3039
Tibetan | རྟེན་འབྲེལ་བརྟག་པ་བཞི། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་རྟ་དང་རྟེན་འབྲེལ་བརྟག་པ་ལས་བྱུང་བ་སྟེ།
1.ཕྱི་ལྟར་བརྟག་པ་ནི། རྟེན་འབྲེལ་ཕྱི་ལྟར་འབྱུང་ལྔ་མདོག་དབྱིབས་སྒྲ། ། དེ་ལ་རྟེན་འབྲེལ་ཇི་ལྟར་བརྟག་པ་ནི། རྣལ་འབྱོར་བ་དུས་དང་རྣམ་པ་ཐམས་ཅད་དུ། རང་གི་ཡིད་ཀྱི་ཡུལ་དུ་ཕྱི་ནང་སྣང་སྲིད་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་གྱི་ནུས་མཐུ་ཡིན། རྟེན་འབྲེལ་ལས་མ་འདས། ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ཡིན་སྙམ་དུ་བསམ། ངག་ནས་ཀྱང་དེ་ཀ་ལྟར་བརྗོད། བྱ་བྱེད་ཐམས་ཅད་ཀྱང་དེའི་ངང་ནས་བྱ། ལུས་ངག་ཡིད་ཀྱི་རྣམ་དཔྱོད་ཐམས་ཅད་རྟེན་འབྲེལ་གྱི་རོལ་པའི་ངང་ནས་བྱས་ལ། ལ་ཉེ་བཟང་ངན་ལ་སོགས་པ་ཐམས་ཅད་རྟེན་འབྲེལ་གྱི་འཆར་སྒོ་ལས་ཤེས་པར་འགྱུར་ཞིང་། བསྒོམ་ཞིང་བརྟན་པ་ཐོབ་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རོལ་པར་ཤར་ནས་མངོན་ཤེས་ལྔ་འཐོབ་ཅིང་། རྫུ་འཕྲུལ་སྤྲུལ་བསྒྱུར་གྱི་མཐུ་སྟོབས་ལ་མངའ་བརྙེས་ཤིང་། སྣང་སེམས་གཉིས་མེད་དུ་འདྲེས་ནས་གྲོལ་བར་འགྱུར་རོ། ། ནམ་བརྟག་པའི་དུས་སུ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་། སྣང་བ་རྟེན་འབྲེལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་དེ། དེ་ཡང་ཐོག་མར་རྟེན་འབྲེལ་རིག་པས་དཔྱད། བར་དུ་ཤུགས་ལ་འཆར་ཞིང་མཐར་ཡིད་ལ་བཟང་ངན་ཐམས་ཅད་རང་འཆར་དུ་འོང་ངོ་། ། དོན་ཆེད་གང་ལ་ཡང་། བརྟག་བྱ་ཕྱིའི་འབྱུང་བ་ས་དང་། ཆུ་དང་། མེ་དང་རླུང་དང་། ནམ་མཁའ་ལྔ་དང་། ། འགྲོ་བ་སྐྱེ་འགྲོ་གཟུགས་སུ་སྣང་བ་རྣམས་དང་། སྣོད་སྤྱད་ནོར་རྫས་རིན་ཆེན་སོགས་ཀྱི། ཁ་དོག་འབྱུང་བ་རང་རང་གི་ཁ་དོག་སྤྱི་བྱེ་བྲག་ཏུ་ཁ་དོག་དཀར་དམར་སོགས་གང་ཡིན་ཡང་གསལ་ལ་དྭངས་པ། བཀྲག་དང་གཟི་མདངས་ཆེ་བ་མཐོང་ན་འགྲོ་སྡོད་བྱ་བ་ཐམས་ཅད་ལ་བཟང་ཞིང་། མདོག་ངན་པ་ཐལ་སྐྱ། དུད་ཁ་སོགས་ཡིད་དུ་མི་འོང་བའི་མདོག་གང་ལྟར་དུ་འདུག་པ་མཐོང་ན་བྱ་བ་ཐམས་ཅད་ལ་ངན་ནོ། ། དབྱིབས་ཀྱང་འབྱུང་བ་རང་རང་གི་ད་བྱིབས་སམ། ཉི་ཟླ་ཤར་འདྲ། འབྲུ་ནོར་སྤུངས་འདྲ། རྒྱ་མཚོ་འཁྱིལ་འདྲ། ལྗོན་ཤིང་རྒྱས་འདྲ། སེང་ཆེན་འགྱིང་འདྲ། འབྲུག་ཆེན་འཕྱོ་འདྲ་སོགས་གཟུགས་དབྱིབས་ཡིད་དུ་འོང་བ་ཅི་ལྟ་བུ་མཐོང་ཡང་རང་གཞན་གྱི་འདོད་དོན་བྱ་བྱེད་གང་ཞིག་བརྟགས་པ་ཐམས་ཅད་བཟང་བར་ཐག་བཅད་དོ། ། དབྱིབས་ངན་པ། སྣོད་སྟོང་། མཚོན་ཆ། གདོན་གཟུགས། ཁྱི་སྤྱང་། སྤྲེལ་སྦྲུལ་རེ་ཧྲུལ། ལོང་སྤྲང་སོགས་ཡིད་དུ་མི་འོང་བའི་རིགས་ཐམས་ཅད་ལ་དོན་གང་ཡང་ལམ་དུ་མི་འགྲོ་བར་ངན་པར་འགྱུར་བའི་ཚུལ་དུ་ཐག་བཅད་དོ། ། སྒྲ་ལ་ཡང་། འབྱུང་བཞིའི་སྒྲ་དང་། འབུད་དཀྲོལ་གྱི་རོལ་མོ། འགྲོ་བའི་མི་དང་དུད་འགྲོའི་སྒྲ་སྐད་གང་ལ་བརྟགས་ཀྱང་རྣ་བར་སྙན་ཞིང་ཡིད་དུ་འོང་བ་སྒྲ་ཟུར་ལ་ཞིབ་ཏུ་བརྟགས་པས་ངོ་མཚར་བའི་ཚིག་སྟོན་པ་དེ་ལ་གོམས་ན་སྒྲ་ཚིག་གསལ་བར་ཐོས་པ་སོགས་འབྱུང་བས་རང་གཞན་གྱི་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་འཕེལ་བའི་རྟེན་འབྲེལ་དུ་གོ་དགོས་སོ། ། སྒྲ་ངན་པ་ངུ་སྒྲ་སྡུག་སྐད་སོགས་ཡིད་དུ་མི་འོང་བའི་སྒྲ་སྐད་གང་ཡང་དོན་ཆེན་གང་ལ་ཡང་འཕྲལ་ཡུན་དུ་མི་ལེགས་པའི་ཚུལ་ལ་དཔྱད་དོ། ། 2.ནང་ལྟར་བརྟག་པ་ནི། གཡས་གཡོན་འབྱུང་འཇུག་རླུང་དང་ལྷས་རིམ་སྟོན། ། རླུང་འཛིན་པ་ལ་གཙོ་བོར་བསླབ་པའི་རྣལ་འབྱོར་པས་རླུང་རོ་གསུམ་དབྱུང་རླུང་དར་ཅིག་བཟུང་ནས། བྱ་བ་གང་ཡིན་ཡིད་ལ་བྱས་ཏེ། རླུང་ཕྱིར་དལ་གྱིས་དབྱུང་ཏེ་དཔྱད་པས། ཐོགས་སྡུག་མེད་པར་མཉམ་དུ་སངས་ཀྱིས་སོང་ན་མཆོག་ཏུ་བཟང་། གཡོན་དུ་སོང་ན་བཟང་། གཡས་སུ་སོང་ན་ངན། རླུང་འཁྱིལ་ཞིང་འཚུབས་ན་ངན། རྒོད་ཅིང་བྲེལ་ན་ངན། དལ་ཞིང་འཇིམ་ན་བཟང་ངོ་། ། ཡང་ན་བརྟག་པ་དྲོན་མ་ཐག་རླུང་གཡས་ནས་རྒྱུ་ན་ངན། གཡོན་ནས་རྒྱུ་ན་བཟང་། མཉམ་དུ་རྒྱུ་ན་འབྲིང་། ནང་རྔུབ་བཟང་། ཕྱིར་རྒྱུ་ངན། ཁོག་ཏུ་གནས་པ་འབྲིང་གཡས་རྒྱུ་ཕྱིར་འབུད་ངན་ཐག་གཅོད་པ་དང་། གཡོན་རྒྱུ་ནང་ཇུབ་བཟང་ཐག་ཆོད་པ་དང་། མཉམ་རྒྱུ་ནང་གནས་ཐག་ཚོད་མེད་པ་དང་། གཡས་རྒྱུ་ནང་རྔུབ་བཟང་ངན་འདྲེས་མ་དང་། གཡོན་རྒྱུ་ཕྱིར་འབུད་བཟང་ངན་འདྲེས་མར་དཔྱད་དོ། ། ལྷས་སྟོན་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་བསྒྲུབས་ནས་རྟེན་འབྲེལ་གསལ་བའི་ལས་སྦྱོར་བྱས་པས་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ལུང་སྟོན་པ་འབྱུང་ངོ་། ། ལྷ་མོ་ཤརྨ་ནི་དང་རྩའི་པྲ་སྒྲུབ་ལ་སོགས་པ་ལྟར་བསྒྲུབ་ཀྱང་གསལ་བར་ཤེས་སོ། ། 3.གསང་བ་ལྟར་བརྟག་པ་ནི། རྟོག་མེད་ཏིང་འཛིན་ལ་གནས་མངོན་ཤེས་འཆར། ། འཁྲུལ་པའི་རྣམ་པར་རྟོག་པ་ཀུན་སྤངས་ཏེ་སེམས་ཉེ་བར་ཞི་བའི་ཏིང་ངེ་འཛིན་ལ་གནས་པའི་ཚེ་ཉམས་ལ་བརྟག་པ་བཟང་ངན་གང་ལྟར་ཤར་བ་ཐོགས་མེད་དུ་བརྗོད་པ་ལྟར་འབྱུང་འགྱུར་བཟང་ངན་ཐམས་ཅད་ཐིག་པར་ངེས་སོ། ། 4.མོ་ལྟར་བརྟག་པ་ནི། མོ་ལ་བསྡུས་དང་རྒྱས་དཔྱད་བརྒྱ་རེ་བཞི། ། མོ་ལྟར་དཔྱད་པ་ནི། ཤཱ་རིའི་བུས་མཛད་པའི་མོ་ལྟས་མཚན་མ་བརྒྱད་པ་དང་། ཐོད་ཕྲེང་སྡེ་ལྔ་ལྟ་བུ་བསྡུས་པ་དང་། འཇམ་དབྱངས་རྡེལ་མོ་ལྟ་བུ་རྒྱས་པ་ལ། དཔྱད་བརྒྱ་དང་དྲུག་ཅུ་རེ་བཞི། དེ་ལ་དཔྱད་གཞི་དང་དཔྱད་ཚུལ་གཉིས། དཔྱད་གཞི་ལ་ས་མལ་དགུ། དཔྱད་ཚུལ་ལ་བདུན་ཏེ། དེ་ལ་དཔྱད་གཞི་དང་དཔྱད་ཚུལ་གཉིས། དཔྱད་གཞི་ལ་ས་མལ་དགུ། ཁ་འཐོར་དཔྱད་བཅུ་དགུ། རྐྱང་དཔྱད་སོ་དྲུག སྤྱི་དཔྱད་བཅུ། རྡེལ་ལྷག་དཔྱད་བཅུ་གཉིས། ཡང་ལྷག་དཔྱད་བཞི། སྤྱི་དཔྱད་བདུན་པར་ནང་གསེས་གསུམ། བཅུ་པར་དགུ་གསུམ་ལྔ་དང་བཅས་སོ། ། དེ་ལྟར་ཕྱི་ནང་གི་རྟེན་འབྲེལ་གང་ཤར་བ་དང་། རྣལ་འབྱོར་པའི་སེམས་ལ་ལེགས་ཉེས་གང་ཡིན་འཆར་བ་དུས་དེ་ཉིད་དུ་ཐེ་ཚོམ་མེད་པར་བཟང་ངན་གང་ཤར་ཡང་ཐག་ཅད་ཀྱིས་གཅོད་པ་གནད་ཡིན་པས། ཡིད་གཉིས་ཐེ་ཚོམ་ཞུགས་ན་འཆོལ་བར་འགྱུར་བས། རིག་པ་ལ་ཧུར། ཤེས་པ་ལ་ཁྲོལ། དབང་པོ་ལ་གཟིངས་ཕྱུང་སྟེ་ཐག་བཅད་དོ། ། གཞན་སུས་ཅི་ཟེར་ཡང་མི་ཉན་པར་ཐག་གཅད་པ་གལ་ཆེའོ། ། རྒྱས་པར་དགོངས་འདུས་རྟེན་འབྲེལ་དམར་ཁྲིད་དང་། དྲང་སྲོང་གར་གས་ལྟས་ཀྱི་རྣམ་པ་བསྟན་པ་ལྟར་བརྟག་པར་བྱའོ། ། |
Tibetan Source | 《མདོ་རྒྱུད་མཛོད་ཨ་པ་》ཤ་684.24ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |