4317
Tibetan | ལུས་ཀྱི་གནས་ལུགས་བསྟན་པ་བཞི། |
---|---|
Tibetan Alternate | |
Tibetan Definition | 1.ལྡང་ཚད་ལུས་ཟུངས་གནས་ལུགས་བསྟན་པ་ལ་གསུམ་སྟེ།
(1)གནོད་བྱེད་ཉེས་པའི་ལྡང་ཚད་བསྟན་པ་ནི། དང་པོ་རླུང་གི་ལྡང་ཚད་ལྒང་ཕུག་གང་། ། མཁྲིས་པའི་ལྡང་ཚད་རང་གི་གསང་སྒྲོ་གང་། ། བད་ཀན་ལྡང་ཚད་རང་གི་སྙིམ་པ་གསུམ། ། ཞེས་པ་སྟེ་ཐ་མལ་ནད་མེད་པའི་སྐྱེས་བུའི་ལུས་ལ་ཡོད་དགོས་པའི་ཉེས་པ་གསུམ་ལས་རླུང་གི་ལྡང་ཚད་ནི་རང་གི་དྲི་ཆུའི་སྣོད་སྒང་ཕུག་གང་དང་། མཁྲིས་པའི་ལྡང་ཚད་ནི་རང་གི་གསང་བའི་སྒྲོ་བ་སྟེ་རླིག་པའི་པགས་པ་གང་དང་། བུད་མེད་ཀྱི་མཁྲིས་པའི་ལྡང་ཚད་ཀྱང་རང་མཉམ་གྱི་སྐྱེས་པའི་གསང་སྒྲོ་གང་ཙམ་ཡོད་པ་རིག་པས་ཤེས་པར་བྱའོ། ། བད་ཀུན་གྱི་ལྡང་ཚད་ནི་རང་གི་ཁྱོར་བ་ཁ་ཅུང་ཟད་གཡོལ་བ་གཉིས་བསྡོམས་པ་ལ་སྙིམ་པ་ཞེས་བྱ་བ་དང་གསུམ་གྱི་ཚད་དུ་བསྟན་པ་ཡིན་ནོ། ། (2)གནོད་བྱ་ཁམས་ཀྱི་ལྡང་ཚད་བསྟན་པ་ལ་གསུམ་སྟེ། [1]ལུས་ཟུངས་དྲི་མའི་ལྡང་ཚད་བསྟན་པ་ནི། ཁྲག་དང་ཕྱི་སའི་ལྗང་ཚད་སྙིམ་པ་བདུན། ། གཅིན་དང་ཆུ་སེར་ལྡང་ཚད་སྙིམ་པ་བཞི། ། ཞག་དང་ཚིལ་བུའི་ལྡང་ཚད་སྙིམ་པ་དོ། ། མདངས་དང་ཁུ་བའི་ལྡང་ཚད་ཁྱོར་བ་རེ། ། ཀླད་པའི་ལྡང་ཚད་རང་གི་སྙིམ་པ་གང་། ། ཤ་ཡི་ལྡང་ཚད་སྤར་ཚད་ལྔ་བརྒྱ་སྟེ། ། བུད་མེད་བརླ་དང་ནུ་མ་ཉི་ཤུས་ལྷག ། རུས་པའི་ལྡང་ཚད་རུས་རིགས་ཉི་ཤུ་གསུམ། ། དེ་ལས་སྐལ་ཚིགས་འཕང་ལོ་ཉི་ཤུ་བརྒྱད། ། རྩིབ་མའི་གྲངས་ནི་ཉི་ཤུ་རྩ་བཞི་སྟེ། ། སོ་ཡི་གྲངས་ནི་སུམ་ཅུ་རྩ་གཉིས་མཆིས། ། རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་སྟེ། ། ཡན་ལག་ཚིགས་ཆེན་རྣམ་པ་བཅུ་གཉིས་ཡོད། ། ཚིགས་ཕྲན་ཉིས་བརྒྱ་དང་ནི་རྩ་བཅུའོ། ། ཞེས་སོ། ། 〈1〉རུས་པའི་ལྡང་ཚད་དམ་རུས་རིགས་མི་འདྲ་བ་ཉི་ཤུ་རྩ་གསུམ་ནི། 1)ལྟག་པའི་རུས་པ། 2)ཐོད་རུས། 3)སྣའི་ཁྲུང་ཁྲུང་། 4)སོ། 5)མ་མགལ་རུས་པ་བཅས་མགོ་ལ་ལྔ། 6) སྒལ་ཚིགས། 7)དེའི་བྱ་འདབ། 8)གཞུག་ཏོ། 9)དཔྱི་རུས། 10)སོག་རུས། 11) སྒྲོག་རུས། 12)བྲང་རུས། 13)རྩིབས་རུས། 14)ལྷ་རུ་རྩེ་བཅས་བྱང་ཁོག་ལ་དགུ། 15)པུང་རྐང་། 16)རྗེ་ངར། 17)ལག་མགོའི་རུས་པ་སྟེ་ལག་པར་གསུམ། 18)བརླ་རྐང་། 19)ལྷ་ང་། 20)རྗེ་ངར། 21)སྲེ་ལོང་། 22)རྐང་མགོའི་རུས་པ་སྟེ་རྐང་པ་ལ་ལྔ། 23)རྐང་ལག་གཉིས་ཀྱི་སེན་མོ་བཅས་ཡན་ལག་ལ་དགུ་བཅས་སོ། ། 〈2〉རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་ནི། 1)མཚོགས་གསང་ནས་ལྟག་པའི་སྡུད་སྒོ་གཡས་གཡོན་དུ་ཐོད་པའི་རུས་དུམ་གཉིས། 2)ལྟག་པའི་སྡུད་སྒོ་ནས་ལྟག་རྒྱབ་བར་ན་ལྟག་པའི་རུས་དུམ་གཅིག 3)སྨིན་དབྲག་ནས་མཚོ་ས་མ་བར་ན་དཔྲལ་བའི་རུས་དུམ་གཅིག 4)རྣ་ལྟག་གཡས་གཡོན་དུ་རྣ་ལྷན་གྱི་རུས་དུམ་གཉིས། 5)སྨིན་དབྲག་དབུས་ཀོང་དུ་གནས་པ་མིག་དབྲག་གི་རུས་དུམ་གཅིག 6)སྣ་ཡི་སྒྲོམ་མམ་གཡས་གཡོན་མཚུལ་པའི་རུས་དུམ་གཉིས། 7)མིག་རུས་སམ་མིག་ཆུའི་རུས་དུམ་གཉིས། 8)འགྲམ་པ་གཡས་གཡོན་དུ་མཁུར་ཚོས་རུས་དུམ་གཉིས། 9)རྣ་བ་གཡས་གཡོན་དུ་སྒྲ་ལེན་རུས་དུམ་གསུམ་རེ་སྟེ་དྲུག 10)ཡ་མགལ་གྱི་རུས་དུམ་གཉིས། 11)རྐན་གྱི་རུས་དུམ་གཉིས། 12) རྐན་ཕུགས་སམ་མཚུལ་འོག་ཏུ་པ་ནས་པ་ཐོང་གཤོལ་འདྲ་བའི་རུས་གཉིས། 13)ལྕེ་རྩའི་རུས་པ་དུམ་བུ་གཅིག 14)མ་མགུལ་གྱི་རུས་དུམ་གཅིག་བཅས་དུམ་བུ་ཉི་ཤུ་རྩ་བདུན་སྟེང་། 15)སོ་ཡི་གྲངས་སྨྲ་བརྗོད་སོགས་ལ་གཅེས་པའི་མདུན་སོ་བཞི་རེ་སྟེ་བརྒྱད། 