833

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:40, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བཀའ་བསྡུ་བ་རིམ་པ་གསུམ།
Tibetan Alternate
Tibetan Definition དུང་དཀར་ཚིག་མཛོད་ཆེན་མོ་ལས་བྱུང་བ་ཁག་གཅིག་སྟེ།

1.བཀའ་བསྡུ་བ་དང་པོ་འདི་དོན་ཚན་ལྔའི་ཐད་ནས་བཤད་ན་གོ་བདེ་སྟེ། (1)བཀའ་བསྡུ་འདིའི་འབྱུང་རྐྱེན་ནི། སངས་རྒྱས་མྱ་ངན་ལས་འདས་ནས་རེ་ཞིག་བར་དགེ་སློང་སོགས་སློབ་མ་རྣམས་ཏིང་ངེ་འཛིན་སྒོམ་པ་གཙོར་འདོན་མཛད་དེ་ཆོས་འཆད་ཉན་ལ་སྤྲོ་བ་མེད་པར་གྱུར་པ་ལ་སྐྱེ་བོ་མང་པོ་ཞིག་གིས་འཕྱ་སྨོད་བྱེད་པ་བྱུང་བ་དེ་ཡིན། (2)བཀའ་བསྡུ་འདིའི་མཛད་པ་པོ་ནི། ཉན་ཐོས་འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་སྡུད་པ་པོ་དང་། དགྲ་བཅོམ་པ་ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་སྡུད་པ་པོ་དང་། ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད་སྡུད་པ་པོ་མཛད་པ་ཡིན། དེ་ཡང་བཅོམ་ལྡན་འདས་ཀྱི་ཉེ་གནས་ཀུན་དགའ་བོ་ནི་མང་དུ་ཐོས་པ་འཛིན་པའི་མཆོག་ཏུ་གྱུར་པ་ཡིན་ཀྱང་། སངས་རྒྱས་མྱ་ངན་ལས་འདས་སྐབས་རྒྱུན་ཞུགས་ལ་གནས་པ་ལས། དགྲ་བཅོམ་པའི་གོ་འཕང་ཐོབ་མེད་པར་བརྟེན་ཉན་ཐོས་འོད་སྲུང་ཆེན་པོས་ཀུན་དགའ་བོ་ལ་ཉེས་པ་བརྒྱུད་བགྲངས་ཏེ་གནས་སྐབས་དགེ་འདུན་གྱི་ནང་ནས་གནས་དབྱུང་མཛད་པར་བརྟེན། བསམ་སྒོམ་ལ་ནན་ཏན་མཛད་དེ་མྱུར་དུ་དགྲ་བཅོམ་པ་ཐོབ་རྗེས་འོད་སྲུང་ཆེན་པོས་འདུལ་བའི་གཞུང་ནས་གསུངས་པའི་བསྐོ་བའི་ལས་ཀྱི་ཆོ་གའི་སྒོ་ནས། ཉེ་བར་འཁོར་ལ་འདུལ་བའི་སྡེ་སྣོད་སྡུད་པ་པོ་དང་། ཀུན་དགའ་བོ་མདོ་སྡེའི་སྡེ་སྣོད་སྡུད་པ་པོར་བསྐོས། འོད་སྲུང་ཆེན་པོ་རང་ཉིད་དགེ་འདུན་རྣམས་ཀྱིས་མངོན་པའི་སྡེ་སྣོད་སྡུད་པ་པོར་བསྐོས་པར་མཛད་རྗེས་རིམ་བཞིན་བཀའ་བསྡུ་མཛད་པ་ཡིན། (3)བཀའ་བསྡུ་འདིའི་སྦྱིན་བདག་ནི། སྐབས་དེའི་མ་གྷ་དྷའི་རྒྱལ་པོ་མ་སྐྱེས་དགྲ་ཡིན། (4)བཀའ་བསྡུ་འདིའི་དུས་དང་གནས་ནི། སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་སྟེ་ཕུག་ལུགས་ལྟར་ན་ལྕགས་སྦྲུལ་(སྤྱི་ལོའི་གོང་གི་881)ལོ་གནས་བརྟན་སྡེ་པའི་ལུགས་ལྟར་ན་ས་རྟ་(སྤྱི་ལོའི་གོང་545) ལོར་རྒྱལ་པོ་མ་སྐྱེས་དགྲས་སྲིད་དབང་བཟུང་བའི་ཁྲི་ལོ་དགུ་པ་ལ་བབས་པ་རྒྱལ་པོའི་ཁབ་ཀྱི་ཤར་ལྷོའི་ཕྱོགས་བདེ་ཅན་མའི་བྲག་ཕུག་ཏུ་བཀའ་བསྡུ་དང་པོ་མཛད། (5)བཀའ་བསྡུ་མཛད་པའི་ཐབས་ཤེས་ནི། མཛད་པ་པོ་རྣམས་ཀྱིས་དེ་སྔོན་སངས་རྒྱས་ཞལ་བཞུགས་སྐབས་དངོས་སུ་གསན་པའི་བཀའ་རྣམས་བློ་ཐོག་ནས་གསུངས་རྗེས་དཔང་པོར་བཞུགས་པའི་དགྲ་བཅོམ་པ་ལྔ་བརྒྱས་ཚིག་དང་དོན་ལ་ཆད་ལྷག་དང་གོ་རིམ་འཁྲུགས་པ་ཡོད་མེད་དྲི་བ་མཛད་སྐབས། ཚང་མས་ནོར་འཁྲུལ་བྱུང་མེད་པའི་ཞལ་བཞེས་དང་བསྟོད་བསྔགས་མཛད་པ་བཅས་ཡིན། 2.བཀའ་བསྡུ་བ་གཉིས་པ་ནི། འདིའི་སྐོར་དོན་ཚན་ལྔའི་ཐོག་ནས་བཤད་ན་གོ་བདེ་བ་སྟེ། (1)བཀའ་བསྡུ་འདིའི་འབྱུང་རྐྱེན་ནི། བཀའ་འགྱུར་འདུལ་བའི་སྐོར་《ལུང་ཕྲན་ཚེགས་》ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་(སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་པའི་《རྟོག་གེ་འབར་བ་》དང་སློབ་དཔོན་དབྱིག་བཤེས་ཀྱིས་བརྩམས་པའི་《སྡེ་པ་ཐ་དད་དུ་འབྱེད་པ་》ལས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན་ཡིན་ཞེས་གསལ་)སོང་བ་ན། ཡངས་པ་ཅན་ན་ཡོད་པའི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་སྟེ། [1]ཧུ་ལུ་ལུ་ཡི་རུང་བ། [2]རྗེས་སུ་ཡི་རང་བའི་རུང་བ། [3]ས་རྐོ་བ་དང་རྐོ་རུ་འཇུག་པའི་རུང་བ། [4]ཆང་བླུགས་པའི་སྣོད་ནས་ཆང་ཧུབ་ཀྱིས་མི་འཐུང་བར་གཞིབས་ནས་འཐུང་བས་རུང་བར་བྱེད་པ། [5]ཇི་སྲིད་འཚོའི་བར་དུ་བྱིན་གྱིས་རླབས་པའི་ལན་ཚ་དུས་རུང་གི་སྨན་དང་བསྲེས་པས་རུང་བར་བྱེད་པ། [6]ལམ་ཐག་དཔག་ཚད་གཅིག་དང་དཔག་ཚད་ཕྱེད་དུ་སོང་སྟེ་མཉམ་དུ་འདུས་ཤིང་ཟས་ཟོས་པས་ལམ་གྱིས་རུང་བར་བྱེད་པ། [7]ལྷག་པོར་མ་བྱས་པའི་བཟའ་བ་དང་བཅའ་བ་སོར་མོ་གཉིས་ཀྱིས་རུང་བ་བྱེད་པ། [8]འོ་མ་བྲེ་གང་དང་ཞོ་བྲེ་གང་མཉམ་དུ་དཀྲུགས་ཏེ་དུས་མ་ཡིན་པར་ཟ་ཞིང་བསྲེས་པས་རུང་བར་བྱེད་པ། [9]གདིང་བ་རྙིང་པ་ནས་མཐོ་གང་གི་ཚད་ཀྱིས་གདིང་བ་གསར་པ་ལ་མ་གླན་པར་ལོངས་སྤྱོད་པས་རུང་བ། [10]ལྷུང་བཟེད་ལ་དྲི་ཞིམ་པོས་བྱུགས་ཏེ་མེ་ཏོག་གི་ཕྲེང་བས་བརྒྱན་པ་དགེ་སློང་གི་མགོ་ལ་བཞག་སྟེ་ལམ་པོ་ཆེ་དང་བཞི་མདོར་སོང་ནས་ལྷུང་བཟེད་འདིའི་ནང་དུ་སྦྱིན་པ་བྱིན་པ་དང་། དངོས་པོ་འབུལ་ན་བསོད་ནམས་ཆེན་པོ་ཡོད་ཚུལ་གྱི་བསྔགས་བརྗོད་བྱས་ཚེ་གསེར་དངུལ་སོགས་རིན་པོ་ཆེའི་རིགས་ལ་ལོངས་སྤྱད་ཀྱང་ཉེས་པ་མེད་པའི་རུང་བ་བཅས་སྟེ་རུང་བ་བཅུ་པོ་དེ་དག་བྱས་ན་སངས་རྒྱས་ཀྱིས་ཉེས་པ་ཡོད་པར་གསུངས་པ་རྣམས་ཀྱང་ཉེས་མེད་དུ་འགྱུར་ཐུབ་ཟེར་ནས་རུང་བ་མ་ཡིན་པའི་གཞི་བཅུ་ཟེར་བའི་སྲོལ་གསར་དུ་བཏོད། རྒྱུ་ནོར་དང་བཟའ་བཏུང་མང་པོ་གསོག་འཇོག་བྱས་ཏེ་ཆོས་ཁྲིམས་བག་ཡངས་སུ་སྤྱོད་པའི་གནས་ཚུལ་བྱུང་བ་དེ་ཡིན། (2)བཀའ་བསྡུ་འདིའི་མཛད་པ་པོ་ནི། 《འདུལ་བ་ལུང་ཕྲན་ཚེགས་》དང་བོད་ཀྱི་མཁས་པ་སྔ་ཕྱིས་མཛད་པའི་ལོ་རྒྱུས་ཚང་མར་དགྲ་བཅོམ་པ་གྲགས་པས་མཛད་པར་མགྲིན་གཅིག་ཏུ་གསུངས་ཤིང་། དགྲ་བཅོམ་པ་གྲགས་པ་ཞུ་བ་སུ་ཡིན་སྐོར་《མཁས་པ་ལྡེའུ་ཆོས་འབྱུང་》ལས་ཚེ་དང་ལྡན་པ་གྲགས་པ་ཞེས་བྱ་སྟེ་ཉེར་སྦས་སོ་ཞེས་གསལ་ཞིང་། 《ཀློང་ཆེན་ཆོས་འབྱུང་》ལས་ཀྱང་དེ་ལྟར་གསུངས། 《ལྡེའུ་ཇོ་སྲས་ཆོས་འབྱུང་》ལས་ཚེ་དང་ལྡན་པ་གྲགས་པ་ཞེས་བྱ་སྟེ་གང་པོའོ་ཞེས་གསལ་བ་ལྟར་ན་གྲགས་པ་དང་གང་པོ་མི་གཅིག་ཡིན་པར་གསུངས་པ་བརྟག་དགོས། (3)བཀའ་བསྡུ་འདིའི་སྦྱིན་བདག་ནི། 《ལུང་ཕྲན་ཚེགས་》ལས་གསལ་བར་གསུངས་མེད་ཀྱང་བོད་ཀྱི་མཁས་དབང་འདུལ་འཛིན་ཐམས་ཅད་ཀྱིས་བཀའ་བསྡུ་གཉིས་པའི་སྦྱིན་བདག་རྒྱལ་པོ་དྷརྨ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ཡིན་པར་གསུངས་ཡོད་པ་དང་། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བྱ་གག་གི་ཀུན་དགའ་ར་བར་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཡོན་བདག་བྱས་ནས། ཞེས་གསལ་བཤད་གནང་འདུག་པ་ལྟར་ཁོ་བོས་《དེབ་དམར་མཆན་འགྲེལ་》དུ་ཡང་སྔོན་རབས་མཁས་དབང་རྣམས་ཀྱི་གསུང་རྒྱུན་ལ་ཇི་ལྟར་ཡོད་པ་ལྟར་བཀོད་ཡོད། འོན་ཀྱང་ཉེ་རབས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་གོང་གསལ་གསུང་རྒྱུན་དེ་ལ་དོགས་གནས་མང་པོ་བཀོད་གནང་ཐོག་མཇུག་བསྡོམས་སུ་རྒྱ་གར་དུ་རྒྱལ་པོ་མྱ་ངན་མེད་སྔ་རྗེས་གཉིས་བྱུང་བའི་སྔ་མ་དེ་ལ་ཀཱ་ལ་ཨ་ཤོ་ཀ་སྟེ། མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་ཅེས་འབོད་པ་དེ་དགྲ་བཅོམ་པ་གྲགས་པས་བཏུལ་ནས་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་མཁན་དེ་ཡིན་ཅིང་། མྱ་ངན་མེད་ཕྱི་མ་ནི་དེའི་རྗེས་ཀྱི་རྒྱལ་རབས་ལྔ་པ་བིདྡྷཱ་ས་ར་སྟེ་སྙིང་པོ་ཐིག་ལེའི་བུདྷ་རྨ་ཨ་ཤོ་ཀའམ་ཡོངས་གྲགས་སུ་ཆོས་རྒྱལ་མྱ་ངན་མེད་དུ་འབོད་པ་དེ་བྱུང་བ་སོགས་གསལ་བཤད་ཞིབ་ཕྲ་གནང་འདུག (4)བཀའ་བསྡུ་འདི་མཛད་པའི་གནས་ནི། ཡངས་པ་ཅན་གྱི་ཀུསྨ་སུ་རིའི་གཙུག་ལག་ཁང་ཡིན། (5)བཀའ་བསྡུ་མཛད་པའི་ཐབས་ཤེས་ནི། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་གསར་གཏོད་བྱས་པའི་རུང་བ་མ་ཡིན་པའི་གཞི་བཅུ་རེ་རེར་དགག་པ་ཞིབ་ནན་མཛད་རྗེས། འདུལ་བའི་གཞུང་ནས་གསུངས་པ་ལྟར་བསྐྲད་པའི་ལས་ཀྱི་ཆོ་གའི་སྒོ་ནས་གནས་དབྱུང་མཛད་པ་ཡིན། 3.བཀའ་བསྡུ་བ་གསུམ་པ་ནི། འདི་འདུལ་བ་ལུང་གི་ནང་དུ་གསལ་བར་གསུངས་མེད་ཐོག བྱུང་ཚུལ་ལ་ཡང་རྒྱ་གར་དུ་གསུང་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པའི་སྐོར་ 《བུ་སྟོན་ཆོས་འབྱུང་》དང་། 《རྒྱ་གར་ཆོས་འབྱུང་》ནང་གསལ་བ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་《རྟོག་གེ་འབར་བ་》དང་། སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པའི་《གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་》སློབ་དཔོན་དུལ་བ་ལྷས་མཛད་པའི་《སྡེ་པ་ཐ་དད་པར་བསྟན་པ་བསྡུས་པ་》བཅས་གུང་བསྒྲིགས་ནས་དོན་ཚན་ལྔར་བསྡུས་ཏེ་བཀོད་ན་གོ་བདེ་བ་སྟེ། (1)བཀའ་བསྡུ་འདིའི་འབྱུང་རྐྱེན་ནི། སངས་རྒྱས་བཅོམ་ལྡན་འདས་དགོངས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་རྒྱལ་པོ་མྱ་ངན་མེད་སྔོན་མ་ཀ་ལ་ཡ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་བྱུང་ཞིང་། དེ་ནས་ལོ་དྲུག་སོང་བའི་སྐབས་སུ། ཡུལ་མ་རུ་ཊའི་ཕྱོགས་སུ་ཚོང་དཔོན་ཞིག་གི་བུ་ལྷ་ཆེན་པོ་ཞེས་འབོད་པ་ཞིག་བྱུང་བ་དེས་ཕ་བསད་པ། མ་བསད་པ། དགྲ་བཅོམ་པ་དགེ་སློང་བཅས་གསུམ་བསད་མྱོང་བ་དེས་རང་གི་སྡིག་ཉེས་ལ་སྐྲག་ནས་རང་ཡུལ་དུ་མ་བསྡད་པར་ཁ་ཆེའི་ཡུལ་དུ་བྲོས་ཏེ། རང་གི་ཉེས་པ་གསང་ནས་དགེ་སློང་བྱས། རིག་པ་རྣོ་བས་ནང་པ་སངས་རྒྱས་ཀྱི་གཞུང་ལུགས་ལ་མཁས་པར་གྱུར། རང་གི་སྡིག་ཉེས་སྦྱང་བའི་ཆེད་དུ་དགོན་པར་སོང་སྟེ་ཏིང་ངེ་འཛིན་བསྒོམ་པ་ལས་ནམ་ཞིག་བདུད་ཀྱིས་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་མི་མཐུན་པའི་ལྟ་བ་གསར་པ་མང་པོ་དར་སྤེལ་བྱས། དེ་ཤི་རྗེས་སུ་ཡང་དགེ་སློང་བཟང་པོ་ཟེར་བ་ཞིག་གིས་ཀྱང་དེ་དང་མཐུན་པའི་ལྟ་བ་གསར་པ་དར་སྤེལ་བྱས་པ་མ་ཟད། གསོ་སྦྱོང་གི་《སོ་སོར་ཐར་པའི་མདོ་》འདོན་སྐབས། རྒྱུན་ལྡན་གྱི་མདོ་ཚིག་དང་མི་མཐུན་པའི་ཚིག་སྣ་རིང་ཐུང་སྣ་ཚོགས་དང་ཡུལ་སྐད་མི་འདྲ་བའི་ཐོག་ནས་བཏོན་པས་དོན་ལ་གོ་བ་ལེན་སྟངས་མི་མཐུན་པ་མང་པོ་བྱུང་ནས་ཐོག་མར་དགེ་སློང་གནས་བརྟན་བགྲེས་པའི་ཕྱོགས་གཅིག་དང་། གཞོན་པ་མང་ཆེ་བའི་ཕྱོགས་གཉིས་སུ་གྱེས། དེ་གཉིས་ཀྱང་ནང་གསེས་ཕྱོགས་ཁག་མི་འདྲ་བ་མང་པོར་གྱེས་ནས་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་ཏེ་རྒྱལ་པོ་མྱ་ངན་བྲལ་གྱི་རིང་དང་། དཔའ་བོའི་སྡེའི་ཚེ་སྨད། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོའི་མི་ཚེ་ཧྲིལ་པོ། རྒྱལ་པོ་ཀ་ཎི་ཀའི་ཚེ་སྟོད་བཅས་ལོ་དྲུག་ཅུ་རེ་གསུམ་གྱི་བར་རྩོད་པ་དྲག་པོ་བྱུང་ཞིང་། སྔ་རྗེས་སུ་རྩོད་གླེང་ཆེ་ཆུང་སྣ་ཚོགས་བྱུང་བ་བསྡོམས་ན་ལོ་བརྒྱ་མ་ཟིན་ཙམ་བྱུང་བ་དེ་ཡིན། (2) ─ (3)བཀའ་བསྡུ་མཛད་པའི་དུས་དང་གནས་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བ་ན། ཁ་ཆེའི་ཡུལ་གྱི་ཛནྡྷ་རའི་དགོན་པར་མཛད་པ་ཡིན། (4)བཀའ་བསྡུ་མཛད་པའི་སྐབས་ཀྱི་སྦྱིན་བདག་ནི། ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཀརྣི་ཀ་ཡིན། (5)བཀའ་བསྡུ་མཛད་པའི་ཐབས་ཤེས་ནི། 《རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ》ཁུངས་སུ་མཛད་དེ། སྡེ་པ་བཅོ་བརྒྱད་ཀྱི་བཞེད་པ་མི་འདྲ་བ་ཡོད་པ་རྣམས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ནང་པའི་བསྟན་པ་གཅིག་གི་ཁོངས་མཚུངས་པ་དང་། ཐམས་ཅད་ལ་རྣམ་པར་གྲོལ་བའི་ལམ་ཡོད་པར་ཁྱད་མེད་ཡིན་ཚུལ་དགེ་འདུན་ཐམས་ཅད་མགྲིན་གཅིག་ཏུ་ཞལ་བཞེས་དགོངས་པ་གཅིག་མཐུན་མཛད་པ་དེ་ཡིན།

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་170.24 ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number