1905

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:42, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བཙའ་བའི་ཐབས་བཤད་པ་གསུམ།
Tibetan Alternate
Tibetan Definition 1.བཙའ་བའི་དུས་བཤད་པ་ནི། དེ་ལྟར་མངལ་དུ་འཕེལ་ཞིང་སྨིན་པའི་ཚེ། ། ཟླ་དགུ་འདས་ནས་བཙའ་བའི་དུས་ཡིན་ཏེ། ། ཞེས་པ་སྟེ། དེ་ལྟར་ཇི་སྐད་བཤད་པའི་བྱིས་པ་དེ་ཉིད་མའི་མངལ་དུ་རིམ་གྱིས་རྣམ་པར་འཕེལ་ཞིང་སྨིན་པར་འགྱུར་བ་དེའི་ཚེ་སྤྱིར་ཟླ་བ་དགུ་འདས་ཤིང་ངོ་བཅུ་ལ་ཟིན་པ་ན་བཙའ་བའི་དུས་སུ་བབས་པ་ཡིན་ཏེ། འདི་ལ་ཞག་བདུན་ཕྲག་སུམ་ཅུ་སོ་བརྒྱད་ལ་ཞག་ཉིས་བརྒྱ་དྲུག་ཅུ་རེ་དྲུག་ཡོད་པ་ཟླ་བ་བརྒྱད་དང་ཞག་ཉི་ཤུ་རྩ་དྲུག་ལས་མ་སོང་བས་ཞིབ་པར་ཟླ་བ་དགུ་འདས་མེད་ནའང་ཚེས་ཞག་ཉིས་བརྒྱ་བདུན་ཅུ་སོང་བ་ཟླ་བ་དགུ་འདས་ནས་སྐྱེ་བའི་དུས་ལ་བབས་པ་ཡིན་ནོ་ཞེས་སྤྱིར་བསྟན་པ་ཡིན་ལ། ཡང་ན་རགས་པའི་དབང་དུ་བྱས་ན་ཟླ་བ་དགུའི་ནང་ནས་ཉིན་ཞག་བཞི་ཆད་པ་ལའང་ཟླ་དགུ་འདས་པ་བཙའ་བའི་དུས་ཞེས་སྨོས་ནའང་མི་འགལ་ཏེ། མངལ་སྦྲུམ་སྟེ་ཟླ་བ་བརྒྱད་འདས་ཏེ་དགུ་པའི་ངོ་མཐོང་བ་ཙམ་ནས་སྐྱེ་ནའང་ལེགས་པར་བཙས་པའི་གྲངས་སུ་འགྲོ་བ་གསུངས་པ་དང་། དེ་འདྲ་སྐྱེས་པའང་མང་དུ་མཐོང་བའི་ཕྱིར་རོ། །

2.བཙའ་བའི་རྟགས་ལ་གཉིས་ཏེ། རྟགས་དངོས། མྱུར་དུ་བཙའ་བའི་རྟགས་པ་བཤད་པའོ། ། (1)རྟགས་དངོས་ནི། དེ་ཡང་གཡས་ལོག་ལ་བརྟེན་དཀུ་གཡས་མཐོ། ། ལུས་ཡང་རྨི་ལམ་དག་ན་སྐྱེས་པ་མཐོང་། ། ནུ་ཞོ་གཡས་པ་སྔར་འབྱུང་ཁྱེའུ་སྐྱེ། ། སྐྱེས་པ་འཕྲད་འདོད་གླུ་གར་རྒྱན་ལ་དགའ། ། གོང་ལས་ལྡོག་པ་བུ་མོ་སྐྱེ་བའི་རྟགས། ། དེ་དག་འདྲེས་ལས་མ་ནིང་འབྱུང་བ་སྟེ། དབུས་དམའ་མཐའ་གཉིས་མཐོ་ན་མཚེ་མར་སྐྱེ། ། ཞེས་པ་སྟེ། དེ་ཡང་བྱིས་པ་དེ་མའི་གཡས་ལོགས་ལ་བརྟེན་ཅིང་གནས་པའི་དབང་གིས་དཀུ་སྟེ་མངལ་ལམ་ལྟོ་བའི་གཡས་ཕྱོགས་ཅུང་ཟད་མཐོ་ཞིང་ལུས་ཡང་རང་བཞིན་གྱིས་ཡང་བ་དང་། རྨི་ལམ་དག་ན་ཡང་སྐྱེས་པ་མང་དུ་མཐོང་ཞིང་འཁྲིག་པ་འདོད་པའི་ཆགས་པ་མི་སྐྱེ་བ་དང་། ནུ་ཞོ་གཡས་པ་སྔོན་དུ་འབྱུང་ཞིང་འཛག་པ་སོགས་ནི་ཁྱིའུ་བུ་ཕོ་བཙའ་བའི་རྟགས་ཡིན་ཏེ། སྐྱེས་པའི་རང་བཞིན་གྱི་ཆ་ཤས་རྣམས་མངོན་དུ་འགྱུར་བའི་ཕྱིར་རོ། ། ཡང་ན་སྐྱེས་པ་དང་འཕྲད་སྙིང་འདོད་པ་དང་། གླུ་ལེན་ཞིང་གར་བྱེད་པ་དང་། རྒྱན་འདོགས་པ་བཅས་ལ་དགའ་བ། ལྟོ་བའི་གཡོན་ཕྱོགས་མཐོ་བ། ལུས་ཁམས་ལྕི་བའི་ཉམས་དང་ལྡན་ཞིང་། རྨི་ལམ་དུ་ཡང་བུད་མེད་མང་དུ་མཐོང་བ། ནུ་ཞོ་གཡོན་པ་སྔོན་དུ་འཛགས་པ་སོགས་གོང་གི་ཁྱིའུ་བཙའ་བའི་རྟགས་རྣམས་ལས་གོ་ལྡོག་ཏུ་འབྱུང་བ་རྣམས་ནི་བུ་མོ་བཙའ་བའི་རྟགས་ཡིན་ཏེ། བུད་མེད་ཀྱི་རང་བཞིན་དུ་དམིགས་པའི་ཕྱིར་རོ། ། དེ་བཞིན་དུ་མའི་མངལ་ལམ་དཀུ་སྟེ་ལྟོ་བའི་དབུས་ངོས་མཐོ་བ་དང་། ལུས་ཁམས་སྐབས་རེ་ལྕི་བ་དང་སྐབས་རེ་ཡང་བ། རྨི་ལམ་དུ་སྐྱེས་པ་དང་བུད་མེད་སྣ་ཚོགས་མཐོང་བ། ནུ་ཞོ་གཡས་གཡོན་གཉིས་ཀ་དུས་མཉམ་དུ་འཛག་པ་སོགས་གོང་གི་ཁྱིའུ་དང་བུ་མོ་བཙའ་བའི་རྟགས་དེ་རྣམས་འདྲེས་པར་འབྱུང་བ་ནི་མ་ནིང་བཙའ་བའི་རྟགས་ཡིན་ཏེ། གཉིས་ཀ་འདྲེས་ཤིང་གཉིས་ཀ་མ་ཡིན་པའི་རང་བཞིན་དམིགས་པའི་ཕྱིར་རོ། ། གལ་ཏེ་མའི་མངལ་ལམ་ལྟོ་བའི་དབུས་དམའ་ཞིང་མཐའ་གཡས་གཡོན་གཉིས་པོ་མཐོན་པོར་འགྱུར་ཡོད་ན། མཚེ་མ་སྐྱེ་བའི་རྟགས་ཡིན་ཏེ་གཉིས་ཀྱི་རང་བཞིན་དམིགས་པའི་ཕྱིར་རོ། ། དེ་ཡང་མཚེ་དཀར་དུ་སྐྱེ་བར་འགྱུར་ན་གོང་གི་ཁྱིའུ་བཙའ་བའི་རྟགས་རྣམས་འབྱུང་བ་དང་། མཚེ་ནག་ཏུ་སྐྱེ་བར་འགྱུར་ན་བུ་མོ་སྐྱེ་བའི་རྟགས་རྣམས་འབྱུང་ཞིང་། མཚེ་ཁྲར་སྐྱེ་བར་འགྱུར་ན་རྟོགས་རྣམས་ཀྱང་འདྲེས་མར་འབྱུང་བར་རིགས་ཤིང་ཤེས་པར་བྱའོ། ། (2)མྱུར་དུ་བཙའ་བའི་རྟགས་བཤད་པ་ནི། དེ་ནས་མྱུར་དུ་བཙའ་རྟགས་ལུས་སྙོམས་ཤིང་། ། དཀུ་ལྷོད་སྨད་ལྕི་ཚང་ར་རྐེད་པ་ན། ། ལྟོ་བ་ཆུ་སོ་ན་ཞིང་ལྡང་དུབ་བྱེད། ། མཚན་བྱེ་གཅིན་མང་དབང་མེད་ན་ཟུག་ལྡང་། ། ཞེས་པ་སྟེ། དེ་ནས་བྱིས་པ་མྱུར་བ་ཉིད་དུ་བཙའ་བའི་རྟགས་སུ་ལུས་སྙོམས་ཤིང་ཁམས་ཉོབ་པ་དང་། དཀུའམ་མངལ་གྱི་སྒོ་ལྷོད་ཅིང་ཕྱིར་ལུག་པ། ལུས་ཀྱི་སྨད་ལྷག་པར་ལྕི་ཞིང་ཚང་ར་དང་རྐེད་པའི་རྒྱུད་དུ་ཀོ་ལེར་ན་ནས་ཟུག་གཟེར་སྐྱེ་བ་དང་། ལྟོ་བའམ་རྒྱུ་ཞབས་སྤྱི་དང་ཁྱད་པར་ཆུ་སོ་ན་བ། རེས་ན་ཟུག་ཤིན་ཏུ་ཆེ་ཞིང་། རེས་ན་ཟུག་ཅུང་ཆུང་དུ་འགྲོ་བ་སྟེ་ལྡང་དུབ་བྱེད་པའི་ན་ཟུག་དྲག་ཏུ་འབྱུང་བ། མཚན་མའི་ཁ་ཆེར་བྱེ་བ། གཅིན་ཐེངས་མང་དུ་གཏོང་དགོས་པ་བཅས་ནས་ཚང་ར་རྐེད་པ་ལྟོ་བ་རུས་ཚིགས་བཅས་ལ་མཐར་རང་དབང་མེད་པ་སྟེ་བཟོད་གླགས་མེད་པའི་ན་ཟུག་བསྟུད་མར་ལྡང་བ་བཅས་བྱུང་ན་རིང་པོར་མི་ཐོགས་པར་བཙའ་བའི་རྟགས་ཡིན་པར་རིག་པར་བྱའོ། ། 3.བཙའ་བའི་ཐབས་ནི། བུད་མེད་བཙའ་མྱོང་གིས་བསྐོར་བཙའ་བར་བྱ། ། སྲོག་བྲལ་འདྲ་བའི་ནད་གསོས་ཚས་ཀྱིས་གསོ། ། ཞེས་གསུངས་སོ། ། ཞེས་པ་སྟེ། ཇི་སྐད་བཤད་པ་ལྟར་གྱི་མྱུར་དུ་བཙའ་བའི་རྟགས་དེ་རྣམས་བྱུང་བའི་ཚེ་ན། སྨན་པས་མ་བུ་གཉིས་ཀ་འཚོ་ཞིང་སླར་བདེ་ཐང་ཡོང་བའི་ཆེད་དུ་མགྱོགས་སྨན་སྟེར་བ། རླུང་སེལ་བའི་དུད་པས་བདུག་པས་བདུག་པ་སོགས་གོམས་སྲོལ་ལྟར་གྱི་སྐྱེ་བསུའི་བྱ་བ་གང་ལ་དེ་འཚམས་བྱེད་དགོས་པའི་ཐོག་དེ་སྔོན་བུད་མེད་ཕྲུ་གུ་བཙའ་མྱོང་བའམ་སྐྱེ་བའི་གཡོག་བྱས་པའི་མྱོང་བ་དང་ལྡན་པ་དག་གིས་མཐའ་བསྐོར་ཞིང་སྐྱེ་བའི་གྲོགས་བྱས་ཏེ་ཉལ་ལུགས་དང་བཙིར་ལུགས་སོགས་གང་ལ་ཇི་དགོས་ཀྱིས་བསླབ་བྱ་དང་ལྡན་པའི་སྒོ་ནས་བཙའ་བར་བྱ་དགོས་ལ། བཙས་པའི་རྗེས་སུ་ཡང་ལྟེ་བ་གཅོད་པ་སོགས་མན་རྒྱུད་བྱིས་པ་ཉེར་སྤྱོད་སྐབས་ཀྱི་ལག་ལེན་རྣམས་ཚུལ་བཞིན་བྱེད་པ་བཅས་ལ་བརྟེན་ནས་སྲོག་དང་བྲལ་བ་འདྲ་བའི་བྱིས་པ་བཙའ་བའི་ནད་ཀྱི་སྡུག་བསྔལ་མི་བཟད་པ་དེ་ལས་སྐྱོབ་པའི་ཆེད་དུ་སྐྱེ་མཇུག་གི་ཚད་པ་མི་འབྱུང་བའི་སྨན་དང་། ཚད་རླུང་བྱེ་བའི་སྨན། རླུང་སེལ་བའི་སྨན་སྟེར་བ་སོགས་ཀྱི་སྨན་བཅོས་བྱེད་དགོས་པ་དང་། མའི་ལུས་སྟོབས་ཉམས་པ་སླར་གསོས་པའི་ཆེད་དང་ནུ་ཞོ་འཕེལ་བའི་ཆེད་དུ་དུས་དང་ཚོད་ཤེས་པའི་སྒོ་ནས་ཟས་སྐོམ་དྲོ་ཞིང་བཅུད་དང་ལྡན་པའི་ཚས་ཀྱིས་གསོ་བར་བྱ་དགོས་པ་ཡིན་ནོ། ། སྐྱེ་བསུའི་ལག་ལེན་རྒྱས་པ་ནི་མན་རྒྱུད་བྱིས་པ་ཉེར་སྤྱོད་ཀྱི་ལེའུ་ལས་ཤེས་པར་བྱའོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་117.14ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number