆ་མེད། སོ་སོར་བརྟགས་འགོག སོ་སོར་བརྟགས་མིན་གྱི་འགོག་པ་རྣམས་སོ། ། ཡང་ན། ཐ་སྙད་པའི་ཤེས་པ་ཉོན་མོངས་ཅན་མ་ཡིན་པས་བདེན་པར་འཛིན་པ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་སྔར་དང་འདྲ། 2.ཀུན་རྫོབ་བདེན་པ་ནི། བཅོམ་པའམ་བློས་ཆོས་གཞན་བསལ་ན་རང་འཛིན་གྱི་བློ་འདོར་བའི་ཆོས་སུ་དམིགས་པ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་དང་། བུམ་ནང་གི་ཆུ་ལྟ་བུའོ། ། ཡང་ན། ཐ་སྙད་པའི་ཤེས་པ་ཉོན་མོངས་ཅན་གྱིས་བདེན་པར་འཛིན་པ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི་སྔར་ལྟར་རོ། ། ཁག་གཉིས་པ། མདོ་སྡེ་པའི་ལུགས་ཀྱི་བདེན་པ་གཉིས་ཏེ། ། 1.དོན་དམ་བདེན་པ་ནི། བློ་དོན་དམ་པར་མངོན་སུམ་གྱི་སྣང་ངོར་གྲུབ་པ། དོན་དམ་བདེན་པའི་མཚན་ཉིད། 2.ཀུན་རྫོབ་བདེན་པ་ནི། བློ་ཀུན་རྫོབ་པ་རྟོགས་པའི་སྣང་ངོར་གྲུབ་པ། ཀུན་རྫོབ་བདེན་པའི་མཚན་ཉིད། ཡང་ན། མངོན་སུམ་གྱི་སྣང་ངོར་གྲུབ་པ་དང་། རྟོགས་པའི་སྣང་ངོར་གྲུབ་པ་ཞེས་སྦྱར་ཀྱང་རུང་ངོ་། ། ཁག་གསུམ་པ། སེམས་ཙམ་པའི་ལུགས་ཀྱི་བདེན་པ་གཉིས་ཏེ། 1.ཀུན་རྫོབ་བདེན་པ་ནི། ཀུན་ནས་ཉོན་མོངས་སྐྱེ་རུང་གི་ཆོས་སུ་དམིགས་པ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། ཡོངས་གྲུབ་མ་ཡིན་པའི་ནང་མཚན་གྱི་དངོས་པོ་ཐམས་ཅད་དང་། སྤྱི་མཚན་རྟག་པ་ཐམས་ཅད་དོ། ། 2.དོན་དམ་བདེན་པ་ནི། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་ཆོས། དོན་དམ་བདེན་པའི་མཚན་ཉིད། དོན་དམ་བདེན་པ་དང་ཡོངས་གྲུབ་དོན་གཅིག འདི་ལ་ཁ་ཅིག་གིས་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་དང་། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་གཉིས་ཡོད་དེ། དང་པོ་གང་ཟག་གི་བདག་མེད་ཕྲ་མོ། གཉིས་པ་ཆོས་ཀྱི་བདག་མེད་ཕྲ་མོ་ལྟ་བུའོ་ཞེས་ཟེར། ཁ་ཅིག་ནི། ཡོངས་གྲུབ་ཡིན་ན་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་ཡིན་དགོས་ཟེར་རོ། ། དོན་དམ་བདེན་པའི་མཚན་གཞི་ནི། གཟུགས་དང་གཟུགས་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད། གཟུགས་ཕྱི་རོལ་དོན་གྱིས་སྟོང་པའི་སྟོང་ཉིད། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། བདེན་པར་མེད་པ་དང་། གཟུགས་གཟུགས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། བདེན་པར་མེད་པ་དང་། ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། བདེན་པར་མེད་པ་དང་། ཆོས་རྣམས་ཀྱི་ངོ་བོ་ལ་ཀུན་བརྟགས་པའི་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། བདེན་པར་མེད་པ། ཆོས་རྣམས་ཀྱི་ཁྱད་པར་ལ་ཀུན་བརྟགས་པའི་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་བདེན་པར་མེད་པ་རྣམས་བཞག་གོ ། སྟོང་པ་ཉིད། དེ་བཞིན་ཉིད། ཡང་དག་མཐའ། མཚན་མ་མེད་པའི་དབྱིངས། ཆོས་ཀྱི་དབྱིངས། དེ་ཁོ་ན་ཉིད། ཆོས་ཀྱི་བདག་མེད་ཕྲ་མོ། དོན་དམ་པའི་གནས་ཚུལ་རྣམས་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་གི་མིང་གི་རྣམ་གྲངས་ཡིན། གཟུང་འཛིན་རྫས་གཞན་དུ་གྲུབ་པ། རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་གཟུང་བ་དོན་གཞན་གཟུགས་ཕྱི་རོལ་གྱི་དོན་དུ་གྲུབ་པ་རྣམས་སེམས་ཙམ་པས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་སྐབས་ཀྱི་དགག་བྱ་དྲག་ཤོས་རྣམས་ཡིན། ཁག་བཞི་པ། དབུ་མ་རང་རྒྱུད་པའི་ལུགས་ཀྱི་བདེན་པ་གཉིས་ཏེ། 1.དོན་དམ་བདེན་པ་ནི། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་མ་ཡིན་པ། དེས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ། དོན་དམ་བདེན་པའི་མཚན་ཉིད། ཡང་ན། རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག སྒྲུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི། སྟོང་ཉིད་བཅུ་དྲུག་གམ་བཅོ་བརྒྱད་ལྟ་བུའོ། ། 2.ཀུན་རྫོབ་བདེན་པ་ནི། ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་གྱིས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བའི་རིགས་སུ་གནས་པ། ཀུན་རྫོབ་བདེན་པའི་མཚན་ཉིད། ཡང་ན། རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བའི་རིགས་སུ་གནས་པ། ཀུན་རྫོབ་བདེན་པའི་མཚན་ཉིད། འདི་དང་དོན་དམ་བདེན་པ་དོན་གཅིག ཁག་ལྔ་པ། ཐལ་འགྱུར་བའི་ལུགས་ཀྱི་བདེན་པ་གཉིས་ཏེ། 1.དོན་དམ་བདེན་པ་ནི། མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མ་དེ་ཁྱོད་ལ་མཐར་ཐུག་དཔྱོད་པའི་རིག་ཤེས་སུ་སོང་བའི་རྙེད་དོན། དོན་དམ་པའི་མཚན་ཉིད། མཚན་གཞི་ནི། གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ། སྟོང་ཉིད་བཅོ་བརྒྱད་རྣམས་སོ། ། 2.ཀུན་རྫོབ་བདེན་པ་ནི། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན་གང་ཞིག དེ་ཁྱོད་ལ་ཐ་སྙད་པའི་ཚད་མར་སོང་བ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། དོན་དམ་བདེན་པ་མ་ཡིན་པའི་རྟོག་པ་དང་དངོས་པོ་ཐམས་ཅད་ཡིན་ནོ། ། |
Tibetan Source | 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་375.19ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |