1928

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:42, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བརྩོན་འགྲུས་ཐམས་ཅད་བསྡུས་ན་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1.གོ་ཆའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་རྩོམ་པ་ལ་སྦྱོར་བའི་སྔ་རོལ་ནས། སེམས་ཀྱི་མངོན་པར་སྤྲོ་བ་སྔོན་དུ་འགྲོ་བའི་གོ་ཆ་འདི་ལྟར་གྱོན་པར་བྱེད་དེ། བདག་ནི་གལ་ཏེ་སེམས་ཅན་གཅིག་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་ཡང་། ཉིན་མཚན་བསྐལ་པ་ཆེན་པོ་སྟོང་དང་མཉམ་པ་དག་གི་འགྲོ་བ་གཞན་དུ་མི་གནས་པར་སེམས་ཅན་དམྱལ་བ་ཁོ་ནར་གནས་པས་དུས་ཇི་སྲིད་ཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དེ་ཉིད་བྱེ་བ་ཕྲག་འབུམ་འགྱུར་སྲིད་ཀྱིས་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལྟ་ན་ཡང་བདག་སྤྲོ་པར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་བརྩོན་པར་མི་བྱེད་ལ། བརྩོན་འགྲུས་ལ་ཞུགས་པ་ལ་ཡང་འདོར་བར་མི་བྱེད་ན། དུས་ཀྱི་ཡུན་ཆེས་ཐུང་བ་དང་། སྡུག་བསྔལ་ཆེས་ཐུང་བས་ལྟ་ལ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་གོ་ཆའི་བརྩོན་འགྲུས་ཡིན་ཏེ། བྱང་ཆུབ་སེམས་དཔའི་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོ་ཆའི་བརྩོན་འགྲུས་དེ་ལྟ་བུ་ལ་མོས་པ་ཙམ་དང་། དང་བ་ཙམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་ཡང་བརྟན་པོ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པ་དཔག་ཏུ་མེད་པའི་རྒྱུ་ཡོངས་ས་བརྟས་པར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་གང་གོ་ཆའི་བརྩོན་འགྲུས་དེ་ལྟ་བུ་ཉིད་དང་ལྡན་པ་ལྟ་ཅི་སྨྲོས། བྱང་ཆུབ་སེམས་དཔའ་དེ་ལ་ནི་བྱང་ཆུབ་ཀྱི་དོན་དང་། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། ལས་གང་ལ་བྱང་ཆུབ་སེམས་དཔའ་དེའི་སེམས་ཞུམ་པར་འགྱུར་བའམ། དཀའ་བ་བྱ་དགོས་པའི་བྱ་དཀའ་བ་ཅི་ཡང་མེད་དོ། ། 2.དགེ་བའི་ཕྱོགས་ཀྱི་ཆོས་སྡུད་པའི་བརྩོན་འགྲུས་ནི། བརྩོན་འགྲུས་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་བྱེད་པ་དང་། བརྩོན་འགྲུས་གང་ཤེས་རབ་ཀྱི་བར་དུ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང་། བཟོད་པ་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པའོ། ། དེ་ཡང་མདོར་བསྡུ་ན་རྣམ་པ་བདུན་དུ་རིག་པར་བྱ་སྟེ། (1)རྟོག་པ་དང་། རྣམ་པར་རྟོག་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཕས་ཀྱི་རྒོལ་བ་དང་། སྡུག་བསྔལ་གྱི་གནོད་པ་ཐམས་ཅད་ཀྱིས་མི་གཡོས་པའི་ཕྱིར་མི་གཡོ་བ། (2)གུས་པར་སྦྱོར་བ་ཡིན་པའི་ཕྱིར་བརྟེན་པ། (3)རིག་པའི་གནས་ཐམས་ཅད་ཡང་དག་པར་འགྲུབ་པར་ཉེ་བར་གནས་པའི་ཕྱིར་དཔག་ཏུ་མེད་པ། (4)ཐོབ་པར་བྱ་བའི་དོན་གྱི་ལམ་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་ཕྱིར་དང་། མཉམ་པ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཐབས་དང་ལྡན་པ། (5)ཐོབ་པར་བྱ་བའི་དོན་དང་ལྡན་པ་ཐོབ་པར་སྨོན་པའི་ཕྱིར་ཡང་དག་པའི་བརྩོན་འགྲུས། (6)རྟག་ཏུ་སྦྱོར་བ་ཅན་ཡིན་པའི་ཕྱིར་རྒྱས་པ། (7)བརྩོན་འགྲུས་རྩོམ་པ་དེས་མཐོ་བར་སེམས་པ་མེད་པའི་ཕྱིར་ང་རྒྱལ་མེད་པ་སྟེ། རྣམ་པ་བདུན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས་རྩོམ་པར་སྦྱོར་བ་ནི་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་དོ། ། 3.སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ནི། ཚུལ་ཁྲིམས་ཀྱི་ལེའུ་ལས་འབྱུང་བ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། དེར་ཚུལ་ཁྲིམས་ཞེས་བརྗོད་པ་གང་ཡིན་པ་དེ་འདིར་བརྩོན་འགྲུས་ཞེས་བརྗོད་པར་བྱ་སྟེ། བྱེ་བྲག་ནི་དེ་ཡོད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་107ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number