1496

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:41, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རྡོ་རྗེའི་གླུ་གར་བྱ་བའི་རིམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་སྐབས་ཉེར་གསུམ་པ་སྤྱོད་པའི་རིམ་པ་ལས་བྱུང་བ་སྟེ།

1. གླུ་་གར་གྱི་དུས་ནི། ཤན་ཚོགས་དབང་སྒྲུབ་སྤེལ་ཀླུ་ཡི་དུས། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པའི་དུས་དང་། ཚོགས་དང་། དབང་བསྐུར་དང་། དཀྱིལ་འཁོར་བསྒྲུབ་པའི་དུས་དང་། ཏིང་ངེ་འཛིན་གོང་དུ་སྤེལ་བའི་དུས་ཏེ་རྣམ་ལྔ་དག་པའི་ཚེ་ཐ་མལ་པས་མ་མཐོང་བར་གསང་སྟེ་བྱ་བ་ནི། ཉི་ཟླ་ཁ་སྦྱོར་ལས། རྣལ་འབྱོར་གོང་ཞིག་སྐལ་ལྡན་པ། ། དུར་ཁྲོད་རྣམས་སུ་རྒྱུ་བའི་ཚེ། ། རྡོ་རྗེ་གླུ་ནི་ཡང་ཡང་བླང་། ། མི་རྟོག་བསམ་གཏན་གནས་པའི་གྲོགས། ། སྤྱོད་པ་ཀུན་གྱི་སྔོན་དུ་འགྲོ། ། དེ་ཕྱིར་རྡོ་ རྗེ་ཀླུ་ཉིད་བླང་། ། ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག ། དེ་དུས་གླུ་ལོ་བརྩོན་པར་བྱ། ། མི་རྟོག་རྒྱུད་ལ་བསྟེན་དུས་སུ། ། འདི་ཉིད་སྐབས་སུ་བླང་བར་བྱ། ། ཞེས་སོ། ། ཁྱད་པར་དུ་སེམས་རྣལ་དུ་འབེབས་པ་དང་བྱིང་བ་གསེང་བའི་མཆོག་ཏུ་བཤད་དེ། དེ་ལས། གང་ཞིག་བསམ་གཏན་མ་ཕེབས་པ། ། འདིས་ནི་རྣལ་དུ་ཕེབས་པ་ཡིན། ། གལ་ཏེ་རྣལ་འབྱོར་བྱིང་བའི་དུས། ། འདིས་ནི་གསེངས་ན་ཏིང་འཛིན་བཟང་། ། རང་རིག་བདེ་ཆེན་རྒྱ་ཡིས་འདེབས། ། ཕྱག་རྒྱ་ཆེན་པོ་ཉིད་དང་སྦྱོར། ། ཞེས་སོ། ། 2.གླུ་གར་གྱི་དངོས་ཀྱི་ཆོ་ག་ནི། ལུས་ཆས་ངག་གླུ་ཡིད་ནི་ལྷ་རུ་གསལ། ། ལུས་ཀྱི་ཆོ་ག་སེམས་ཀྱི་བསྒོམ་པ། ངག་གི་བྱ་བ་དང་གསུམ་ལས། ལུས་ཀྱི་ཆོ་ག་ལ་ཆས་དང་བྲོ་གར་གཉིས་ཏེ། དེ་ཡང་ཚོགས་དང་དཀྱིལ་འཁོར་ལ་འཇུག་པ་དང་། ཏིང་ངེ་འཛིན་སྤེལ་དུས། ཞི་ཁྲོ་གང་རུང་གི་ཆས་ལས། ཞི་བ་ནི་དར་དང་རིན་པོ་ཆེའི་རྒྱན་ཆས་སྤྲས་ཏེ་གོས་ཀྱི་ལྷབ་ལྷུབ་དང་། ཞི་བའི་དབུ་རྒྱན་དང་། རྡོ་རྗེ་དྲིལ་བུ་འཛིན་པའོ། ། ཁྲོ་བོའི་ཆས་ནི། རུས་པའི་རྒྱན་དྲུག་ཐལ་ཆེན་གྱིས་བྱུག་པ། ཞག་གི་ཟོ་རིས། བྷནྡྷ་དང་། ཕུར་པ་འཛིན་པའོ། ། བྲོ་གར་ནི་ལྷའི་ཕྱག་རྒྱ་འཆར་བའོ། ། ངག་ནི་སྔགས་དང་སྙིང་པོ་བརྗོད་པའོ། ། སེམས་ནི་ལྷའི་སྐུ་བསྒོམ་པའོ། ། ཁྱད་པར་དུ་འཁོར་འདས་རུ་ཤན་འབྱེད་པའི་ཚེ་ལུས་གཅེར་བུ་ཐ་མལ་དུ་གནས་པས། ཕྱག་རྒྱ་སྣ་ཚོགས་དང་བྲོ་གར་སྣ་ཚོགས་བྱེད་ལ། ངག་དང་སེམས་ཀྱང་དེ་བཞིན་ནོ། ། ནགས་དང་མཚོ་གླིང་ལ་སོགས་པར་ཉམས་གོང་དུ་སྤེལ་བའི་ཚེ། ལུས་རྣལ་འབྱོར་བའི་ཆས་ལ། ཊ་མ་རུ་དང་། དྲིལ་བུ་དང་། གླིང་བུ་ལ་སོགས་པ་འབུད་ཅིང་མེ་ཏོག་གི་མགོ་རྒྱན་ལ་སོགས་པས་སྤྲས་ལ། སེམས་ལྷའི་སྐུ་བསྒོམ་པ་དང་། རིག་པའི་ངོ་སྤྲོད་ཐོག་ཏུ་སྦྱར་བ་དང་། རང་གནས་ཀྱི་བསམ་གཏན་ལ་གནས་པ་གསུམ་སྤེལ་ཞིང་། རྐང་པའི་བྲོ་དང་གཡས་བརྐྱང་གཡོན་བསྐུམ་ལས་གཡོན་བརྐྱང་གཡས་བསྐུམ་ལ་སོགས་པར་བསྒྱུར་བ་དང་། ངག་གི་བྱ་བ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རིང་པོ་དང་ཐུང་ངུ་དང་། འཁྱོག་པོར་གདངས་སྙན་པོས་བརྗོད་ཅིང་། ཨོ་དང་ཨེ་དང་ཧཱུྃ་དང་རྩེ་ཤག་ལ་སོགས་པས་སྣ་དྲངས་ཏེ། མཆོག་གསང་བླ་ན་མེད་པ་རྡོ་རྗེའི་ཚིག་བླང་བ་ནི། ཨེ་མ་ཀི་རི་ཀཱི་རཱི། ཞེས་ཉི་ཟླ་ཁ་སྦྱོར་ལས་བཤད་པ་ལྟར་ཆོས་ཉིད་ཀྱི་ཀླུ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་བླང་སྟེ། མ་སྐྱེས་པས་ན་མ་འགག་ཅིང་། ། འགྲོ་དང་འོང་མེད་ཀུན་ཏུ་ཁྱབ། ། བདེ་ཆེན་ཆོས་མཆོག་མི་གཡོ་བ། ། མཁའ་མཉམ་རྣམ་གྲོལ་གོས་པ་མེད། ། རྩ་བ་མེད་ཅིང་རྟེན་མེད་ལ། ། གནས་མེད་ལེན་མེད་ཆོས་ཆེན་པོ། ། ཡེ་གྲོལ་ལྷུན་མཉམ་ཡངས་པ་ཆེ། ། བཅིངས་མེད་རྣམ་པར་བཀྲོལ་མེད་པ། ། ཁྱབ་གདལ་ཁང་བཟང་ཡེ་ཡོད་ཉིད། ། ཁྱབ་མཉམ་ས་ལས་རྣམ་འདས་པ། ། ཡངས་སོ་ཆེའོ་ནམ་མཁའི་དབྱིངས། ། ཆོས་ཆེན་འབར་བ་ཉི་ཟླའི་དཀྱིལ། ། ལྷུན་གྱིས་གྲུབ་དང་མངོན་སུམ་པ། །རྡོ་རྗེ་རི་བོ་པདྨ་ཆེ། ། ཉི་མ་སེང་གེ་ཡེ་ཤེས་གླུ། ། སྒྲ་ཆེན་རོལ་མོ་མཚུངས་པ་མེད། ། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། ། སངས་རྒྱས་སངས་རྒྱས་ཀུན་མཉམ་ཞིང་། ། ཀུན་བཟང་ཡངས་པ་ཆོས་ཀྱི་རྩེ། ། མཁའ་དབྱིངས་བཟང་མོའི་དབྱིངས་རུམ་དུ། ། ཀློང་གསལ་ལྷུན་གྲུབ་ཡེ་རྫོགས་ཆེ། ། ཞེས་པའི་དོན་དེ། སེམས་ཉིད་ཁྱབ་གདལ་ཡངས་པའི་ངང་ནས་བླང་ངོ་། ། 3.གླུ་གར་གྱི་ཕན་ཡོན་ནི། ངན་སོང་སྒོ་འགོག་སངས་རྒྱས་མཛད་སྤྱོད་རྫོགས། ། ཉི་ཟླ་ཁ་སྦྱོར་ལས། དེ་ཡང་རྣལ་འབྱོར་ཐབས་ཀྱི་གཙོ། ། གྲགས་པ་མེད་པ་རྡོ་རྗེའི་གླུས། ། སངས་རྒྱས་ཀུན་གྱི་ཡིད་ཀྱང་ཚིམ། ། རྣལ་འབྱོར་པ་ཡི་ཉམས་གྱི་གྲོགས། ། མཁའ་འགྲོ་མ་ཡི་ཡིད་རྣམས་འཕྲོག ། རིགས་དྲུག་འཁོར་བའི་ཞེན་པ་བཟློག ། སྐལ་དང་ལྡན་པའི་ངང་འདིའི་གནས། ། སེམས་ཀྱི་རྒྱུད་ཀུན་རང་དལ་བཅོས། ། རང་རིག་བདེ་བའི་གསལ་རྣམས་འདེབས། ། ཤེས་པ་གཅིག་པའི་དཔུང་རྣམས་བྱེད། ། ཡིད་ཅན་རྣམས་ཀྱི་སྐྱོན་རྣམས་སེལ། ། ལུས་ཅན་ཀུན་གྱི་སྒྲིབ་པ་སྦྱོང་། ། དབང་དང་དམ་ཚིག་བདེ་བ་སྟེར། ། མ་རིག་པ་དག་བཅར་ལ་གནོན། ། ཐེག་པ་རྣམས་ཀྱི་ངལ་སོའི་ས། ། ལྟ་དང་སྒོམ་པའི་འབྲེལ་བའི་མཚམས། ། སྙིང་པོ་རྣམས་ཀྱི་གདུལ་བའི་ཞིང་། ། མི་བསྐྱོད་སྣང་བ་རང་སྐྱེད་གནས། ། རྡོ་རྗེ་སེམས་དཔའི་སྐུ་ཡང་འཛིན། ། ཞེས་པ་དང་། རྡོ་རྗེ་གསང་བའི་གླུ་ཡིས་ནི། ། དགོས་པས་ངན་སོང་སྒོ་དགག་ཕྱིར། ། སངས་རྒྱས་ཉིད་ཀྱི་མཛད་སྤྱོད་ཡིན། ། ཞེས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཛི་པ་》ཤ་341.18ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number