16)མཛེས་བྱེད་ཀྱི་མཆེ་བ་གཉིས་རེ་སྟེ་བཞི། 17)ཟས་སོགས་གཅོད་བྱེད་ཀྱི་འགྲམ་སོ་བརྒྱད་རེ་སྟེ་བཅུ་དྲུག 18)མཐའ་བཞི་པོར་སོ་ཆུང་རེ་སྟེ་བཞི་བཅས་བསྡོམས་པས་མགོ་བོ་སྤྱི་ལ་རུས་དུམ་ང་དགུ་མཆིས་པའོ། 19)བྱང་ཁོག་གི་རུས་དུམ་ནི། སྒལ་ཚིགས་ལ་འཕང་ལོ་དང་། བྱ་འདབ་གཡས་གཡོན་གཉིས། 20)དབུས་ཀྱི་སྒྲོ་གཟོ་མ་བཅས་ཆེར་གསལ་བའི་ཚིགས་པ་ཉེར་བཞི་གྲངས་བཞི་ཡིས་བསྒྱུར་བས་གོ་དྲུག 21)ཆེར་མི་གསལ་བའི་ཚིགས་པ་བརྒྱད་བསྣན་པས་བརྒྱ་དང་བཅུ་མེད་བཞི། 22)རྩིབས་མ་གཡས་གཡོན་བཅུ་གཉིས་རེ་སྟེ་ཉེར་བཞི། 23)བྲང་རུས་གཡས་གཡོན་དང་འབྲེལ་བའི་ནམ་ཚོང་གི་རྩིབས་ཐུང་འཁྱོག་པོ་གཉིས། 24)རྩིབས་རིང་གཡས་གཡོན་ལྔ་སྟེ་བཅུའི་སྣར་ཁྲུང་ཁྲུང་པ་རེ་སྟེ་བཅུ་གཉིས། 25)མ་འབྲེལ་བ་ལྷག་མ་བཅུ་གཉིས་པོའི་སྣ་སྒོར་ཁྲུང་ཁྲུང་རེ་བརྩིས་པའི་གཡས་གཡོན་གཉིས་བཅས་བསྡོམས་རྩིབས་མའི་ཁྱུང་རུས་བཅུ་བཞི། 26)བྲང་རུས་གཡས་གཡོན་ལ་དྲུག་དྲུག་སྟེ་བཅུ་གཉིས། 27)ལྷུན་རུས་གཅིག 28)སོག་རུས་གཉིས། 29)སྒྲོག་རུས་གཉིས། 30)དཔྱི་རུས་གཉིས་བཅས་འདྲིལ་བས་བྱང་ཁོག་གི་རུས་དུམ་བརྒྱ་དང་རེ་གཅིག། 31)ལག་པར་དཔུང་རྐང་གཉིས། 32)ལག་ངར་ཆེ་ཆུང་བཞི། 33)མཁྲིག་མ་དང་སྲན་རྩེའི་མཚམས་ན་རུས་དུམ་བརྒྱད་རེ་སྟེ་བཅུ་དྲུག 34)མཐེ་བོང་ལ་གསུམ་གསུམ་སྟེ་དྲུག 35)སོར་མོ་གཞན་བརྒྱད་ལ་བཞི་རེ་སྟེ་རུས་དུམ་སོ་གཉིས། 36)སེན་མོ་གཡས་གཡོན་ལ་ལྔ་རེ་སྟེ་བཅུ་བཅས་འདྲིལ་བས་བདུན་ཅུ་ཐམ་པ། 37)རྐང་པོར་བརླ་རྐང་གཡས་གཡོན་རུས་དུམ་གཉིས། 38)ལྷ་ངའི་རུས་དུམ་གཉིས། 39)རྗེ་ངར་ཆེ་ཆུང་གཉིས་རེ་སྟེ་བཞི། 40)རྟིང་རུས་སམ་སྲེ་ལོང་རུས་དུམ་ཆེ་འབྲིང་ཆུང་གསུམ་རེ་སྟེ་དྲུག 41)རྒྱ་ཚིགས་མཚམས་ན་རུས་དུམ་བཞི་རེ་སྟེ་བརྒྱད། 42)མཐེ་བོང་གཉིས་ལ་རུས་དུམ་གསུམ་རེ་སྟེ་དྲུག 43)སོར་མོ་གཞན་བརྒྱད་ལ་རུས་དུམ་བཞི་རེ་སྟེ་སོ་གཉིས། 44)སེན་མོ་གཡས་གཡོན་ལ་ལྔ་རེ་སྟེ་བཅུ་བཅས་རྐང་པ་ལ་རུས་དུམ་བདུན་ཅུ་ཐམ་པ་སྟེ་ཡན་ལག་བཞི་བསྡོམས་པས་རུས་དུམ་བརྒྱ་དང་བཞི་བཅུའོ། ། དེས་ན་ལུས་ཐ་མལ་བ་ན་ཚོད་དར་ལ་བབས་ཞིང་དབང་པོའི་བྱེ་བྲག་ཀུན་ལྷག་ཆད་ཀྱི་མཐའ་དང་བྲལ་བའི་སྐྱེས་བུའི་ལུས་ཁམས་ཀྱི་རུས་པའི་ལྡང་ཚད་དུམ་བུར་དབྱེ་ནས་བསྟན་ན་མགོ་བོར་ང་དགུ་དང་། བྱང་ཁོག་ལ་བརྒྱ་དང་རེ་གཅིག ཡན་ལག་བཞི་ལ་བརྒྱ་དང་བཞི་བཅུ་བཅས་བསྡོམས་པས་སུམ་བརྒྱ་དྲུག་ཅུའོ། ། 〈3〉ཡན་ལག་བཞི་ལ་ཚིགས་ཆེན་ནི་རྣམ་གྲངས་བཅུ་གཉིས་ནི། 1)དཔུང་ཚིགས་གཉིས། 2)གྲུ་ཚིགས་གཉིས། 3)མཁྲིག་ཚིགས་གཉིས། 4)དཔྱི་ཚིགས་གཉིས། 5)པུས་ཚིགས་གཉིས། 6)ལོང་ཚིགས་བཅས་སོ། ། 〈4〉ཚིགས་ཕྲན་ཉིས་བརྒྱ་བཅུ་ནི། 1)མགོ་བོར་ཐོད་རུས་གཡས་གཡོན་ཚིགས་སམ་རྒྱ་སུབས་གཉིས། 2)ལྟག་རུས་འབྲེལ་མཚམས་ཀྱི་ཚིགས་ཕྲན་གཅིག 3)དཔྲལ་རུས་འབྲེལ་མཚམས་ཚིགས་སུབས་གཅིག 4)རྣ་ལྷན་རུས་དུམ་འབྲེལ་མཚམས་ཚིགས་སུབས་གཉིས། 5)སྨིན་དབྲག་རུས་དུམ་འབྲེལ་མཚམས་ཀྱི་ཚིགས་སུབས་གཅིག 6)མཚུལ་རུས་གཡས་གཡོན་འབྲེལ་མཚམས་ཚིགས་སུབས་གཉིས། 7)མིག་རུས་གཡས་གཡོན་འབྲེལ་མཚམས་ཚིགས་སུབས་གཉིས། 8)མཁུར་ཚོས་རུས་དུམ་འབྲེལ་མཚམས་ཚིགས་ཕྲན་གཉིས། 9)རྣ་བའི་རུས་དུམ་དྲུག་ལ་ཚང་མ་འབྲེལ་ཅིང་མཐུད་པའི་མཚམས་ཚིགས་ཀྱང་དྲུག 10)ཡ་མགལ་རུས་དུམ་འབྲེལ་མཚམས་ཚིགས་ཕྲན་གཉིས། 11)གཤོལ་རུས་འབྲེལ་མཚམས་ཚིགས་ཕྲན་གཉིས། 12)ལྕེ་རུས་ཀྱི་ཚིགས་ཕྲན་གཅིག 13)མ་མགུལ་གྱི་རུས་དུམ་གཅིག། 14)གཡས་གཡོན་འབྲེལ་མཚམས་ཀྱི་ཚིགས་ཕྲན་གཉིས་བཅས་འདྲིལ་བས་མགོ་བོར་ཚིགས་ཕྲན་ཉེར་བརྒྱད། 15)སྐལ་ཚིགས་སོ་གཉིས་རྣམས་སྔ་མ་ལ་ཕྱི་མ་མཐུད་ནས་འབྲེལ་བའི་ཕྱིར་ཚིགས་ཕྲན་ཀྱང་སོ་གཉིས། 16)རྩིབས་མ་ཉེར་བཞི་རྣམས་སྒལ་ཚིགས་སུ་འབྲེལ་བས་ཚིགས་ཀྱང་ཉེར་བཞི། 17)རྩིབས་ཐུང་གཉིས་སྒལ་ཚིགས་སུ་འབྲེལ་བའི་ཚིགས་ཕྲན་གཉིས། 18)ནམ་ཚོང་གི་རྩིབས་ཐུང་འཁྱོག་པོ་གཉིས། 19)རྩིབས་རིང་གཡས་གཡོན་ལྔ་རེ་སྟེ་བཅུ་རྣམས་བྲང་རུས་དང་འབྲེལ་བའི་མཚམས་ཀྱི་ཚིགས་ཕྲན་བཅུ་གཉིས། 20)སྒྲོག་རུས་གཉིས་གཡས་གཡོན་འབྲེལ་བའི་ཚིགས་ཕྲན་བཞི་བཅས་བྱང་ཁོག་ལ་ཚིགས་ཕྲན་བདུན་ཅུ་དོན་བཞི། 21)མཁྲིག་མའམ་པྲན་རྩེའི་རུས་དུམ་བརྒྱད་རེ་སྟེ་བཅུ་དྲུག་སོ་སོ་ཕན་ཚུན་འབྲེལ་མཐུད་བྱས་པས་ཚིགས་ཕྲན་ཀྱང་བཅུ་དྲུག 22)མཐེ་བོང་ལ་ཚིགས་ཕུན་སུམ་རེ་སྟེ་དྲུག 23)སོར་མོ་གཞན་བརྒྱད་ལ་བཞི་རེ་སྟེ་སོ་གཉིས། 24)རྐང་པར་ལྷ་ང་གཉིས། 25)སྲེ་ལོང་གཡས་གཡོན་བདུན་རེ་སྟེ་བཅུ་བཞི། 26)རྐང་པའི་མཐེ་བོང་ལ་སུམ་རེ་སྟེ་ཚིགས་ཕྲན་དྲུག 27)སོར་མོ་གཞན་བརྒྱད་རྣམས་ལ་བཞི་རེ་སྟེ་ཚིགས་ཕྲན་སོ་གཉིས་བཅས་ཡན་ལག་ལ་འདྲིལ་བས་བརྒྱ་དང་བཅུ་མེད་བརྒྱད་བཅས་དེ་ལྟར་མགོ་བོར་ཉེར་བརྒྱད། བྱང་ཁོག་ལ་དོན་བཞི། ཡན་ལག་ལ་བརྒྱ་དང་བཅུ་མེད་བརྒྱད་བཅས་ལུས་འདིར་ཚིགས་ཕྲན་ཉིས་བརྒྱ་དང་བཅུ་བཤད་པའོ། ། [2]སྤུ་དང་ཆུ་རྒྱུས་ཀྱི་ལྡང་ཚད་བསྟན་པ་ནི། ཆུ་བ་བཅུ་དྲུག་རྒྱུས་པ་དགུ་བརྒྱ་མཆིས། ། སྐྲ་ཡི་ཉག་མ་ཉི་ཁྲི་ཆིག་སྟོང་སྟེ། ། བ་སྤུའི་བུ་ག་བྱེ་བ་ས་ཡ་མཆིས། ། ཞེས་པ་སྟེ། གཙོ་ཆེ་བའི་དབང་གིས་ལུས་འདིར་ཆུ་བའི་གྲངས་ནི་བཅུ་དྲུག་མཆིས་པ་སྟེ་མགྲིན་པའི་ཆུ་བ་གཉིས་དང་། ལྟག་པའི་ཆུ་བ་གཉིས། གྲུ་མོའི་ཆུ་བ་གཉིས། མཁྲིག་མའི་ཆུ་བ་གཉིས། རྟིང་པའི་ཆུ་བ་གཉིས། སྦུལ་མགོ་ཞེས་པ་ནང་ལོང་ཐད་ཀྱི་གདོང་གི་ཆུ་བ་གཉིས། སྒྱིད་ཁུག་ཆུ་བ་གཉིས། སྒལ་འདབ་གཡས་གཡོན་གྱི་ཆུ་བ་གཉིས་བཅས་བཅུ་དྲུག་གོ ། རྒྱུས་པ་དགུ་བརྒྱ་སྟེ་རགས་པ་ཙམ་དུ་བསྟན་པ་ནམ་ཚོང་ཡན་ལ་སུམ་བརྒྱ་དང་། ཡན་ལག་བཞི་ལ་དོན་ལྔ་རེ་སྟེ་སུམ་བརྒྱ། ལུས་བྱིངས་ལ་སུམ་བརྒྱ་བཅས་དགུ་བརྒྱ་དང་། སྐྲ་ཡི་ཉག་མ་ཡང་སྤྱིར་བཏང་དབང་དུ་མཛད་པ་ཉིས་ཁྲི་ཆིག་སྟོང་དང་། བ་སྤུའི་བུ་ག་ནི་བྱེ་བ་གསུམ་དང་ས་ཡ་ལྔ་མཆིས་སོ། ། [3]དོན་སྣོད་བུ་གའི་ལྡང་ཚད་བསྟན་པ་ནི། དོན་ལྔ་སྣོད་དྲུག་བུ་ག་སྒོ་དགུ་ཡོད། ། ཅེས་པ་སྟེ། <1>དེ་ཡང་ཐ་མལ་པའི་ལུས་འདིར་དོན་ལྔ་ནི། 1)སྙིང་། 2)གློ་བ། 3)མཆིན་པ། 4)མཆེར་པ། 5)མཁལ་མའོ། ། <2>སྣོད་དྲུག་ནི། 1)ཕོ་བ། 2)རྒྱུ་མ། 3)ལོང་ག 4)ལྒང་ཕུག 5) མཁྲིས་ཐུམ། 6)བསམ་བསེའུ། <3>བུ་ག་དགུ་ནི། 1)བུ་གའི་སྒོ་ཕྱིར་མངོན་པ་མིག་གཉིས། 2)རྣ་བ་གཉིས། 3)སྣ་ཁུང་གཉིས། 4)ཁ། 5)བཤང་ལམ། 6)གཅིན་ལམ། གཞན་ཡང་བུད་མེད་ལ་དེའི་སྟེང་དུ་ནུ་གཉིས་དང་མངལ་སྒོ་གཅིག་བཅས་བསྣན་པས་བཅུ་གཉིས་སོ། ། (3)སྤྱིའི་ལྡང་ཚད་བསྟན་པ་ནི། འཛམ་གླིང་རང་ལུས་འདོམ་གང་གྲུ་བཞི་སྟེ། ། གཟུགས་ངན་རྣམས་ལ་རང་ཁྲུ་ཕྱེད་དང་བཞི། ། ཞེས་པ་སྟེ། འཛམ་བུ་གླིང་གི་མི་རྣམས་ཀྱི་རང་རང་གི་ལུས་ཀྱི་བོང་དབྱིབས་ཀྱི་ཚད་ནི་སྤྱིར་རང་ཉིད་ཀྱི་འདོམ་གང་སྟེ་གྱེན་ཐུར་ཐད་ཀར་གྲུ་བཞི་ཡི་ཚད་དང་ལྡན་པ་ཡིན་ལ། དེ་ལས་གཟུགས་ངན་པ་རྣམས་ལ་རང་ཁྲུ་གསུམ་དང་ཕྱེད་ཀ་སྟེ་ཕྱེད་དང་བཞི་སོགས་རིང་ཐུང་དང་ཞེང་ཚད་སོགས་མི་སྙོམས་པ་འབྱུང་བ་ཡང་ཡོད་པ་ཡིན་ནོ། ། ཞེས་སོ། ། 2.འབྲེལ་པ་རྩ་ཡི་གནས་ལུགས་བསྟན་པ་ལ་ལྔ་སྟེ། (1)ཆགས་པའི་རྩ་ནི། ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱིས། ། རྩ་གཅིག་གྱེན་ལ་སོང་བས་ཀླད་པ་ཆགས། ། གཏི་མུག་ཀླད་པར་བརྟེན་ནས་གནས་པ་སྟེ། ། དེ་ལས་བད་ཀན་སྐྱེད་པས་སྟོད་ན་གནས། ། རྩ་གཅིག་བར་དུ་ཟུག་པས་སྲོག་རྩ་ཆགས། ། ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ནས་གནས། ། དེ་ལས་མཁྲིས་པ་སྐྱེད་པས་བར་ན་གནས། ། རྩ་གཅིག་ཐུར་དུ་ཟུག་པས་གསང་བ་ཆགས། ། འདོད་ཆགས་ཕོ་མོའི་གསང་བར་གནས་པ་སྟེ། ། དེ་ལས་རླུང་སྐྱེད་སྨད་ན་གནས་པ་ཡིན། ། ཞེས་པ་སྟེ། ལུས་འདི་ཉིད་མའི་མངལ་དུ་ཆགས་པའི་ཐོག་མ་དེར་ཚོགས་ཤིང་འཕེལ་བའི་རྩ་ལྟེ་བའི་གཟུགས་དོད་པ་དང་སྦྲགས་རྩེ་དེའང་ལྟེ་བའི་དབུས་ནས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་སྟེ། ཆུའམ་ཟླ་བའི་ཁམས་ཤས་ཆེར་རྒྱུ་བའི་རྩ་གཅིག་གྱེན་ལ་སོང་བོས་གཞི་དེ་ལ་བརྟེན་ནས་ཀླད་པ་གཙོ་བོར་གྱུར་པའི་མགོ་བོའི་ཆ་ཤས་རྣམས་ཆགས་ཤིང་གྲུབ་པ་ཡིན། ཉོན་མོངས་གཏི་མུག་ཀྱང་ཀླད་པ་དེ་ལ་བརྟེན་ནས་གནས་པ་དང་། དེ་ལས་ལུས་ཀྱི་གྲང་བའི་རང་བཞིན་བད་ཀན་སྐྱེད་པ་སྟོད་ན་གནས་པས་རྒྱུ་འབྲས་རྟེན་བཅས་སྟོད་ན་གནས་པ་གྲུབ་པ་སྟེ་རྨོངས་ཤིང་ལྕེ་འཐིབ་སོགས་མགོ་བོ་ལས་འབྱུང་བ་མཐོང་བའི་ཕྱིར་རོ། ། མེའམ་ཉི་མའི་ཁམས་རྒྱུ་བའི་རྩ་གཅིག་བར་དུ་ཟུག་ཅིང་དེ་ལ་བརྟེན་ནས་སྲོག་པ་རྩ་ཆགས་ཤིང་ཁྲག་མཁྲིས་ཚ་བའི་རྒྱུར་གྱུར་པའི་ཞེ་སྡང་ཡང་སྲོག་རྩའི་ཁྲག་ལ་བརྟེན་ནས་གནས་པ་སྟེ། རྒྱུ་དེ་ལས་མཁྲིས་པ་ཚ་བའི་རང་བཞིན་སྐྱེད་པས་བར་ན་གནས་པས་རྒྱུ་འབྲས་རྟེན་བཅས་བར་ན་གནས་པ་གྲུབ་སྟེ་ཁོང་ཁྲོ་དྲག་པོ་སོགས་ལྡང་བའི་ཚེ་ཤས་ཆེར་ལུས་ཀྱི་བར་སྙིང་ཐད་ནས་འབྱུང་བའི་ཕྱིར་རོ། ། ཟུང་འཇུག་རླུང་གི་ཁམས་རྒྱུ་བའི་རྩ་གཅིག་ཐུར་དུ་ཟུག་པས་དེའི་རྩེ་མོ་ཆགས་ཚུལ་ལེའུ་ལས། དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས་ཞེས་པ་དེ་ཉིད་ཡིན་ཅིང་། དེའི་གཤམ་སྣེ་མན་རྒྱུད་བྱང་ཁོག་རྨ་གསོ་བའི་སྐབས། རྩ་ཡི་རྒྱལ་པོ་སྲོག་རྩ་བཅོས་པ་ནི། ། ལྟེ་འོག་སོར་བཞི་མིག་དམར་ལ་སོགས་དང་། ། ཞེས་སོགས་དེ་ལ་བརྟེན་པའི་གསང་བ་ཆགས་ཤིང་། ཟུང་འཇུག་རླུང་གི་རྒྱུར་གྱུར་པའི་འདོད་ཆགས་ནི་ཕོ་མོའི་གསང་བར་གནས་པ་སྟེ། དེ་ལས་ཚ་གྲང་གཉིས་ཀྱི་རང་བཞིན་རླུང་སྐྱེད་ནས་སྨད་ན་གནས་པ་ཡིན་པས་རྒྱུ་འབྲས་རྟེན་བཅས་སྨད་ན་གནས་པ་གྲུབ་པ་སྟེ། འདོད་སྲེད་ཤས་ཆེར་སྨད་ནས་འབྱུང་བ་མཐོང་བའི་ཕྱིར་རོ། ། (2)སྲིད་པའི་རྩ་ནི། སྲིད་པའི་རྩ་བོ་ཆེ་ནི་རྣམ་བཞི་སྟེ། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། ། ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། ། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། ། སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར། ། ལུས་ཀྱི་ཕུང་པོ་ཆགས་པར་བྱེད་པའི་ཙ། ། ལྟེ་བ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། ། བུ་ཚ་རིགས་བརྒྱུད་འཕེལ་བར་བྱེད་པའི་རྩ། ། མཚན་མ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། ། སྟེང་འོག་ཐད་ཀར་ལུས་ཀུན་རྗེས་སུ་འཛིན། ། ཞེས་པ་སྟེ། ལུས་འདིར་སྲིད་པའམ་གནས་ཞིང་རྟེན་པ་རྩ་བོ་ཆེ་གཙོ་ཆེ་བ་བཞི་ལས། དབང་པོ་མིག་རྣ་བ་སྣ་ལྕེ་ལུས་བཅས་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་འཆར་ཞིང་ཚོར་བ་བྱེད་པའི་རྩ་རླུང་ལྔའི་རྟེན་གཙོ་བོར་གྱུར་པ་ཀླད་པར་རྩ་ཡི་རྒྱ་མཚོ་ཆེན་པོ་འཁྱིལ་བ་ཞེས་བྱ་བའི་རྩ་ལ་སྲིད་ཅིང་གནས་པ་དེ་ཉིད་ལས་འཁོར་རྩ་ཕྲན་དང་། དེ་ལས་ཡང་ཕྲན། དེ་ལས་དྲ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར་བའོ། ། དྲན་པའི་དབང་པོའམ་ཡིད་ཀྱི་དབང་པོ་དང་། དབང་པོ་དེ་དག་ལ་བརྟེན་པའི་རྣམ་ཤེས་ཚོགས་དྲུག་གསལ་བར་བྱེད་པའི་རྩ་གཙོ་བོ་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་དེ་ལ་སྲིད་ཅིང་གནས་པ་དེ་ཉིད་ལས་འཁོར་རྩ་ཕྲན་དང་དེ་ལས་ཡང་ཕྲན། དེ་ལས་དུ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར་བའོ། ། ལུས་ཀྱི་ཕུང་པོ་སྤྱི་དང་དེའི་རྩ་རྣམས་ཀྱི་སྡོང་པོ་གསུམ་ཐོག་མར་ཁོ་ནར་ཆགས་པར་བྱེད་པའི་རྩ་གཙོ་བོ་ཇི་སྲིད་སྐྱེད་པའི་བྱ་བ་ཡོངས་སུ་མ་རྫོགས་པའི་བར་དེ་སྲིད་དུ་ལྟེ་བ་སྲིད་ཅིང་གནས་པ་དེ་ཉིད་ལས་འཁོར་རྩ་ཕྲན་དང་། དེ་ལས་ཡང་ཕྲན། དེ་ལས་དྲ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར་བའོ། ། བུ་ཚ་རིགས་རྒྱུད་མི་ཆད་པར་སྐྱེད་ཅིང་འཕེལ་བར་བྱེད་པའི་རྩ་གཙོ་བོ་འདོད་ཆགས་ཕོ་མོའི་མཚན་མའམ་གསང་བར་སྲིད་ཅིང་གནས་པ་དེ་ཉིད་ལས་རྩ་ཕྲན་དང་། དེ་ལས་ཡང་ཕྲན། དེ་ལས་དྲ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར་བའོ། ། དེ་ལྟར་སྲིད་ཅིང་རྟེན་པའི་རྩ་བོ་ཆེ་དག་ལུས་ཀྱི་སྟེང་དང་འོག་དང་ཐད་ཀར་སོགས་ཀུན་ལ་གྱེས་པས་ལུས་ཀྱི་ཕུང་པོ་འདི་རྩ་ཡི་དྲ་བས་རྗེས་སུ་འཛིན་ཅིང་མི་འཇིག་པ་རིང་དུ་འཚོ་བར་བྱེད་པ་ཡིན་ནོ། ། (3)འབྲེལ་བའི་རྩ་ལ་གཉིས་ཏེ། [1]ཁྲག་ཤས་ཆེར་རྒྱུ་བ་སྲོག་རྩ་ནག་པོ་ནི། སྲོག་པ་རྩ་ནི་རྩ་ཡི་སྡོང་པོ་ལ། ། ཡལ་གའི་ཚུལ་དུ་གྱེན་ལ་གྱེས་པ་ཡི། ། ཤ་ཁྲག་འཕེལ་བྱེད་རྩ་ཆེན་ཉི་ཤུ་བཞི། ། དོན་སྣོད་ནང་འབྲེལ་སྦས་པའི་རྩ་ཆེན་བརྒྱད། ། ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་བཅུ་དྲུག ། དེ་ལས་གྱེས་པའི་གཏར་རྩ་བདུན་ཅུ་བདུན། ། གཉན་པའི་རྩ་གནད་བརྒྱ་དང་བཅུ་གཉིས་ཏེ། ། འདྲེས་པའི་རྩ་ཕྲན་བརྒྱ་དང་བརྒྱུད་ཅུ་དགུ། ། དེ་ལས་ཕྱི་ནང་བར་གསུམ་བརྒྱ་ཉི་ཤུ། ། རྩ་ཕྲན་སུམ་བརྒྱ་དྲུག་ཅུར་གྱེས་པ་ཡིན། ། དེ་ལས་རྩ་ཕྲན་བདུན་བརྒྱ་དག་ཏུ་གྱེས། ། དེ་ལས་ཡང་ཕྲན་ལུས་ལ་དྲྭ་བར་འབྲེལ། ། ཞེས་སོ། ། (འདིའི་འགྲེལ་པ་ཤིན་ཏུ་ཞིབ་པ་ཡིག་ཟོར་ལ་བརྟེན་ནས་རེ་ཞིག་བཏང་སྙོམས་བྱས་པ་ཞིབ་ཚ་གཟིགས་པར་འདོད་ན་གཞུང་དུ་གཟིགས་པར་འཚལ།) [2]རླུང་ཤས་ཆེར་རྒྱུ་བ་སྲོག་རྩ་དཀར་པོའི་འབྲེལ་ཚུལ་བསྟན་པ་ནི། ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས། ། རྩ་བ་ལྟ་བུར་ཐུར་དུ་ཟུག་པ་ཡི། བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་ཡོད། ། དེ་ཡང་དོན་སྣོད་ནང་དུ་འབྲེལ་བ་ཡི། ། དར་གྱི་དཔྱང་ཐག་བཅུ་གསུམ་སྦས་པའི་རྩ། ། ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་དྲུག་སྟེ། ། དེ་ལས་ཆུ་རྩ་ཕྲན་བུ་བཅུ་དྲུག་གྱེས། ། ཞེས་པ་སྟེ། ཀླད་པ་ནི་རྩ་དཀར་ཐམས་ཅད་འདུས་པའི་གཞི་རྒྱ་མཚོ་ཆེན་པོ་དང་འདྲ་ལ་དེ་ལས་ཤིང་གི་རྩ་བ་ལྟ་བུར་སྐེ་ཚིགས་དང་སྒལ་ཚིགས་ནང་ན་སྦོམ་ཕྲ་མདའ་སྨྱུག་རྩམ་ལ་ངོ་བོ་རླུང་འབའ་ཞིག་རྒྱུ་བ་ཁ་དོག་དཀར་ལ་དེ་ལས་རྩ་ཕྲན་དང་། ཡང་ཕྲན་དྲ་བ་ལྟར་དུ་ལུས་ཀྱི་སྟོད་སྨད་ཕྱི་ནང་ཀུན་ཏུ་འབྲེལ་ཞིང་ཁྱབ་ལ་དེ་དག་ལས་གྱེས་པ་གཙོ་ཆེ་བ་ནི་ལུས་འགུལ་བསྐྱོད་སོགས་བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་སྟེ། དེ་ཡང་དོན་སྣོད་ནང་དུ་འབྲེལ་བ་དར་གྱི་དཔྱང་ཐག་ལྟ་བུ་ཕྱིར་མི་མངོན་པར་སྦས་པའི་ཚུལ་དུ་གནས་པའི་རྩ་ནི་བཅུ་གསུམ་སྟེ། ཀླད་པའི་རྗེ་ཞབས་ལས་བྱུང་སྐེའི་ནང་དུ་བརྒྱུད་རླུང་གི་རྩ་བཞི་སྙིང་དང་རྒྱུ་མར་འབྲེལ་བ་དང་། མཁྲིས་པའི་རྩ་བཞི་གློ་ལོང་མཆིན་མཁྲིས་ལ་འབྲེལ་བ་དང་། མཁྲིས་པའི་ཚུ་བཞི་གློ་ལོང་མཆིན་མཁྲིས་ལ་འབྲེལ་བ་དང་། བད་ཀན་ཚུ་བཞི་ཕོ་མཆེར་མཁལ་ཡང་དུ་འབྲེལ་བ་དང་། འདུས་པའི་རྩ་གཅིག་བསམ་བསེའུར་འབྲེལ་བ་བཅས་བཅུ་གསུམ་དང་། ཡན་ལག་ཕྱིར་འབྲེལ་ཞིང་མངོན་པའི་རྩ་དཀར་གཙོ་ཆེ་བ་དྲུག་སྟེ། ལྟག་པའི་མཚམས་ནས་དོན་ཏེ་རྐང་པ་གཡས་གཡོན་མཐིལ་དུ་རྒྱུ་བ་ཆུ་ཡི་ཁམས་ཤས་ཆེར་རྒྱུ་བ་ཆུ་རྩ་སྦུ་གུ་ཅན་ཞེས་བྱ་བ་གཉིས་དང་། ལྟག་ཟུར་སྤུ་འཁྱིལ་ནས་ཕྱིར་ཐོན་ཏེ་ལག་པའི་མཐེབ་མོར་འབྲེལ་བ་ཆུ་རྩ་འཇའ་བྱེད་ཅེས་བྱ་བ་གཉིས་དང་། རྣ་ཤལ་ཐད་ནས་ཕྱིར་ཐོན་ནས་ལག་པའི་སྲིན་མཐེབ་ཏུ་འབྲེལ་བ་ཆུ་རྩི་ཏཏ་ཞེས་བྱ་བ་གཉིས་བཅས་དྲུག་སྟེ་དེ་ལྟར་ལུས་ཀྱི་ནང་དོན་སྣོད་དང་ཕྱི་ཡན་ལག་ཏུ་གྱེས་པའི་ཆུ་རྩ་གཙོ་ཆེ་བ་བཅུ་དགུའོ། ། ཡན་ལག་ཕྱིར་མངོན་པའི་ཆུ་རྩྭ་དྲུག་པོ་དེ་ལས་གྱེས་པ་ཆུ་རྩ་ཕྲན་བུ་བཅུ་དྲུག་སྟེ་མགོ་ལ་མུར་འགྲམ་གྱི་ཆུ་རྩྭ་སོ་རྩ་ལྡད་བྱེད་ཅེས་བྱ་བ་གཉིས་དང་། ལག་པར་གྲུ་མོའི་ཆུ་རྩ་གཉིས། མཁྲིག་མའི་ཆུ་རྩ་གཉིས། རྐང་པར་པུས་མོའི་གཉན་གོང་ཆུ་རྩ་སྦལ་མགོ་བྱ་བ་གཉིས། སྒྱིད་ཁུང་ཆུ་རྩ་གཉིས། སྲེ་ལོང་ཕྱི་ལོང་བར་ན་ཆུ་རྩ་རྒྱུངས་རྩི་བྱ་བ་གཉིས། རྟིང་པའི་ཆུ་ཚ་གཉིས། རྐང་པའི་མཐེ་བོང་གཉིས། རྟིང་པའི་ཆུ་རྩ་གཉིས། རྐང་པའི་མཐེ་བོང་སྤུ་སྐྱེས་མཚམས་ན་ཆུ་རྩ་པིར་འགོ་བྱ་བ་གཉིས་བཅས་ཆུ་རྩ་ཕྲན་བུ་བཅུ་དྲུག་ཏུ་གྱེས་པ་ཡིན་ལ་དེ་ལས་རྩ་ཕྲན་དང་ཡང་ཕྲན་དྲ་བ་ལྟར་གྱི་སྲོག་རྩ་དཀར་པོའི་ཡན་ལག་ཤིན་ཏུ་རྒྱས་པ་ཁྱབ་པར་འབྲེལ་བ་ཡིན་ནོ། ། (4)ཚེ་ཡི་རྩ་ནི། མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ། ། གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས། ། གཅིག་ནི་དབུགས་དང་འགྲོགས་ནས་རྒྱུ་བ་སྟེ། ། གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན། ། ཞེས་པ་སྟེ། ཚེའམ་ཡུན་རིང་དུ་གནས་ཤིང་སྲོག་འཚོ་བའི་རྩ་རིགས་གཙོ་བོ་གསུམ་སྟེ་གཅིག་ནི་མཆིན་པ་དང་གཙོ་ཆེར་འབྲེལ་ཞིང་དེ་ལས་གྱེས་པའི་ཁྲག་རྩའི་སྡོང་པོ་ཨ་མ་དེ་ཡིན་ཅིང་། དེའི་ཡན་ལག་རྩ་ཕྲན་རྣམས་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་དང་། གཅིག་ནི་སྙིང་ལས་གྱེས་པའི་རླུང་ཁྲག་གཉིས་འདོམས་ཀྱི་རྩ་ཡི་ཨ་མ་དེ་ཡིན་ཅིང་དེ་ཡི་ཡན་ལག་རྩ་ཕྲན་དང་བཅས་པ་རྣམས་དབུགས་དང་འགྲོགས་ནས་འཕར་བ་སྟེ་ལུས་ཐ་མལ་བ་སྐྱེས་བུ་དར་ལ་བབ་པའི་ཕྱི་ནང་དབུགས་ལ་ལན་ལྔ་རེ་འཕར་ཞིང་རྒྱུ་བ་ཡིན་ནོ། ། གཅིག་ནི་ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས་གྱེས་པའི་ཆུ་རྩའམ་རྩ་དཀར་གྱི་སྡོང་པོ་ཨ་མ་དེ་ཡིན་ཅིང་། དེའི་ཡན་ལག་རྩ་ཕྲན་རྣམས་འཇིག་རྟེན་ལ་ཡོངས་སུ་གྲགས་པའི་བླ་དང་འདྲ་ཞིང་ལུས་ཐམས་ཅད་ལ་འཁྱམས་པའི་ཚུལ་དུ་གནས་པ་སྟེ་དེ་གསུམ་ལ་ཚེ་ཡི་རྩ་གསུམ་ཞེས་བཤད་དོ། ། (5)རྩ་ཡི་ངོ་བོ་དང་ངེས་ཚིག་བསྟན་པ་ནི། རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། ། འབྲེལ་བྱས་ལུས་ནི་སྐྱེད་ཅིང་གནས་པ་དང་། ། སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ། ། ཞེས་པ་སྟེ། རྩ་ཞེས་པའི་ངེས་ཚིག་རླུང་དང་ཁྲག་རྒྱུ་བའི་བུ་ག་ཕྱི་དང་ནང་ཀུན་ཏུ་རྒྱུ་བ་དང་། ཕྱི་ནང་ཀུན་ལ་རྩ་གསུམ་པོ་དེ་རྣམས་(རླུང་ཁྲག་གཉིས་འདོམས་འཕར་རྩ། ཁྲག་རྩ། ཆུ་ཚའམ་རྩ་དཀར་)འབྲེལ་ནས་ལུས་འདི་ཉིད་ཐོག་མར་གྲུབ་པ་དང་། རིམ་པས་ཆེར་འཕེལ་ཞིང་སྐྱེད་པ། བར་དུ་ཡུན་དུ་གནས་ཤིང་འཚོ་བ་སོགས་སྲོག་གི་རྩ་བར་གྱུར་པའི་རྒྱུ་མཚན་གྱིས་རྩ་ཞེས་བྱ་བའི་མིང་དུ་བཏགས་པའོ། ། 3.གཉན་པ་གནད་ཀྱི་གནས་ལུགས་བསྟན་པ་ལ་ལྔ་སྟེ། (1)གནད་ཀྱི་ངོ་བོ་མདོར་བསྟན་པ་ལ་བདུན་སྟེ། [1]ཤ་གནད། [2]ཚིལ་གནད། [3]རུས་གནད། [4]ཆུ་རྒྱུས་ཀྱི་གནད། [5]དོན་གྱི་གནད། [6]སྣོད་ཀྱི་གནད། [7]རྩ་ཡི་གནད་དོ། ། (2)གནད་ཀྱི་ངེས་ཚིག་རྒྱུ་མཚན་བསྟན་པ་ནི། ཤ་གནད་སྐྲངས་ཤིང་རུས་གནད་ན་ཟུག་ཆེ། ། ཆུ་རྒྱུས་གནད་རྣམས་འཇའ་བར་བྱེད་པ་སྟེ། ། རྩ་ཚིལ་དོན་སྣོད་གནད་ཀྱི་སྲོག་འདོར་བྱེད། ། འཆི་སྦྱོང་གསོ་བ་དཀའ་ཕྱིར་གནད་ཅེས་བྱ། ། ཞེས་པ་སྟེ། སྤྱིར་མདའ་རྡོ་གྲི་ལ་སོགས་པ་ཤ་གནད་ལ་ཕོག་ན་སྐྲངས་པར་བྱེད་ཅིང་། རུས་གནད་ལ་ཕོག་ནི་ན་ཟུག་ཆེ་བ། ཆུ་རྒྱུས་གནད་ལ་ཕོག་ན་འཇའ་བ་སྟེ་ཞ་བར་བྱེད་པ་དང་། རྩ་ཡི་གནད་དང་ཚིལ་གནད། རྨིན་བུའི་གནད། དོན་ལྔའི་གནད་དང་སྣོད་ཀྱི་གནད་རྣམས་ལ་ཕོག་ན་ཚེ་སྲོག་འདོར་བར་བྱེད་པ་སྟེ་དེའང་གནད་རབ་འབྲིང་གི་ཁྱད་པར་ལས་གནད་རབ་ཏུ་གཉན་པར་ཕོག་པས་འཆི་བར་བྱེད་པ་དང་། འབྲིང་དུ་གཉན་པས་ཡུན་དུ་སྦྱོང་བ་སྟེ་ཞུ་བར་བྱེད་པ། ཐ་མར་གཉན་པས་གཉེན་པོས་གསོ་དཀའ་བའི་རྒྱུ་མཚན་དེའི་ཕྱིར་གནད་ཅེས་བྱ་བར་བཤད་པ་ཡིན་ནོ། ། (3)གནད་ཀྱི་རྣམ་གྲངས་བསྟན་པ་ནི། [1]ཤ་གནད་བཞི་བཅུ་རྩ་ལྔ། [2]ཚིལ་གནད་བརྒྱད། [3]རུས་པའི་གནད་སུམ་ཅུ་རྩ་གཉིས། [4]རྒྱུས་གནད་བཅུ་བཞི། [5]དོན་གནད་བཅུ་གསུམ། [6]རྩ་གནད་བརྒྱ་དང་དགུ་བཅུ་ཐམ་པ་དང་སུམ་བརྒྱ་དང་རྩ་གཉིས་སོ། ། (4)གནད་ཀྱི་གནས་བསྟན་པ་ནི། [1]མགོ་ལ་རེ་གཉིས། [2]སྐེ་ལ་སོ་གསུམ། [3]བྱང་ཁོག་སྟོད་སྨད་གནས་དགུ་བཅུ་གོ་ལྔ། [4]ཡན་ལག་བཞི་ལ་གནས་པ་བརྒྱ་དང་བཅུ་གཉིས་དང་གནད་ཀྱི་རྣམ་གྲངས་སུམ་བརྒྱ་རྩ་གཉིས་བཤད་པའོ། ། (5)གནས་རབ་འབྲིང་གི་དབྱེ་བ་བསྟན་པ་ལ་གསུམ་སྟེ། [1]རབ་ཏུ་གཉན་པ་བཅོས་སུ་མེད་པ་དགུ་བཅུ་རྩ་དྲུག [2]འབྲིང་དུ་གཉན་པ་བཅོས་སུ་བཏུབ་པ་བཞི་བཅུ་རྩ་དགུ། [3]དེ་ལས་ལྷག་པ་གནད་དུ་བསྟན་ནའང་གཉན་པར་མ་བཤད་ཀུན་གྱིས་གསོ་བར་ནུས་པ་དང་གསུམ་མོ། ། 4.རྒྱུ་ལམ་བུ་གའི་གནས་ལུགས་བསྟན་པ་ལ་དྲུག་སྟེ། (1)བུ་གའི་གྲངས་བསྟན་པ་ནི། རྒྱུ་ལམ་བུ་གའི་གནས་ལུགས་ཕྱི་ནང་གཉིས། ། ནང་གི་བུ་ག་སྲོག་ཟུངས་དྲི་མ་གསུམ། ། ཆུ་དང་ཟས་རྒྱུ་བཅུ་གསུམ་གནས་པ་ཡིན། ། ཕྱི་ཡི་བུ་ག་མགོར་བདུན་གསང་བར་གཉིས། ། བུད་མེད་མངལ་སྒོ་ནུ་མ་གཉིས་ཀྱིས་ལྷག ། ཅེས་པ་སྟེ། ལུས་འདི་ལ་སྲོག་ཆེན་པོའི་རླུང་ལ་སོགས་པ་རྒྱུ་བའི་ལམ་བུ་གའི་རྒྱུན་སྲུང་གི་གནས་ལུགས་ནི་ཕྱི་ཡི་བུ་ག་དང་། ནང་གི་བུ་ག་རྣམ་པ་གཉིས་དང་། ནང་གི་བུ་ག་ལ་ཡང་སྲོག་ཆེན་པོའི་རླུང་རྒྱུ་བའི་བུ་ག་ཡན་ལག་དང་བཅས་པ་དང་། ཟུངས་རྒྱུ་བའི་བུ་ག་བདུན་ལས་དྭངས་མ་རྒྱུ་བའི་བུ་ག ཁྲག་རྒྱུ་བའི་བུ་ག ཤ་རྒྱུ་བའི་བུ་ག ཚིལ་རྒྱུ་བའི་བུ་ག རུས་རྒྱུ་བའི་བུ་ག རྐང་མར་རྒྱུ་བའི་བུ་ག ཁུ་བ་དཀར་དམར་རྒྱུ་བའི་བུ་ག་སྟེ་དྭངས་མ་ཁྲག་དང་བཅས་པས་ཤ་ཚིལ་རུས་རྐང་ཁུ་བ་སོགས་རྒྱས་ཤིང་འཕེལ་བར་བྱེད་པའི་འཚོ་བཅུད་ནི་དུས་རྟག་ཏུ་འདྲེན་པའི་ཕྱིར། རང་རང་གི་ཆ་ཤས་ལ་འདྲེན་པའི་བུ་ག་རྣམས་ཡིན་པའི་ཕྱིར་རོ། ། གཞན་ཡང་ལོང་ནས་གཞང་ནག་པོའི་བར་བཤང་བ་རྒྱུ་བའི་བུ་ག་དང་། མཁལ་མ་ནས་ཆུ་སོ་ལ་མ་ཐུག་བར་གྱི་གཅིན་རྒྱུ་བའི་བུ་ག་དང་། རྔུལ་རྒྱུ་བའི་བུ་ག་བ་སྤུའི་བུ་ག་རྣམས་ཏེ་དྲི་མའི་རྒྱུན་སྲང་གསུམ་དང་། ལུས་ཀྱི་ཆ་ཤས་ཀུན་ལ་ཆུ་སེར་རྒྱུ་བའི་བུ་ག་དང་། ཁ་ནས་ཕོ་བ་བར་ལ་ཟས་རྒྱུ་བའི་བུ་ག་སྟེ་དེ་ལྟར་བུ་གའི་རྒྱུན་སྲང་བཅུ་གསུམ་ནི་ནང་གི་བུ་གའི་གྲངས་སུ་བསྟན་པའོ། ། ཕྱིའི་བུ་ག་ནི་མགོ་བོ་ལ་མིག་གཉིས་དང་། སྣ་གཉིས། རྣ་བ་གཉིས། ཁ་དང་བཅས་པ་བདུན། གསང་བའི་ཁ་དང་། བཤང་ལམ་གྱི་ཁ། གཅིན་ལམ་གྱི་ཁ་བཅས་སྐྱེས་པ་ལ་བཅུ། དེའི་སྟེང་དུ་ཁྱད་པར་བུད་མེད་རྣམས་ལ་མངལ་གྱི་སྒོ་དང་། ནུ་མའི་སྒོ་གཉིས་ཀྱིས་ལྷག་པས་བཅུ་གཉིས་སུ་ངེས་པ་ཡིན་ནོ། ། (2)བུ་གའི་ད་བྱིབས་བསྟན་པ་ནི། དབྱིབས་ཟླུམ་སྦོམ་དང་ཕྲ་ལ་རིང་འབྲེལ་གྱེས། ། ལོ་མའི་རྒྱབ་ཀྱི་རྩི་ལྟར་གནས་པ་ཡིན། ། ཞེས་པ་སྟེ། དེ་ལྟར་བཤད་མ་ཐག་པའི་ཕྱི་ནང་གི་བུ་ག་དེ་རྣམས་ཀྱི་དབྱིབས་ནི་ཤས་ཆེར་ཟླུམ་ཞིང་སྦོམ་པ་དང་། ཕྲ་ལ་རིང་བ་དང་། ཕན་ཚུན་གཅིག་ལ་གཅིག་འབྲེལ་ཞིང་རྒྱུན་མཐུད་པའི་ཚུལ་དུ་གྱེས་པ་ཡིན་ལ། དཔེར་ན་ཤིང་ངམ་མེ་ཏོག་སོགས་ཀྱི་ལོ་མའི་རྒྱབ་ཀྱི་རྩའི་རི་མོ་ལྟར་སྦོམ་ཕྲ་དང་རིང་ཐུང་གཟུགས་དབྱིབས་སོགས་ཅི་རིགས་པར་གྱེས་ཤིང་འབྲེལ་བ་དག་ཏུ་ལུས་ཀྱི་ཕུང་པོ་འདིར་གནས་པ་ཡིན་ནོ། ། (3)བུ་གའི་ནུས་པ་བསྟན་པ་ནི། དྭངས་མ་ཉེར་འཕེལ་སྒོ་ནི་བུ་ག་སྟེ། ། ཞེས་པ་སྟེ། དྭངས་མ་ལ་སོགས་པའི་ལུས་ཟུངས་མཐར་ཐུག་གི་བར་རྒྱུན་མི་ཆད་པར་ཉེར་བར་སློང་སྟེ་རང་གི་སྟོབས་འཕེལ་བར་བྱེད་པའི་སྒོ་དང་། དབང་པོ་ལྔ་ཡུལ་ལྔ་ལ་ལེགས་པར་སྤྱད་དེ་ཉེར་བར་ལེན་པའི་སྒོ། ཟས་སྐོམ་རྣམས་དྭངས་སྙིགས་ཕྱེ་ནས་སྙིགས་མ་རྣམས་ཉེ་བར་བླང་ཞིང་ཕྱིར་འདོར་བར་བྱེད་པའི་སྒོ་བཅས་ནི་བུ་ག་དེ་དག་ལ་བརྟེན་པའི་ནུས་པའོ། ། (4)བུ་ག་འཁྲུག་པའི་རྒྱུ་བསྟན་པ་ནི། ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པ་ཡིས། ། བུ་གའི་རྒྱུ་ལམ་གནོད་པས་ནད་སྐྱེད་ལ། ། ཞེས་པ་སྟེ། གལ་ཏེ་ཟས་དང་སྤྱོད་ལམ་དམན་ལྷག་ལོག་པ་ནད་གཞི་དང་མི་མཐུན་པ་རླུང་ལྟ་བུ་ལ་ཡང་རྩུབ་བསེལ་བའི་ཟས་སྤྱོད་བསྟེན་པའི་ཚེ་ན་རླུང་ཆེན་ལྡང་ཞིང་བད་མཁྲིས་གཉིས་ཀྱང་འཁྲུགས་པར་བྱེད་པ་ལ་རྒྱུ་དེས་བུ་གའི་རྒྱུ་ལམ་རྣམས་ལ་གནོད་པས་ན་ནད་སྣ་ཚོགས་བསྐྱེད་པར་བྱེད་པ་ཡིན་ནོ། ། (5)བུ་ག་འཁྲུག་པའི་ངོ་བོ་བསྟན་པ། མང་འབྱུང་འགག་དང་གཞན་འགྲོ་འཁྲུག་པར་བྱེད། ། ཅེས་པ་སྟེ། བཤད་མ་ཐག་པའི་ཟས་སྤྱོད་ལོག་པའི་རྒྱུ་དེ་ཡིས་བུ་གའི་རྒྱུ་ལམ་འཁྲུག་པར་བྱེད་ལ་རྒྱུ་དེས་བུ་གའི་རྒྱུ་ལམ་ལ་གནོད་ཅིང་འཚེ་བའི་ཕྱིར། དྭངས་མ་ལ་སོགས་པའི་ལུས་ཟུངས་དང་། དྲི་མ་གསུམ་ལ་སོགས་པ་མང་དུ་འབྱུང་བ་དང་། ཡང་ན་འགག་པར་འགྱུར་བ་དང་། རང་རང་གི་ལམ་ལས་ལྡོག་སྟེ་ལམ་གཞན་དུ་འགྲོ་ཞིང་འཁྲུགས་པར་བྱེད་པ་ཡིན་ནོ། ། (6)བུ་ག་མ་འཁྲུགས་པའི་ཡོན་ཏན་བསྟན་པ་ནི། གནོད་མེད་བུ་ག་དག་པས་བདེ་བར་འགྱུར། ། ཞེས་གསུངས་སོ། ། ཞེས་པ་སྟེ། བུ་ག་འཁྲུགས་པས་ནད་ཀྱི་ངོ་བོར་འགྱུར་བའི་རྒྱུ་མཚན་དེའི་ཕྱིར་རྒྱུན་དུ་ཟས་དང་སྤྱོད་ལམ་ནད་གཞི་དང་། ལུས་ཟུངས་ལ་སོགས་པ་རྣམས་ལ་གནོད་པ་མེད་པ་ནི་རང་རང་གི་རྒྱུ་ལམ་གྱི་བུ་ག་རྣམ་པར་དག་པ་ཞེས་བྱ་སྟེ། ལུས་འདི་ཉིད་གནས་སྐབས་སུ་བདེ་བར་འགྱུར་བའི་རྒྱུའི་གཙོ་བོ་ཡིན་ནོ། ། ཞེས་གསུངས་སོ། ། |
Tibetan Source | 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་130.12ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |