1232

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:40, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཉེས་པ་འཁྲུགས་པའི་རྟགས་གསུམ།
Tibetan Alternate
Tibetan Definition 1.རླུང་འཁྲུགས་པའི་རྟགས་བསྟན་པ་ནི། འཁྲུགས་རྟགས་རླུང་གི་རྩ་ནི་སྟོང་ལ་རྐྱལ། ། ཆུ་ནི་ཆུ་འདྲ་དྭངས་ལ་ལོག་རྗེས་སླ། ། འགྲོ་འདོད་ཤུས་འདེབས་ཤེས་པ་ཡང་ལ་འཕྱོ། ། མགོ་བོ་ཟི་འཁོར་རྣ་བ་འུར་ལ་འཁྲོག ། ལྕེ་སྐམ་དམར་རྩུབ་ཁ་རོ་བསྐ་བ་བྲོ། ། གཟེར་འཕོ་གྲང་འདར་འགུལ་ཁྱབ་ཟུག་དང་སྙོམ། ། རེངས་འཁུམས་བྱེ་ཆག་འབྱིན་དང་དཀྲིས་སྙམ་བྱེད། ། འགུལ་ན་ཟུག་ཆེ་སྤུ་བརྩེ་ཕྲུམ་སེར་ཁྱེར། ། གཉིད་མེད་གཡལ་འདིར་རྐྱོང་འདོད་ཚིག་པ་ཟ། ། དཔྱི་རྐེད་རུས་ཚིགས་མ་ལུས་བརྡུངས་སྙམ་བྱེད། །ལྟག་པ་བྲང་དང་མུར་འགྲམ་ཟུག་ཅིང་གཟེར། ། རླུང་གསང་རྣམས་ནི་ཁ་བྱེ་མནན་ན་ན། ། སྟོང་སྐྱུགས་བྱེད་ཅིང་ཐོ་རངས་ཝུ་གསོབ་ལུ། ། སྦོ་འཁྲོག་དགོང་དང་ཐོ་རངས་ཞུ་རྗེས་ན། ། ཞེས་པ་སྟེ། གོང་དུ་འཕེལ་ཟད་ཀྱི་རྟགས་བསྟན་ཟིན་ནས། ད་ནི་འཁྲུགས་པའི་རྟགས་བསྟན་པ་ལ། ཐོག་མར་རླུང་འཁྲུགས་པའི་རྟགས་ལ་རླུང་གི་རྩ་ནི་གྲོགས་ཁྲག་གི་ཆ་བྲི་བས་མནན་མི་བཟོད་པར་སྟོང་ལ། ཡང་གཡོའི་ཆ་དེས་སྟེང་དུ་རྐྱལ་བའི་ཉམས་བྱེད་པ་དང་། ཆུ་ནི་ལུ་མའི་ཆུ་དང་འདྲ་བར་སྔོ་ལ་དྭངས་ཤིང་ཕལ་ཆེར་མི་ལྡོག་ལ། གལ་ཏེ་ལོག་ཀྱང་དེའི་རྗེས་སླ་བ་སྟེ། དེ་ནི་མེ་མཉམ་གྱིས་དྭངས་ཤིང་ཕལ་ཆེར་མི་ལྡོག་ལ། གལ་ཏེ་ལོག་ཀྱང་དེའི་རྗེས་སླ་བ་སྟེ། དེ་ནི་མེ་མཉམ་གྱིས་དྭངས་སྙིགས་ལེགས་པར་ཕྱེས་ནས་རླུང་གི་གྲང་བ་དང་སྲ་བ་ལུས་ཐམས་ཅད་དུ་ཁྱབ་པས་བད་ཀན་སྐོངས་ཤིང་ཁྲག་མཁྲིས་ཀྱི་མཚན་ཉིད་བཅོམ་པའི་རྒྱུ་མཚན་གྱིས་སོ། ། རླུང་ཡང་གཡོའི་མཚན་ཉིད་དང་མཚུངས་པར་གནས་གཅིག་ཏུ་སྡོད་མི་འདོད་པར་འགྲོ་སྙིང་འདོད་པ་དང་། རླུང་ལ་ཡང་གཡོ་རྩུབ་སོགས་ཀྱི་མཚན་ཉིད་དང་ལྡན་པས་སེམས་ཀྱང་མི་བདེ་བས་ཐང་ཆད་པའི་སྐབས་ལྟར་ཤུས་འདེབས་པ་དང་། ཤེས་པ་ཡང་ལ་སེམས་འཕྱོ་བ་དང་། རླུང་ཀླད་པ་དང་རྣ་བའི་བུ་གར་ཞུགས་པའི་སྟོབས་ཀྱིས་མགོ་བོ་ཟི་འཐོམ་དང་འཁོར་བའི་རྣམ་པས་འགྱེལ་བུབ་ལ་སོགས་པ་བྱེད་པ་དང་། རྣ་བས་འུར་འུར་ཤང་ཤང་དང་། ཁྲོག་ཁྲོག་འཁྲོག་པ་ལ་སོགས་ཀྱི་སྒྲ་མེད་བཞིན་དུ་ཐོས་པ་དང་། རླུང་གིས་ཁྲག་དྲག་ཏུ་བུས་པའི་དབང་གིས་ལྕེ་སྐམ་ཞིང་དམར་ལ་རྩུབ་པ་དང་། ཅི་ཡང་མ་ཟོས་ཀྱང་ཁ་ལ་རོ་བསྐ་བ་བྲོ་བ་དང་། གཟེར་བ་ངེས་མེད་དུ་འཕོ་ཞིང་ལུས་སྲུང་ལ་བརྩེ་འདར་བྱེད་པ་དང་། ཤ་སྣ་འགུལ་འཕྲུག་བྱེད་ཅིང་ན་ཟུག་ལུས་ཀུན་ལ་ཁྱབ་པ་དང་། འདིར་འགྲེལ་པ་ཁ་ཅིག་ཏུ་མགུལ་རྒྱབ་དང་། འགུལ་རྒྱབ་ཅེས་པའི་རྩ་བ་ཡོད་ཀྱང་། སྙིང་པོ་བསྡུས་པ་རྩ་འགྲེལ་དང་། སྔ་འགྲེལ་ཕལ་མོ་ཆེ་དང་མི་མཐུན་པས་ཡིག་ནོར་ཡིན་པར་སེམས་སོ། ། ཟུག་པ་སྟེ་ཡན་ལག་བརྡུངས་པ་ལྟར་ན་བ་དང་། སྙོམ་པ་སྟེ་སྐྱིད་ལུག་པ་དང་། ལུས་དང་ཡན་ལག་ཤིང་ལྟར་རེངས་པའམ་ཡང་ན་གྱོང་ལྟར་འཁུམས་པ་དང་། ཤ་དང་པགས་པའི་བར་བྱེ་སྙམ་པ་དང་། རུས་པ་རྣམས་ཆག་གོ་སྙམ་པར་བྱེད་པ་དང་། མིག་སོགས་ཕྱི་རུ་འབྱིན་སྙམ་བྱེད་པ་དང་། ལུས་ཡོངས་སུ་ཐག་པ་ལྟ་བུས་དཀྲིས་སྙམ་བྱེད་པ་དང་། འགུལ་བསྐྱོད་བྱས་ཚེ་གཟེར་ཟུག་ལྷག་པར་ཆེ་བ་དང་། བ་སྤུ་བརྩེ་ཞིང་ཕྲུམ་སེར་ཁྱེར་བ་སྟེ་གྲང་ཤུམ་བྱེད་པ་དང་། མཚན་མོ་ཡང་གཉིད་མེད་ཅིང་གཡལ་མང་ལ་ལུས་འདར་བར་བྱེད་པ་དང་། རྐང་ལག་ཤུགས་ཀྱིས་རྐྱོང་བར་འདོད་པ་དང་། དོན་མེད་དུ་ཚིག་པ་ཟ་བ་དང་། དཔྱི་དང་རྐེད་པ་དང་རུས་ཚིགས་མ་ལུས་པ་རྡོ་དབྱུག་སོགས་ཀྱིས་བརྡུངས་པ་དང་འདྲ་བ་སྙམ་དུ་བྱེད་དེ་ན་བ་དང་། ལྷག་པར་དུ་ལྟག་པ་དང་བྲང་དང་མུར་འགྲམ་རྣམས་སུ་ཟུག་ཅིང་གཟེར་བ་དང་། ཨན་སྟོང་ཚིགས་པ་དང་པོ་ལ་སོགས་པའི་རླུང་གསང་རྣམས་ནི་ཁ་བྱེ་ཞིང་མནན་ན་ལྷག་པར་ན་བ་དང་། སྟོང་སྐྱུགས་བྱེད་ཅིང་ལྷག་པར་ཐོ་རངས་ཀྱི་དུས་སུ་ཝུ་གསོབ་ལུ་བ་དང་། ཁོང་པ་སྦོ་ཞིང་འཁྲོག་པ་དང་། ལྷག་པར་དུ་དགོང་མོ་དང་། ཐོ་རངས་དང་། ཁ་ཟས་ཞུ་བའི་རྗེས་སུ་ནད་ལྡང་ནས་ན་བ་བཅས་ནི་རླུང་འཁྲུགས་པའི་རྟགས་སོ། །

2.མཁྲིས་པ་འཁྲུགས་པའི་རྟགས་བསྟན་པ་ནི། མཁྲིས་པ་འཁྲུགས་རྟགས་རྩ་རྒྱས་ཕྲ་གྲིམས་མགྱོགས། ། ཆུ་མདོག་དམར་སེར་དྲི་དུགས་རླུངས་པ་ཆེ། ། མགོ་ན་ཤ་ཚ་ཁ་རོ་སྐྱུར་ལ་ཁ། ། ལྕེ་སྟེང་བད་ཀན་ཆེ་ལ་སྣ་སྒོ་སྐམ། ། མིག་སྤྲིན་དམར་སེར་གཟེར་བ་གཅིག་ཏུ་འདྲིལ། ། ནུབ་གཉིད་ཆུང་ལ་ཉིན་པར་གཉིད་མི་ཐུབ། ། ལུད་པ་དམར་སེར་ཚ་བྲོ་སྐོམ་དད་ཆེ། ། ཁྲག་མཁྲིས་འཁྲུ་སྐྱུག་རྔུལ་ཆེ་དྲི་མ་མནམ། ། ཁ་དོག་དམར་སེར་སྨིན་ཅིང་འདུལ་བར་བྱེད། ། ཉིན་དགུང་མཚན་དགུང་ཞུ་བའི་དུས་ན་ན། ། ཞེས་པ་སྟེ། མཁྲིས་པ་འཁྲུགས་པའི་རྟགས་ལ་རྩ་སྟོང་པ་མ་ཡིན་པར་མནན་མི་བཟོད་པར་རྒྱས་ཤིང་རྟ་རྔ་བསྒྲིལ་བ་ལྟར་ཕྲ་ལ་གྲིམས་པ་དང་། གྲངས་མགྱོགས་པར་འཕར་བ་དང་། ཆུ་མདོག་དམར་པོའམ་སེར་པོར་སྣང་བ་དང་། མཁྲིས་པའི་མཚན་ཉིད་དྲི་མནམ་པ་དང་རྗེས་སུ་མཐུན་པར་དྲི་དུགས་ཤིང་ངན་པ་དང་། མཚན་ཉིད་ཚ་བ་དང་མཚུངས་པར་རླངས་པ་སྔར་བས་ཆེ་བ་དང་། མཁྲིས་ཚད་སྨད་ན་གནས་ཀྱང་སྟོད་དུ་འབར་བས་མགོ་བོ་ན་ཞིང་། མཚན་ཉིད་ཚ་བས་ཤ་ཡི་དྲོད་ཚ་བ་དང་། ཁ་ལ་རོ་ཁ་བ་བྲོ་བ་དང་ལྕེའི་སྟེང་དུ་བད་ཀན་གྱི་རྣམ་པ་སྐྱ་སེར་འབྱར་བག་ཅན་ཆེ་ལ་སྣའི་སྒོ་སྐམས་པ་དང་། རྟེན་ཁྲག་དང་བརྟེན་པ་མཁྲིས་པའི་ཁ་དོག་དང་མཚུངས་པར་མིག་སྤྲིན་དམར་སེར་དུ་འབྱུང་བ་དང་། གཟེར་བའི་གནས་གཅིག་ཏུ་འདྲིལ་བ་དང་། ནུབ་གཉིད་ཆུང་ལ་ཉིན་པར་གཉིད་བཀག་ཀྱང་མི་ཐུབ་པར་ཁུག་པ་དང་། ལུད་པ་ཁྲག་དང་འདྲེས་པའི་དམར་པོའམ་ཁ་དོག་སེར་པོ་འབྱུང་ཞིང་ཁ་ལ་ཚ་བྲོ་བ་དང་། ཚ་བས་བརླན་ཞིང་གཤེར་བ་རྣམས་སྐེམ་པས་སྐོམ་དད་ཤིན་ཏུ་ཆེ་བ་དང་། ཁྲག་གམ་མཁྲིས་པའི་རང་བཞིན་ཅན་ཐུར་དུ་འཁྲུ་བའམ་ཡང་ན་གྱེན་དུ་སྐྱུགས་པ་དང་། ལུས་ལ་རྔུལ་ཆེ་ཞིང་དྲི་མི་ཞིམ་པ་མནམས་པ་དང་། ལུས་ཀྱི་ཁ་དོག་དམར་སེར་གྱི་རྣམ་པ་སྣང་ཞིང་ལུས་ཀྱི་ཆ་ཤས་རྣམས་སྨིན་ཅིང་འདུལ་བར་བྱེད་པ་དང་། ཉིན་གུང་དང་མཚན་གུང་དང་ཟས་ཞུ་བའི་དུས་ན་ལྷག་པར་དུ་ན་བར་བྱེད་པ་ཡིན་ནོ། ། 3.བད་ཀན་འཁྲུགས་པའི་རྟགས་བསྟན་པ་ནི། བད་ཀན་འཁྲུགས་རྟགས་རྩ་ནི་བྱིང་རྒུད་དལ། ། ཆུ་ནི་མདོག་དཀར་དྲི་དང་རླངས་པ་ཆུང་། ། ཁ་མངལ་ལྕེ་རྙིལ་སྐྱ་ལ་མིག་དཀར་སྐྲང་། ། སྣབས་ལུད་མང་ཞིང་མགོ་འཐོམ་ལུས་སེམས་ལྕི། ། དང་ག་མི་བདེ་དྲོད་མེད་འཇུ་སྟོབས་ཆུང་། ། མཁལ་རྐེད་ན་ཞིང་ལུས་སྦོ་ལྦ་བ་སྐྱེ། ། ཁ་ཟས་བད་ཀན་སྐྱུག་ཅིང་འཁྲུ་བ་དང་། ། དྲན་པ་མི་གསལ་གཉིད་ཆེ་སྐྱིད་པ་སྐྱུར། ། གཡའ་མཁྲུང་ཚིགས་དམ་ཤ་རྒྱས་ལས་མཐའ་རིང་། ། ནམ་ཞོད་སྲོད་དང་སྔ་དྲོ་ཟོས་ཐོག་ལྡང་། ། ཞེས་པ་སྟེ། བད་ཀན་འཁྲུགས་པའི་རྟགས་ལ་རྩ་ནི་གཏིང་དུ་བྱིང་ཞིང་འཕར་ཚུལ་ཡང་རྒུད་ལ་དལ་བ་དང་། བད་ཀན་རང་མདོག་དབང་གིས་དྲི་ཆུ་ནི་མདོག་དཀར་བ་དང་། བསིལ་བས་དྲི་དང་རླངས་པ་ཆུང་བ་དང་། ཁ་མངལ་བ་སྟེ་ཁ་ལ་རོ་མི་གསལ་བ་དང་། ཁྲག་ཟད་པའི་དབང་གིས་ལྕེ་དང་རྙིལ་སྐྱ་ལ་མིག་སྤྲིན་སྔར་བས་དཀར་བ་དང་། ཆུ་ཁམས་འཕེལ་བས་བྱད་བཞིན་སྐྲང་ཞིང་སྦོས་པ་དང་། སྣབས་དང་ལུད་པ་སོགས་ལྗན་ལྗིན་རིགས་ཤིན་ཏུ་མང་ཞིང་མགོ་བོ་འཐོམ་པ་དང་། ལྕི་བརྟན་དབང་གིས་ལུས་སེམས་གཉིས་ཀ་ལྕི་བ་དང་། མེ་དྲོད་ཀྱི་སྟོབས་བྲི་བས་དང་ག་མི་བདེ་ཞིང་ལུས་ཀྱི་ཕྱི་ནང་ཀུན་གྱི་དྲོད་ཆུང་ལ་ཟས་སྐོམ་འཇུ་སྟོབས་ཀྱང་ཆུང་བ་དང་། ཆུ་ཁམས་ཀྱི་རྟེན་མཁལ་རྐེད་ལ་བད་ཀན་འཕེལ་བས་དེ་རུ་ན་ཞིང་ལུས་ཀུན་སྦོ་ལ་ལྦ་བ་ལྷག་པར་དུ་སྐྱེ་བ་དང་། མེ་དྲོད་ཉམས་པས་ཁ་ཟས་གང་ཟོས་ཀྱང་དེ་ཉིད་རང་མདོག་མ་ཉམས་པར་སྐྱུག་པའམ་འཁྲུ་བ་དང་། ཡང་ན་བད་ཀན་གྱི་བེ་སྣབས་ལྗན་ལྗིན་ལ་སོགས་པ་གྱེན་དུ་སྐྱུག་ཅིང་འགའ་ཞིག་ཐུར་དུ་འཁྲུ་བ་དང་། སྙིང་གི་རྩ་སྦུབས་སུ་བད་ཀན་གྱི་རྒྱུ་རྨོངས་པ་འཕེལ་བས་དྲན་པ་མི་གསལ་བ་དང་། གཉིད་ཆེ་བ་དང་། མཚན་ཉིད་ལྕི་བས་སྒྱིད་པ་ཤིན་ཏུ་སྐྱུར་བ་དང་། པགས་པ་རྣམས་གཡའ་བ་དང་། ས་ཡི་རང་བཞིན་སྲ་བ་དང་མཚུངས་ལྡན་དུ་ཡན་ལག་དང་ཉིང་ལག་རྣམས་སྲ་ཞིང་མཁྲང་བ་དང་། འབྱར་བག་གིས་ཚིགས་མཚམས་དམ་ཞིང་བརྐྱང་བསྐུམ་དཀའ་བ་དང་། རྟེན་ཤ་ཡིན་པས་དེ་རྒྱས་པ་དང་། ལས་མཐའ་རིང་བ་སྟེ་ལྕི་རྟུལ་འཇམ་བརྟན་དབང་གིས་ནད་ཀྱི་གསོག་ལྡང་དང་། བཅོས་ནས་ཞི་བའི་བར་ཡུན་རིང་དུ་འགོར་བ་དང་། རླན་གཤེར་ཆེ་བའི་ནམ་ཟླ་ཆར་ཞོད་ཆེ་བའི་དུས་དང་། སྲོད་དང་སྔ་དྲོ་དང་ཟས་ཟོས་མ་ཐག་ཏུ་བད་ཀན་ལྡང་སྟེ་འཁྲུགས་པར་བྱེད་དོ། ། མཉམ་པའི་མི་མཐུན་པ་རྣམས་ཕན་ཚུན་འཐབ་པ་ལ་འཁྲུགས་པའི་ཐ་སྙད་བཞག་ལ། འདིར་ཉེས་པ་གསུམ་པོ་རྣམ་པར་གྱུར་ནས་ནད་འཁྲུགས་པ་ལས་གང་སྟོབས་ཆེ་བ་དེའི་རྟགས་གཙོ་བོར་སྨོས་པའོ། ། ཞེས་གསུངས་པ་ལྟར་རོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་ 261.14 ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number