3009

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:48, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཏིང་ངེ་འཛིན་བསྒོམ་པ་རྣམ་པ་བཞི།
Tibetan Alternate
Tibetan Definition དོན་རྣམ་པར་ངེས་པ་ཞེས་བྱའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་ཁག་གཅིག་སྟེ།

1.དེ་ལ་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ནས་འདོད་ཆགས་སྤོང་བར་འགྱུར་བ་ནི། འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་སྐྲ་དང་། ཀླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་སྟེ། ལུས་འདི་ལ་ཡོད་པ་ནི་སྐྲ་དང་། ཁ་སྤུ་དང་། སོ་དང་། སེན་མོ་དང་། རྔུལ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། གློ་བ་དང་། མཆིན་པ་དང་། ཕོ་བ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ལྒང་པ་དང་། མཆེར་པ་དང་། ཕྱི་ས་དང་། མཆི་མ་དང་། རྡུལ་དང་། ངར་སྣབས་དང་། མཆིལ་མ་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། རྣག་དང་། བད་ཀན་དང་། མཁྲིས་པ་དང་། ཁྲག་དང་། ཀླད་པ་དང་། ཀླད་རྒྱུས་དང་། གཅིན་དང་། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་གོ ། འདི་ལྟ་སྟེ། དཔེར་ན། འབྲུ་རྣམ་པ་སྣ་ཚོགས། འདི་ལྟ་སྟེ། འབྲས་ས་ལུ་དང་། འབྲུ་དང་། ནས་དང་། གྲོ་དང་། མོན་སྲན་གྲེའུ་དང་། མོན་སྲན་སྟེའུ་དང་། རྒྱུ་སྲིན་དང་། འབྲས་ནི་སྤ་པ་དང་། སྲན་ཆུང་དང་། མོན་སྲིན་ན་གུ་དང་། ཏིལ་དང་། འབྲས་དྲུས་པ་དང་། ཡུངས་ཀར་གྱིས་གུང་བའི་སྦྱང་ཞིག་ཁ་གཉིས་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི་ཞིག་གིས་བླུག་སྟེ་སོ་སོར་བརྟགས་ན་འདི་དག་ནི་འབྲས་ས་ལུའོ། ། འདི་དག་ནི་འབྲས་སོ། ། འདི་དག་ནི་ནས་སོ། ། འདི་དག་ནི་གྲོའོ། ། འདི་དག་ནི་མོན་སྲན་གྲེའུའོ། ། འདི་དག་ནི་མོན་སྲན་སྡེའུའོ། ། འདི་དག་ནི་རྒྱ་སྲན་ནོ། ། འདི་དག་ནི་འབྲས་ནི་སྤ་པའོ། ། འདི་དག་ནི་སྲན་ཆུང་ངོ་། ། འདི་དག་ནི་མོན་སྲན་ན་གུའོ། ། འདི་དག་ནི་ཏིལ་ལོ། ། འདི་དག་ནི་འབྲས་དུས་པའོ། ། འདི་དག་ནི་ཡུངས་ཀར་རོ་ཞེས་བྱ་བར་ཤེས་སོ། ། དེ་བཞིན་དུ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་ཀླད་པ་ལ་ཐུག་གི་བར་དུ་སྔ་མ་བཞིན་དུ་ཀླད་པ་དང་། ཀླད་རྒྱུས་དང་། གཅིན་དང་། མི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ནས་འདོད་ཆགས་སྤོང་བར་འགྱུར་རོ། ། 2.ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ནི། འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ ཀྱང་རུང་སྟེ། དབེན་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་རང་གི་ལུས་འདི་ཉིད་མཉེན་པར་བྱེད། ཡོངས་སུ་མཉེན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམས་པར་བྱེད། ཀུན་ཏུ་རྒྱས་པར་བྱེད་པ་སྟེ། འདི་ལྟ་སྟེ། དབེན་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་དེའི་རང་གི་ནང་གི་ལུས་ཐམས་ཅད་ལ་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་མེད་དོ། ། འདི་ལྟ་སྟེ། དཔེར་ན། མེ་ཏོག་ཨུཏྤལ་འམ། པདྨའམ། ཀུ་མུད་དའམ། པདྨ་དཀར་པོའང་རུང་སྟེ། ཆུ་ནས་སྐྱེས་པ། ཆུར་བྱིང་བ་དེ་དག་ཐམས་ཅད་ནི་བསིལ་བའི་ཆུས་མཉེན་པར་བྱས་པ། ཡོངས་སུ་ཁྱབ་པར་བྱས་པ། ཡོངས་སུ་ཚིམས་པར་བྱས་པ། ཀུན་ཏུ་རྒྱུས་པར་བྱས་པ་དག་གོ ། དེ་བཞིན་དུ་དགེ་སློང་དགོན་པོ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་རང་གི་ནང་གི་ལུས་འདི་མཉེན་པར་བྱེད། ཡོངས་སུ་མཉེན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམས་པར་བྱེད། ཀུན་ཏུ་རྒྱས་པར་བྱེད་དེ། འདི་ལྟ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་དེའི་ནང་གི་ལུས་ཐམས་ཅད་ལ་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་མེད་དེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའོ། ། 3.ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་བ་ནི། དགེ་སློང་དག འདི་ལ་དགེ་སློང་གི་སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་བཟུང་། ལེགས་པར་ཡིད་ལ་བྱས། ལེགས་པར་རེག་ཇི་ལྟ་བར་ཉིན་མོའང་དེ་བཞིན། སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན། འོག་ཏུ་ཇི་ལྟ་བར་སྟེང་དུའང་དེ་བཞིན། སྟེང་དུ་ཇི་ལྟ་བར་འོག་ཏུའང་དེ་བཞིན་ཏེ། དེ་ལྟར་ཕྱེ་ཞིང་ཀུན་ནས་བསྐོར་བ་མེད་པའི་སེམས་གྱིས་ཉིན་མའི་འདུ་ཤེས་ལ་ཤིན་ཏུ་གནས་ཏེ། དེ་སྣང་བ་དེ་སེམས་ལ་སྒོམ་མོ། ། འདི་ལྟ་སྟེ། དཔེར་ན། སོས་ཀའི་ཟླ་བ་ཐ་མ་ལ་ནམ་མཁའ་ལ་སྤྲིན་མེད་ཅིང་སྤྲིན་དང་བྲལ་བའི་ཉིན་མོ་ཉི་མའི་གུང་ལ་སྣང་བ་ཡོངས་སུ་དག་ཅིང་ཡོངས་སུ་དཀར་ལ་འོད་གསལ་ཏེ་མུན་པ་མ་ཡིན་ནོ། ། དེ་བཞིན་དུ་དགེ་སློང་གི་སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་བཟུང་། ལེགས་པར་ཡིད་ལ་བྱས། ལེགས་པར་རེག་པར་བྱས་ལེགས་པར་རྟོགས་པར་བྱས་ཏེ། ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནས་ནས་དེ་སྣང་བ་དེ་སེམས་ལ་རློམ་སྟེ། ཉིན་མོ་ཇི་ལྟ་བར་མཚན་མོའང་དེ་བཞིན། མཚན་མོ་ཇི་ལྟ་བར་ཉིན་མོའང་དེ་བཞིན། སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན། འོག་ཇི་ལྟ་བར་སྟེང་ཡང་དེ་བཞིན། སྟེང་དུ་ཇི་ལྟ་བར་འོག་ཏུའང་དེ་བཞིན་ཏེ། དེ་ལྟར་ཕྱི་ཞིང་ཀུན་ནས་བསྐོར་བ་མེད་པའི་སེམས་ཀྱིས་ཉིན་མོའི་འདུ་ཤེས་ཤིན་ཏུ་གནས་ནས་དེ་སྣང་བ་དེ་སེམས་ལ་སྒོམ་པ་སྟེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་རོ། ། 4.ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཤེས་རབ་འཐོབ་བར་འགྱུར་བ་ནི། འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། བདེ་བའང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བའང་ནུབ་པས་སྡུག་བསྔལ་ཡང་མེད། བདེ་བའང་མེད་དེ། བཏང་སྙོམས་དང་། དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ནས་གནས་ཏེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཤེས་རབ་འཐོབ་པར་འགྱུར་བ་སྟེ། འདི་དག་ནི་ཏིང་ངེ་འཛིན་བསྒོམ་པ་བཞི་པའོ། །

Tibetan Source 《མདོ་ལ་པ་》ཤ་272ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number