2050

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:42, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བཟོ་རིག་པའི་བྱུང་བ་བཤད་པ་ལ་གསུམ།
Tibetan Alternate
Tibetan Definition 1.ཐུགས་རྟེན་ནི། བཟོ་རིག་མཆོག་གྱུར་དཀོན་མཆོག་གསུམ་གྱི་རྟེན། ། ཀུན་གྱི་ཐོག་མར་པད་སྤུངས་མཆོག་རྟེན་བྱུང་། ། གཞན་དག་དད་ལྡན་རྣམས་ཀྱིས་རིམ་པར་བརྩིགས། ། བཟོ་གནས་ཐམས་ཅད་ལུས་ངག་ཡིད་གསུམ་དུ་འདུ་ཞིང་འདིར་བྱུང་བ་བརྗོད་པ་ནི་གཙོ་བོར་ལུས་ཀྱི་ལས་དང་། དེའང་བཟོ་རིག་པ་ཐམས་ཅད་ཀྱི་ནང་ནས་འཕྲལ་ཡུན་གཉིས་ཀར་ཕན་བདེ་ཟད་མི་ཤེས་པ་འཇོ་བ་ནི་དཀོན་མཆོག་གསུམ་དང་འབྲེལ་བའི་སྐུ་གསུང་ཐུགས་རྟེན་རྣམས་ཡིན་ཅིང་། དེའང་བསྟན་པ་འདི་ལ་རྟེན་གསུམ་ཀུན་གྱི་ཐོག་མར་ཐུགས་ཆོས་སྐུའི་རྟེན་ཉིད་བྱུང་སྟེ། སྟོན་པ་ལུམྦི་ནཱིའི་ཚལ་དུ་བལྟམས་པའི་ཚེ་རྒྱལ་པོ་ཟས་གཙང་མ་སོགས་ཀྱིས་པདྨ་སྤུངས་པའི་མཆོད་རྟེན་བརྩིགས། དེ་ནས་གཉིས་པ་བྱང་ཆུབ་མཆོད་རྟེན་སོགས་ཆ་བརྒྱུད་མཆོད་རྟེན་དུ་གྲགས་པ་རྣམས་དང་། གཞན་དག་དབུ་སྐྲ་དང་སེན་མོའི་མཆོད་རྟེན་གྱིས་མཚོན་སངས་རྒྱུས་ཀྱི་རྟེན་དང་ཉན་ཐོས་དགྲ་བཅོམ་པའི་མཆོད་རྟེན་མང་པོ་གཟུགས་ཅན་སྙིང་པོ་སོགས་དད་ལྡན་རྣམས་ཀྱིས་རིམ་པར་བརྩིགས་པར་བཤད་པའི་ཕྱིར་རོ། །

2.སྐུ་རྟེན་བྱུང་ཚུལ་བཤད་པ་ལ་གསུམ་སྟེ། (1)འཕགས་ཡུལ་དུ་བྱུང་ཚུལ་ལ་གཉིས་ཏེ། [1]བྲིས་སྐུ་བྱུང་ཚུལ་ནི། རི་མོ་ཚེ་ལོ་འབུམ་པར་འཇིགས་ཐུལ་ལ། ། ཚངས་དང་བི་ཤུས་བསླབས་ཤིང་དེ་ནས་བརྩམས། ། ཐུབ་དབང་ཞེས་གཤེགས་པར་དངོས་སུ་འཁྲུལ་ནུས་བྱུང་། ། བྲིས་འབུར་གཉིས་ལས་རི་མོ་སྔ་བ་སྟེ་དྲང་སྲོང་ཨ་ཏྲེའི་བུས་སྦྱར་བའི་རི་མོའི་མཚན་ཉིད་ཚངས་པའི་ཆོད་ཡིག་ཅེས་བྱ་བ་ལས། སྔོན་བསྐལ་པ་དང་པོའི་མི་རྣམས་ཚེ་ལོ་འབུམ་ནས་བྲི་བའི་དུས་མིའི་བདག་པོ་འཇིགས་ཐུལ་བྱ་བ་བྱུང་། དེས་ས་འདི་ཆོས་བཞིན་དུ་བསྐྱངས་པས་ཚེ་ལོ་ཡང་འབུམ་དུ་འཕེལ་ཏེ་ཤིན་ཏུ་བདེ་བར་གྱུར། རྒྱལ་པོས་དཀའ་ཐུབ་ཀྱི་བརྟུལ་ཞུགས་སྤྱད་པས་དབང་ཕྱུག་གི་ཡོན་ཏན་བརྒྱད་ཐོབ། དེ་ལ་ཚངས་པས་བསྟན་བཅོས་ཐམས་ཅད་ཤེས་པ་དང་། ལྷའི་དམག་དང་མཚོན་ཆས་ཀྱང་མི་ཡུལ་དུ་མི་ཕེབས་པའི་མཆོག་བྱིན་ཏོ། ། དེའི་ཚེ་ནམ་ཞིག་བྲམ་ཟེའི་བུ་གཞོན་ནུ་གཅེས་པ་ཞིག་གློ་བུར་དུ་ཤི་བ་ལ། བྲམ་ཟེས་རྒྱལ་པོ་ལ་ཁྱོད་ཀྱིས་རྒྱལ་སྲིད་ཆོས་བཞིན་མ་བསྐྱངས་པས་འབངས་དུས་མིན་འཆི་བ་བྱུང་སྟེ་བདག་གི་བུ་ཤིའོ། ། གལ་ཏེ་བུ་སློང་མ་བསྩལ་ན་བདག་འདིར་ལྕེབ་བོ། ། ཟེར་བ་ལ་རྒྱལ་པོས་བྲམ་ཟེ་ཁྲིད་ནས་གཤིན་རྗེའི་རྒྱལ་པོ་ཉི་མ་ལྟར་གཟི་བརྗིད་འབར་བའི་དྲུང་དུ་ཕྱིན་ཏེ་ཕྱག་འཚལ་ནས་བྲམ་ཟེའི་བུ་རྩལ་དུ་གསོལ་བྱས་པས་བདག་གིས་མ་ལན་རང་རང་གི་ལས་སུ་ཟད་དོ། ། རྒྱལ་པོས་བྱིན་ཅིག་དང་། གཤིན་རྗེས་མི་རུང་ངོ་ཡང་ཡང་སྨྲས་ཏེ་མཐར་གཡུལ་བཤམས་ཏེ་ཕན་ཚུན་མཚོན་ཆའི་ཆར་ཕབ། རྒྱལ་པོས་ལྷའི་མཚོན་ཆའི་ཆར་གྱིས་གཤིན་རྗེའི་འཁོར་ཐམས་ཅད་ཕམ་པར་བྱས་པས་གཤིན་རྗེས་ཀྱང་དབྱུག་པ་ཐོགས། རྒྱལ་པོས་ཀྱང་དབྱུག་པ་ཚངས་མགོ་ཅན་ཐོགས་ཏེ་འཇིག་རྟེན་ཐམས་ཅད་དངངས་པ་ན་ལྷ་ཚངས་པ་བྱོན་ཏེ་སོ་སོའི་ལས་སུ་ཟད་ཀྱིས་གཤིན་རྗེས་མ་ཉེས་སོ། ། འོན་ཀྱང་བྲམ་ཟེའི་བུ་རི་མོར་བྲིས་ཤིག་ཅེས་པ་ལྟར་རྒྱལ་པོས་བྲིས་ཚངས་པས་གསོན་པོར་བསླངས་ཏེ་བྲམ་ཟེ་ལ་གཏད། ཡི་དྭགས་ལ་གཅེར་བུ་ཟེར་བས་དེ་ཐུལ་བ་ལེགས་སོ་ཞེས་རྒྱལ་པོ་ལ་གཅེར་ཐུལ་དང་། དང་པོར་རི་མོ་འབྲི་བ་པོ་ཡིན་པས་དང་པོར་བྲི་བ་ཞེས་བཏགས། ཚངས་པས་བསྒོས་ཏེ་རྒྱལ་པོས་ཀྱང་གཤིན་རྗེ་ལ་ཕྱག་དང་མཆོད་པ་བྱས་ཏེ་ཀུན་དགའ་བར་གྱུར། སླར་རྒྱལ་པོས་ཚངས་པའི་འཇིག་རྟེན་དུ་སོང་སྟེ་རི་མོ་འབྲི་ཚུལ་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། ། སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། ། གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། ། མི་ཡི་གཙོ་བོ་ས་བདག་སྟེ། ། དེ་བཞིན་རི་མོ་སྒྱུ་རྩལ་གཙོ། ། ཞེས་སོགས་དང་། རྒྱལ་པོ་དེ་བཞིན་སྒྱུ་རྩལ་ཀུན། ། རི་མོའི་ལས་ལ་ཡང་དག་བརྟེན། ། ཞེས་སོགས་ཀྱི་བསྔགས་ནས་བི་ཤྭ་ཀརྨས་སྟོན་པར་ལུང་བསྟན་པ་བཞིན་དེས་འཁོར་ལོས་སྒྱུར་བའི་ཚད་གཙོ་བོར་བྱས་ཏེ་ཚད་དང་མི་ལྡན་པའི་ཉེས་པ། ལྡན་པའི་ཕན་ཡོན་སོགས་དང་། ལུས་ལ་མཛེས་པ་མ་ཚང་ན། ། ཚད་དག་གིས་ནི་ཅི་ཞིག་བྱ། ། ཞེས་མཛེས་དགོས་པའང་བསྟན། དེ་ནས་བརྩམས་ཏེ་མིའི་བཟོ་བོ་ལས་ཀྱི་འཕྲུལ་དང་ལྡན་པ་དག་གིས་བཟོའི་གནས་ངོ་མཚར་བ་བྱེད་པ་རྟག་ཏུ་བྱུང་ཞིང་། ཐུབ་དབང་གཤེགས་ཀྱི་བར་ཡང་གཟུགས་རི་མོར་བྲིས་པས་དངོས་སུ་འཁྲུལ་པ་སྐྱེས་ནུས་པ་བྱུང་བ་འདུལ་བ་ལུང་ལས་གསལ། སྟོན་པ་མྱ་ངན་ལས་འདས་ནས་ཀྱང་ལོ་བརྒྱ་ཙམ་གྱི་བར་དེ་འདྲ་ཤིན་ཏུ་མང་ངོ་། ། ཨུ་དྲ་ཡ་ན་མུ་ཏིག་འཁྲི་ཤིང་ལ། ། བསྐུར་བའི་བྲིས་སྐུ་ཆུ་ལོན་འོད་ཟེར་མ། ། བསྟན་འདིར་སྐུ་ཡི་རྟེན་ལ་སྔ་བར་གྲགས། ཞེས་ཨུ་དྲ་ཡ་ན་དང་མུ་ཏིག་འཁྲི་ཤིང་ཅན་གཉིས་ལ་བསྐུར་བའི་བྲིས་སྐུ་ཆུ་ལོན་མ་དང་འོད་ཟེར་མར་གྲགས་པ་ནི་བསྟན་པ་འདི་ལ་སྐུའི་རྟེན་རྣམས་ཀྱི་ནང་ནས་སྔ་བར་གྲགས་སོ། ། དེའང་མ་ག་དྷཱ་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་སྒྲ་སྒྲོག་རྒྱལ་པོ་ཨུ་དྲ་ཡ་ན་གཉིས་མ་མཐོང་མཛའ་བོར་གྱུར་ཏེ་སྐྱེས་ཀྱིས་འགྲུལ་བ་ལས། སྒྲ་སྒྲོག་ནས་རིན་ཐང་མེད་པའི་ནོར་བུའི་ཁྲབ་བསྐུར་བའི་སྐྱེས་ལན་དུ་གཟུགས་ཅན་སྙིང་པོས་སྟོན་པའི་སྐུ་རས་ལ་བྲིས་ཏེ་བསྐུར་བར་བརྩམས་པ་ན། སྟོན་པའི་གཟི་བྱིན་མ་བཟོད་པས་བཟོ་བོས་བྲི་བར་མ་ནུས་པ་ལ་ཁྲུས་རྫིང་གི་འགྲམ་དུ་སྟོན་པ་བཞུགས་ཏེ་ཆུ་ནང་དུ་ཤར་བ་བཞིན་རས་ལ་བྲིས། སྟེང་འོག་ཏུ་རྟེན་འབྲེལ་ལུགས་འབྱུང་ལྡོག་སྐྱབས་འགྲོ་བསླབས་པའི་གཞི་ལྔ་ཕན་ཡོན་བཅས་བྲིས་ཏེ་བསྐུར་བས་ཨུ་དྲ་ཡ་ནས་བདེན་པ་མཐོང་བ་འདི་ལ་ཐུབ་པ་ཆུ་ལོན་མར་གྲུགས་ཟེར། ཡང་བཅོམ་ལྡན་འདས་སེར་སྐྱར་ཆོས་གསུངས་པའི་ཚེ་མིང་ཆེན་གྱི་ཆུང་མས་འབངས་མོ་རོ་ཧི་ཏ་དོ་ཤ་ལ་ལེན་དུ་བཏང་བ་ལམ་དུ་བ་དུས་མས་བརྡུངས་ཏེ་ཤི། དེ་སངས་རྒྱས་ལ་དད་པའི་རྒྱུས་དེ་མ་ཐག་སིངྒ་ལར་རྒྱལ་པོའི་བཙུན་མོའི་མངལ་དུ་ཞུགས། བཙས་པ་ན་མུ་ཏིག་གི་ཆར་བབས་པས་མིང་མུ་ཏིག་ཅན་ནམ་མུ་ཏིག་འཁྲི་ཤིང་དུ་བཏགས། དེས་ཡུལ་དབུས་ཀྱི་ཚོང་པ་ལས་སངས་རྒྱས་ཀྱི་གཏམ་ཐོས་པས་དད་དེ་ཕྲིན་ཡིག་བསྐུར་བ་ལ། སྟོན་པས་རས་ཀྱི་ངོས་ལ་འོད་ཟེར་བཀྱེ་བ་བཞིན་རི་མོ་བས་བྲིས། བཀའི་ཚིགས་བཅད་བཅས་སྐྱེས་ལན་ཏུ་བསྐུར་བ་མཐོང་བས་བུ་མོས་བདེན་པ་མཐོང་། འདི་ལ་ཐུབ་པ་འོད་ཟེར་མར་གྲགས་ཏེ་སྐྱེ་མཆེད་གཙང་ཞིང་ཡུལ་དབུས་དང་ཤར་གྱི་ལྷ་རིགས་རྣམས་འདི་ལས་མཆེད་པ་ཡིན་ནོ། ། [2]འབུར་སྐུ་བྱུང་ཚུལ་ནི། གདུགས་ཚོད་གྲལ་གོང་མགོན་མེད་ཟས་སྦྱིན་ངོར། ། བཀས་གནང་རིན་ཆེན་འབུར་སྐུ་མང་དག་དང་། ། ལྷར་གཤེགས་ཚེ་ན་གསལ་ལྡན་རྒྱལ་པོ་ཡིས། ། ཙནྡན་སྐུ་བཞེངས་ད་ལྟ་རྒྱ་ནག་བཞུགས། ། ཁྱིམ་བདག་དད་སྦྱིན་གྱིས་གདུགས་ཚོད་ལ་དགེ་འདུན་སྤྱན་དྲངས་པར་སྟོན་པ་མོ་གཤེགས་པའི་ཚེ་གྲལ་གྱི་ཐོག་མ་མི་བརྗིད་པར་མཐོང་ནས། སྟོན་པས་གནང་ན་སྐུ་བགྱིད་དེ་བཞུགས་པར་གསོལ་ཞེས་མགོན་མེད་ཟས་སྦྱིན་གྱིས་ཞུས་པའི་ངོར་བཀས་གནང་སྟེ་རིན་པོ་ཆེ་ལས་བྱས་པའི་སྐུ་གཟུགས་མང་དུ་བྱུང་བ་དང་། བཅོམ་ལྡན་འདས་ལྷ་ཡུལ་དུ་གཤེགས་ཤུལ་གསལ་ལྡན་གྱི་རྒྱལ་པོས་མཆོད་ཡུལ་དུ་ཙནྡན་གྱི་སྐུ་འདྲ་བཞེངས། སླར་སྟོན་པ་ལྷ་ལས་བབས་པ་ན་སྐུ་དེས་གོམ་པ་དྲུག་ཏུ་བསུས། རྒྱ་ནག་གི་ཡུལ་དགེ་ཕྱིར་བཞུད་ཅེས་བཅོམ་ལྡན་འདས་ཀྱིས་བསྐུལ་བས་མཁའ་ལས་གཤེགས་ཏེ་ད་ལྟའང་རྒྱ་ནག་ཏུ་བཞུགས་པ་ཙནྡན་ཇོ་བོ་ཞེས་འདྲ་བཤུས་ཀྱི་སི་ཐང་ཡང་མང་དུ་འབྱུང་བ་སྟེ་འབུར་སྐུའི་ཐོག་མ་ནི་འདི་དག་གོ། དེ་རྗེས་ཀླུ་ཡི་ནོར་བུར་རཱ་ཧུ་ལས། ། གངས་ཆེན་མཚོ་བཞེངས་ཕྱི་ཡི་རྒྱ་མཚོར་བཞུགས། ། ཞེས་དེའི་རྗེས་སུ་སྟོན་པ་མྱ་ངན་ལས་འདའ་ཁར་བསྟན་པ་གནས་ཤིང་མུ་སྟེགས་འདུལ་ཕྱིར་ངའི་སྐུ་ཚབ་བཞེངས་ཤིག་པར་བཀའ་བསྩལ་བ་ལྟར་ཀླུའི་ནོར་བུ་དུ་མར་རྒྱུ་དང་རཱ་ཧུ་ལས་བཟོ་བྱས་ཏེ་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོ་ཆུ་ཞེང་དཔག་ཚད་བརྒྱད་ཅུ་པ་བཞེངས་ནས་ཕྱིའི་རྒྱ་མཚོའི་ནང་དུ་བཞུགས་སོ། ། དབང་པོས་ནོར་བུ་དུ་མར་བརྒྱད་བཅུ་གཉིས། ། ཉེར་ལྔའི་སྐུ་ཚབ་ལས་སྣ་ཚོགས་པས་འཕྲུལ། ། ཕྱི་མ་ལྷ་དང་གཞན་གཉིས་བོད་ན་བཞུགས། ། དངོས་ཀྱིས་བྱིན་བརླབས་སྟོན་པ་ཉིད་དང་མཚུངས། ། ཞེས་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མིའི་ནོར་བུ་རིགས་ལྔ་དང་། འཆིང་བུ་ལྔ་བརྒྱ་རྩ་གཅིག་སྟེ་ནོར་བུ་དུ་མ་ལས་སྟོན་པའི་སྐུ་བཞེངས་པར་བརྩམས་ཏེ། བི་ཤྭ་ཀརྨས་སྟོན་པའི་ཞབས་ཀྱི་མཐེའུ་ཆུང་ལ་ཐིག་སྐུད་བཏགས་ནས་ཚད་གཞལ་བར་བརྩམས་པས་མ་ལོན་ཏེ་འོད་མདངས་དགའ་བའི་འཇིག་རྟེན་དུ་སངས་རྒྱས་དགའ་བའི་དཔལ་གྱི་དྲུང་ན་སླེབས། དེས་སྐུའི་ཚད་ལ་རྟོག་པ་ཞིག་ལ་རང་གི་སྟོན་པ་ཡིད་ལ་བྱོས་ཤིག་གསུངས་པས་དེ་མ་ཐག་སྟོན་པའི་སྤྱན་སྔར་སླེབས། དགུང་ལོ་བརྒྱད་དང་བཅུ་གཉིས་ཀྱི་སྐུ་ཚད་སྔོན་གྱིས་མ་མའི་ངག་བཞིན་དང་། ཉེར་ལྔ་པ་ཐུན་མོང་སྣང་བའི་སྐུ་ཚད་དངོས་དང་མཚུངས་པ་ལས་སྣ་ཚོགས་པའི་འཕྲུལ་གྱིས་སྐྲུན། སྟོན་པས་ཞལ་གྱི་འོད་ཟེར་སྤྲོ་བསྡུས་བྱིན་གྱིས་བརླབས་ཏེ་ཕྱི་མ་ཉེར་ལྔ་པའི་སྐུ་ཚད་བརྒྱ་བྱིན་གྱིས་ལྷ་ཡུལ་དུ་སྤྱན་དྲངས། གཞན་གཉིས་ལྷ་ཡུལ་ཨོ་རྒྱན་ཀླུ་ཡུལ་རྡོ་རྗེ་གདན་རྣམས་སུ་ལོ་གྲངས་མང་པོ་དང་། དེ་ནས་རྒྱལ་པོ་དེ་བ་པཱ་ལའི་དུས་བཅུ་གཉིས་པ་རྒྱ་ནག་དང་། བརྒྱད་པ་བལ་པོར་གདན་དྲངས། རིམ་གྱིས་བོད་དུ་བྱོན་ཏེ་འཕྲུལ་སྣང་དང་ར་མོ་ཆེར་བཞུགས་པའི་འདི་དག་ཡིན་ཏེ་སངས་རྒྱས་དངོས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་སྟོན་པ་ཉིད་དང་བྱིན་རླབས་མཚུངས་པ་ཡིན་ནོ། ། (2)བོད་དུ་བྱུང་ཚུལ་ནི། བོད་དུ་ཆོས་འཁོར་རྣམ་གསུམ་སྐུ་རྣམས་སྔ། ། བོད་ཡུལ་དུ་སྤྲུལ་པའི་རྒྱལ་པོ་སྲོང་་བཙན་སྒམ་པོའི་དུས་ཁྲ་འབྲུག་གི་རྟེན་གཙོ་རྣམས་རང་བྱོན་ཁོ་ནར་གྲགས་པ་དང་། ར་སའི་རང་བྱུང་ཐུགས་རྗེ་ཆེན་པོ་སོགས་དང་། ཁྲི་སྲོང་གི་དུས་འབུར་བཟོའང་རིམ་མཁས་གྱུར། ། ཅེས་རི་མོ་ནི་ཐོག་མར་བལ་རིས་ཁོ་ན་དར་སྲོལ་ཆེ་བ་ལས། ཇི་ཞིག་ནི་འཇམ་པའི་དབྱངས་མི་ཡི་ཡུལ་ཅན་སྨན་བླ་དོན་གྲུབ་ཞབས་ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས་པ་དང་། ཡུལ་དེའི་མཚལ་ཁ་ཡང་བྱེ། ཆུང་མའི་རྐྱེན་གྱིས་ཡུལ་འཁྱར་ཏེ་གཙང་དུ་བྱོན་ནས་རྡོ་པ་བཀྲ་ཤིས་རྒྱལ་པོ་ལས་རི་མོ་གསན། སྐུ་སྐྱེ་བ་སྔ་མ་རྒྱ་ནག་ཏུ་འཁྲུངས་དུས་ཀྱི་རི་མོ་སི་ཐང་གཟིགས་པས་སྔོན་གནས་དྲན་ཏེ་སྨན་ཐང་ཆེན་མོར་གྲགས་པ་སོགས་ཕུལ་དུ་བྱུང་བའི་རི་མོའི་རྒྱུན་མཛད་ཅིང་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ཀྱི་རྒྱུན་བྱུང་། ཡང་མཁྱེན་བརྩེ་ཆེན་མོ་ཞེས་གོང་དཀར་སྒང་སྟོད་དུ་བྱུང་བ་དེས་ཀྱང་སྔ་མ་ལས་ཟུར་དུ་བཟོ་རྒྱུན་མཛད་དེ་སྨན་མཁྱེན་གཉིས་ཞེས་གངས་ཅན་དུ་ཉི་ཟླ་ལྟར་གྲགས་པའི་ཤིང་རྟའི་སྲོལ་སོ་སོ་བར་གྱུར། གཞན་ཡང་བཟོ་གནས་འདིའི་ཆེད་དུ་ངལ་བ་མེད་པར་ཉུལ་བས་སྤྲུལ་སྐུ་བྱིའུར་གྲགས་པ་རིག་རྩལ་བླ་ན་མེད་པས་བཟོ་རྒྱུན་སྔ་མ་གཉིས་ཀ་དང་མི་གཅིག་པ་ཚོན་མདངས་ནི་གཞོན་ལས་ཀྱང་ཁྱད་པར་འཕགས་པ་ཞིག་བྱུང་། ཕྱིས་སུ་གཙང་པ་ཆོས་དབྱིངས་རྒྱ་མཚོས་སྨན་གསར་གྱི་སྲོལ་བཏོད། དེ་སོགས་བཟོ་རྒྱུན་གཞན་དུ་མ་བྱུང་ཡང་གཙོ་ཆེར་སྔ་མ་དེ་དག་གི་ཁོངས་སུ་གཏོགས། ཡང་ཡར་སྟོད་དུ་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཞེས་གྲུགས་པ་བྱུང་། རྗེ་མི་བསྐྱོད་ཞབས་ཀྱིས་ཉིད་ཀྱི་སྤྲུལ་པ་སྐུ་གཟུགས་ཀྱི་ཕྲིན་ལས་སྤྲེལ་བ་པོར་ལུང་བསྟན། ཞྭ་དམར་དཀོན་མཆོག་ཡན་ལག་དང་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱིས་ཞལ་བཀོད་མཛད་དེ་ཨེ་ནས་སྐལ་ལྡན་ཤར་ཕྱོགས་པ་དཀོན་མཆོག་ཕན་བདེ་བྱ་བ་རྒྱལ་མོ་བཟའ་ཀོང་ཇོའི་སྤྲུལ་པར་གྲགས་པ་དེ་ལས་སྨན་རིས་ཀྱི་རྒྱུན་བསླབས། རུས་ཚུགས་རྒྱ་གར་ལི་མ་དང་སྨན་ཐང་ལུགས་གཞིར་བཞག་པ་ལ་ཏཱ་མིང་དུས་ཀྱི་སི་ཐང་བཞིན་ཡུལ་ལྗོངས་བཀོད་པ་སོགས་པ་དང་ཚོན་མདངས་མཛད་པ་ལ་སྒར་བྲིས་སུ་གྲགས་པའི་བྲི་རྒྱུན་འདི་བྱུང་། དེ་རྗེས་ཆོས་བཀྲ་ཤིས་བྱ་བ་ཞིག་བྱུང་བར་གྲགས་ཤིང་། ཕྱིས་སུ་ཀར་ཤོད་ཀརྨ་བཀྲ་ཤིས་ཞེས་རི་མོའི་ལམ་སྲོལ་ལ་འགྲན་ཟླ་བྲལ་བའི་རྒྱུན་ད་ལྟའང་གནས་པ་བཅས་མདོར་ན་བཀྲ་ཤིས་རྣམ་པ་གསུམ་གྱིས་སྒར་བྲིས་སྲོལ་རྒྱ་ཆེན་བཏོད། དེ་བཞིན་དུ་འབུར་ལ་ཕུལ་དུ་བྱུང་བ་ནི་སྤྲུལ་སྐུ་སླེའུ་ཆུང་པ་དང་། པདྨ་མཁར་པ་གཉིས་ཡིན་ལ། ཕྱིས་སུ་སྒར་ལུགས་མཁས་པ་དྭགས་པོ་སྒོ་པའི་ཞལ་ངོ་སྐུ་མདུན་ཀརྨ་སྲིད་བྲལ་ལམ་སྒོ་སྨྱོན་ཞེས་མཚུངས་པ་མེད་པའི་བློ་གྲོས་ཅན་རྗེ་བརྒྱད་པའི་སྐུའི་སྤྲུལ་པར་གྲགས་པ་དེ་དང་། གོང་ས་ལྔ་པ་ཆེན་པོའི་དུས་སུ་བྱུང་བའི་ཨེ་པ་ལྐུགས་པའམ་ཧོར་དང་ཅེས་པ་དང་། སྤྲུལ་སྐུ་བབ་ཕྲོ་ཞེས་སྤྲུལ་པའི་བཟོ་བོར་གྲགས་པ་དེ་དག་གི་རྒྱུན་ལས་ཕྱིས་སུ་འབུར་ལ་ཁྱད་པར་འཕགས་པ་འདོད་དཔལ་གྱི་བཟོ་རྒྱུན་སོགས་བྱུང་བར་ངེས་སོ། ། [3]ཞར་བྱུང་གཞུང་གི་ཁུངས་སྨོས་པ་ནི། དུས་འཁོར་སྡོམ་འབྱུང་ཤཱ་རིའི་བུས་ཞུས་མདོ། ། རྒྱ་བོད་གཞུང་ལུགས་ཆགས་ཚད་སྟོན་པ་མང་། ། ཞེས་དེ་དག་གི་ཁུངས་དང་རྣམ་གཞག་གང་ནས་བྱུང་ཞེ་ན། དཔལ་དུས་ཀྱི་འཁོར་ལོ་རྩ་འགྲེལ། སྡོམ་འབྱུང་རྩ་འགྲེལ། ཤཱ་རིའི་བུས་ཞུས་པའི་མདོ་རྣམས་དང་། ཀྲྀ་ཡ་ས་མུཙྪ། མཆོད་རྟེན་གྱི་ཆ་དབྱེ་བ། བརྒྱད་སྟོང་འགྲེལ་ཆེན། ཀོ་ས་ལའི་རྒྱུན་ལ་སོགས་པ་རྒྱ་གཞུང་དང་། སྨན་མཁྱེན་རྣམ་གཉིས། བུ་སྟོན་དང་རྗེ་མི་བསྐྱོད་ཞབས་ཀྱི་ཉི་མ་ཆེན་པོའི་མེ་ལོང་། ཕྱིས་སུ་རྒྱུགས་ཆེ་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་སོགས་བོད་ཀྱི་གཞུང་ལུགས་ཆག་ཚད་སྟོན་པའི་ཡི་གེ་ཤིན་ཏུ་མང་ངོ་། ། 3.གསུང་རྟེན་ཡི་གེའི་བྱུང་ཚུལ་ནི། ཡིག་རིགས་དུ་མ་སོ་སོའི་ཡུལ་ནས་བྱུང་། ། ཞེས་ཡི་གེ་ནི་སྒྲ་དང་སྐད་ཀྱི་རྗེས་སུ་འགྲོ་བས་ཡུལ་ཁམས་རེ་རེ་ལའང་སྒྲ་དང་ཡིག་རིགས་ཅུང་ཟད་ཅུང་ཟད་མི་འདྲ་བ་དུ་མ་འབྱུང་བས་མཐའ་གཅིག་ཏུ་རྣམ་པར་གཞག་པར་བྱུར་མ་མཆིས་ཤིང་། ཕྱི་རོལ་པ་རྣམས་ཀྱིས་བྱེད་པོ་ཉེར་བཞིར་འདོད་པའི་ནང་ཚན་ཡི་གེའི་བྱེད་པོ་ལྷ་རྟག་ཏུ་ཞི་བ་སྟེ་དབང་ཕྱུག་ཆེན་པོས་བྱས་པར་འདོད། དེའང་རྒྱ་གར་ནས་རྒྱ་གར་གྱི་ཡིག་རིགས་སོགས་སོ་སོའི་ཡུལ་ནས་འབྱུང་བ་དང་དེའང་སྔ་བ་ནུབ་ཅིང་གསར་པ་དར་བ་སོགས་མང་སྟེ། རྒྱ་གར་དུ་བསྟན་པ་གནས་པའི་ཚེ་ལཉྩ་དང་ཝརྟུ་ལ་ན་ག་ར་ཡིག་སོགས་གཙོ་བོར་དར་ལ་བསྟན་པ་ནུབ་ནས་ཀླ་ཀློའི་ཡི་གེ་ཁོ་ན་དར་བ་དང་། རྒྱ་ནག་ཏུ་དྷཱི་ལྔ་ལ་སོགས་པའི་དུས་སུ་བརྐོས་ཡིག་དང་འཕུལ་ཡིག་སོགས་བྱུང་ལ། ཕྱིས་སུ་བློན་ཆེན་ལི་ཙེས་དམག་ལ་སྡོད་པའི་སྐབས་རི་བོང་གི་མཇུག་མ་ལ་པིར། སྒྲོན་ཤིང་གི་དུ་བས་སྣག་ཚ་བྱས་ཏེ་བྲིས་ཡིག་བརྩམས་པར་བཤད་པ་སོགས་ཆེས་མང་ངོ་། ། གསུང་རྟེན་གླེགས་བམ་གྱི་ཐོག་མ་ནི། འཁོར་ལོ་བར་པ་བརྒྱ་བྱིན་གྱིས་གསེར་གྱི་གླེགས་བུ་ལ་བཻཌཱུརྻའི་ཞུན་མས་བྲིས་པ་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གླེགས་བམ་ལ་བྲིས་ཏེ་རྒྱལ་མཚན་གྱི་ཚེ་མོར་བཏགས་པས་ལྷ་མིན་གྱི་གཡུལ་བཟློག་པ་དང་། སྟོན་པའི་བཀའི་གླེགས་བམ་འཚོང་དུ་མ་གནང་ཞིང་མུ་སྟེགས་ཀྱི་གཞུང་གནང་བར་འདུལ་བ་ལུང་ལས་བཤད་པས་དེ་དག་བྱུང་བར་གྲུབ་ཅིང་། བཀའ་བསྡུའི་ཚེ་སྡུད་པ་པོ་རྣམས་ཀྱིས་རང་རང་གི་ཡུལ་དུ་སོ་སོའི་སྐད་ཀྱིས་བྲིས་པ་ལས་རིམ་པར་འཕེལ་བར་གྱུར་ཏོ། ། བོད་དུ་ཐོན་མིས་འཕགས་ཡུལ་མཁས་པ་ལས། ། སྒྲ་ཡིག་བསླབས་ལ་དཔེར་བྱས་ཡི་གེའི་གཟུགས། ། བོད་ལ་ཉེར་མཁོའི་འཕྲི་བསྣན་བཅས་པ་དང་། ། སུམ་རྟགས་ལ་སོགས་བརྡ་དག་གཞུང་བརྒྱུད་མཛད། གཡུ་ཁྲི་སུམ་པ་སོགས་ཀྱིས་དར་རྒྱས་སྤེལ། ། ཞེས་དེའང་དྲི་མེད་འོད་ལས། བོད་ཀྱི་ཡུལ་དུ་ཐེག་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ་ཞེས་སོགས་གསུངས་པ་ལྟར་བོད་ཡུལ་ན་ཐོག་མར་ཡི་གེ་དང་བརྡ་ལེགས་པར་སྦྱོར་བ་མེད་པ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་འཇམ་དབྱངས་རྣམ་འཕྲུལ་ཐུ་མི་སམ་བྷོ་ཊ་ལ་ཆོས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་བཀས་བསྐུལ་བ་དང་རང་ཉིད་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཁྱད་པར་ཅན་དུས་སུ་སད་པའི་མཐུས་འཁོར་བཅུ་དྲུག་དང་བཅས་འཕགས་ཡུལ་དུ་ཕྱིན་ཏེ་པཎྜི་ཏ་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བྱིན་སོགས་མཁས་པ་རྣམས་ལས་སྒྲ་དང་ཡི་གེ་ཕུལ་དུ་ཕྱིན་པ་བསླབས་ནས་བོད་དུ་བྱོན། རྒྱལ་པོར་བྱ་དཀའི་ལམ་ནས་དྲངས་པའི་བསྟོད་པས་ཆེད་དུ་བརྗོད་པས་དགྱེས། སྐུ་མཁར་མ་རུར་ན་ག་ར་ཡིག་ལ་དཔེར་བྱས་ནས་བོད་ཡིག་གི་གཟུགས་གསར་དུ་མཛད་དེ་དེའང་བོད་སྐད་ལ་མི་མཁོ་བའི་དབྱངས་གསལ་རྣམས་དོར། ཉེ་བར་མཁོ་བའི་ཡི་གེ་དྲུག་བསྣན་ཏེ་མ་ཡིག་སུམ་ཅུ་བུ་དྲུག་དུ་གྲགས་པ་དང་བཅས་ཡི་གེའི་སྲོལ་གཏོད་པ་དང་། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་བརྡ་སྤྲོད་པའི་གཞུང་ལུགས་བརྒྱད་མཛད་པར་གྲགས་པ་ལས་སུམ་རྟགས་མ་གཏོགས་པའི་འཕྲོས་དྲུག་པོ་གླང་དར་སྐབས་སུ་ནུབ་པར་བཤད། དེའི་ཡིག་རྒྱུན་རིམ་གྱིས་བརྒྱུད་དེ་ཁྱུང་པོ་གཡུ་ཁྲི་དང་སུམ་པ་གནོད་སྦྱིན་སོགས་ཀྱིས་ལེགས་པར་གཏན་ལ་ཕབ་སྟེ་དར་རྒྱས་སུ་སྤེལ་བ་ཡིན་ནོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤོ་568.20ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number