820
| Tibetan | དཀོན་མཆོག་གི་ཆེ་བ་དཔག་ཏུ་མེད་པ་རྣམ་པ་གསུམ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོ་ལས་བྱུང་བ་སྟེ།
1.སངས་རྒྱས་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་ནི། རྣམ་པ་བདུན་དུ་ཁོང་དུ་ཆུད་པར་བྱ་སྟེ། (1)མངོན་པར་ཤེས་པ་ཆེན་པོ་བརྙེས་པའི་ཕྱིར་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་དང་། མི་གནས་པའི་མྱ་ངན་ལས་འདས་པ་དང་། རྣམ་པར་གྲོལ་བའི་སྐུ་བསམ་གྱིས་མི་ཁྱབ་པ། (2)ཆོས་ཀྱི་སྐུ་རྟག་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ཟད་མི་ཤེས་པ། (3)ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དང་། ཁ་ན་མ་ཐོ་བ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ། (4)སངས་རྒྱས་ཀྱི་མཛད་པ་བརྩམས་པ་རྒྱུན་མ་བཅད་པའི་ཕྱིར་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ། (5)སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཆོས་ཀྱི་ལོངས་སྤྱོད་ཆེན་པོ་ལོངས་སྤྱོད་པའི་ཕྱིར་དེ་བཞིན་གཤེགས་པ་ལོངས་སྤྱོད་ཆེ་བ། (6)འཇིག་རྟེན་དུ་བྱུང་ཡང་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པའི་ཕྱིར་དེ་བཞིན་གཤེགས་པ་གོས་པ་མེད་པ། (7)རྟག་ཏུ་རྒྱུན་མི་ཆད་པར་སེམས་ཅན་གྱི་ཁམས་ཚད་མེད་པ་ཡོངས་སུ་སྨིན་པར་མཛད་ཅིང་རྣམ་པར་གྲོལ་བར་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་དོན་ཆེ་བའོ། ། 2.ཆོས་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཞེས་བྱ་བ་ནི། གང་ཆོས་ཀྱང་མ་ཡིན་ལ་ཆོས་མེད་པའང་མ་ཡིན་པ་དང་། འདོད་ཆགས་ཀྱང་མ་ཡིན་ལ་འདོད་ཆགས་དང་བྲལ་བའང་མ་ཡིན་པ་དང་། འཁོར་བ་ཡང་མ་ཡིན་ལ་མྱ་ངན་ལས་འདས་པའང་མ་ཡིན་པའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་དེ་ནི། འཁོར་བར་སྣང་བའི་ཆོས་ཡོངས་སུ་མི་གཏོང་བ་དང་། དེ་ནའང་ཀུན་ནས་ཉོན་མོངས་པ་ཤིན་ཏུ་མེད་པ་དང་། ནམ་མཁའ་དང་མཚུངས་ཤིང་སེམས་ཅན་གྱི་ཁམས་དང་ཡང་དག་པའི་མཐའ་དང་མཚུངས་ཏེ་མི་ཟད་པ་དང་། སེམས་ཅན་ཐམས་ཅད་ལ་ཤིན་ཏུ་ཕན་པ་དང་། བདེ་བའི་གནས་ལ་ཉེ་བར་གནས་པའི་ཕྱིར་འཁོར་བའམ། མྱ་ངན་ལས་འདས་པ་གང་ལའང་མི་གནས་པའོ། ། 3.དགེ་འདུན་དཀོན་མཆོག་གི་ཆེ་བ་ཉིད་དཔག་ཏུ་མེད་པ་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་འདུན་དཀོན་མཆོག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་རབ་ཏུ་ཆེ་བའོ། ། དེ་བས་ན། རྣམ་གྲངས་འདིས་སངས་རྒྱས་དཀོན་མཆོག་གི་ཆེ་བ་ཉིད་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དཀོན་མཆོག་དང་མཉམ་པར་བལྟའོ། ། |
| Tibetan Source | 《མདོ་ད་པ་》ཤ་39ན་4ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |