4321

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:56, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ལུས་ཆགས་པའི་རྒྱུ་བཤད་པ་བཞི།
Tibetan Alternate
Tibetan Definition 1.རྒྱུའི་ཡན་ལག་ཚོགས་པ་ལས་ལུས་ཆགས་པའི་དཔེ་དོན་བསྟན་པ་ནི། དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། ། རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། ། འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། ། དཔེར་ན་གཙུབ་ཤིང་དག་ལས་མེ་འབྱུང་མཚུངས། ། ཞེས་པ་སྟེ། ཐོག་མར་ལུས་ཆགས་པའི་ཉེར་ལེན་གྱི་དངོས་རྒྱུ་ཡིན་པའི་ཕའི་ཁུ་བ་དང་མའི་ཁམས་དམར་རམ་ཁྲག་དེ་གཉིས་ལ་རླུང་མཁྲིས་བད་ཀན་རྐྱང་པ་ལྡན་འདུས་ཀྱི་ཉེས་པ་མ་སྙོམས་པའི་ནད་ཀྱི་སྐྱོན་མེད་པ་དང་། བར་མ་དོར་རྒྱུ་བའི་རྣམ་པར་ཤེས་པ་མངོན་དུ་གྱུར་ཅིང་སྐྱེ་བའི་གནས་ཡོངས་སུ་འཚོལ་བ་དང་དེ་ཉིད་འདུ་འཕྲོད་དུ་ཞུགས་པའི་ཕ་མ་དེ་གཉིས་ཀྱི་བུར་སྐྱེ་བའི་ལས་ཀྱི་འཕྲོ་དང་ལྡན་པས་ལས་ཀྱི་རླུང་ཤུགས་དྲག་པོས་རབ་ཏུ་བསྐུལ་ནས་ཕ་མ་གཉིས་འདུ་འཕྲོད་བྱུང་བའི་གནས་དེར་ལྷན་ཅིག་ཏུ་འཛོམས་ནས་འགའ་ཞིག་ནི་འཇིགས་པས་སྐྱབས་འཚོལ་བ་དང་། འགའ་ཞིག་ནི་དགའ་སྤྲོས་འཇུག་པར་འདོད་པ་བཅས་མངལ་དུ་འཇུག་པ་ལ་མངོན་པར་ཕྱོགས་པ་དང་། ཕ་མའི་ཁུ་ཁྲག་ལ་རང་ཆས་སུ་ཡོད་པའི་ཤིན་ཏུ་ཕྲ་བའི་འབྱུང་བ་ལྔའི་ཆ་ཤས་བཅས་རྒྱུ་རྐྱེན་མཐའ་དག་གནས་གཅིག་ཏུ་ཚོགས་ཤིང་འདུས་པ་ལས་མངལ་དུ་བུ་ཆགས་པ་ཡིན་ཏེ། དགའ་བོ་མངལ་འཇུག་ལས། དགའ་བོ་འདི་ལྟ་སྟེ་དཔེར་ན་མེ་འདོད་པའི་སྐྱེས་བུས་མེ་ཤེལ་ཕྱུང་ནས་ཉི་མ་ལ་བཞག་སྟེ་བ་ལང་གི་ལྕི་བ་སྐམ་པོའི་སྟེང་དུ་བཞག་ན་གདོད་མེ་འབྱུང་བ་བཞིན་དུ་ཕ་མའི་ཁུ་ཁྲག་རྒྱུ་རྐྱེན་འདུས་པ་ལ་བརྟེན་པའི་ཕྱིར་གདོད་མ་ལ་མངོན་པར་གྲུབ་བོ། ། ཞེས་འབྱུང་བ་ལྟར་རོ། ། མངལ་དུ་ཞུགས་པ་དེ་ལའང་ལས་དང་། བག་ཆགས། སྐྱེ་གནས་ཀྱི་ཁྱད་པར་དང་། རྒྱུ་རྐྱེན་རྟེན་འབྲེལ་ལས་གཟུགས་རྣམ་པ་སྣ་ཚོགས་དག་ཀྱང་འབྱུང་བ་འགྱུར་བ་ཡོད་དེ། སྙིང་པོ་བསྡུས་པའི་རང་འགྲེལ་དུ། དེ་ལ་རྣམ་པར་ཤེས་པ་དབང་པོའི་ཡུལ་ལས་འདས་པ་མའི་མངལ་དུ་ཇི་ལྟར་འཇུག་ཏུ་རུང་ཞེ་ན། དེ་ནི་མངོན་སུམ་གྱིས་དཔེས་བསྟན་ཏེ། ཇི་ལྟར་མེ་ཤེལ་ལ་ཉི་མའི་འོད་ཟེར་གྱིས་ཕོག་པའི་དབང་གིས་རྩྭ་དང་ཤིང་ལ་སོགས་པ་བསྲེག་པར་སྣང་བ་ཡང་། ཤིང་ཡང་མེ་ཤེལ་ལ་རེག་པར་མི་སྣང་ལ། མེ་ཤེལ་ཡང་ཤིང་ལ་རེག་པ་མ་མཐོང་མོད་ཀྱང་ཚིག་པར་སྣང་བ་བཞིན་དུ། རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པའང་མི་སྣང་བའི་སྒོ་ནས་ཞུགས་པ་ཡིན་ནོ། །

དེ་ལ་འབྱུང་བ་ཆེན་པོ་ལྔ་ནི། སེམས་ཅན་སྐྱེ་བའི་རྒྱུར་གཅིག་ན་སྐྱེ་བ་རྣམ་པ་དུ་མར་སྣང་བ་ཅིའི་ཕྱིར་ཞེ་ན། མཐུན་པའི་དཔེས་བསྟན་ཏེ་ཇི་ལྟར་སྤྲ་ཚིལ་དང་། ཟངས་མོ་ལ་སོགས་པའི་རྒྱུ་གཅིག་ལས་གཟུགས་ཐ་དད་པ་སྣ་ཚོགས་དགའ་མགུར་བྱར་ཡོད་དེ། ཅིར་ཡང་སྣང་བ་དང་འདྲ་བར་རང་བཞིན་གཅིག་པ་ལས་ཀྱང་ཐ་དད་པ་སྣང་རུང་ངོ་། ། ཞེས་གསུངས་པ་ལྟར་རོ། ། དཔེར་ན་ཕོ་ཤིང་གཙུབས་ཤིང་མེ་ལྕགས་དང་། མོ་ཤིང་གཙུབས་གཏན་མེ་རྡོ། སྤྲ་བ་དུལ་མ་རླན་མེད་པ། སྐྱེས་བུའི་ལག་པས་དེ་དག་རྡེབ་པའི་རྩོལ་བ་བཅས་ལྷན་ཅིག་ཏུ་ཚོགས་པ་དེ་དག་ལས་མེ་འབྱུང་བ་དང་རྣམ་པ་དུ་མའི་སྒོ་ནས་འདྲ་བ་ཡིན་ཏེ། སྙིང་པོ་བསྡུས་པའི་འགྲེལ་པར། དང་པོ་ཕ་མའི་ཁུ་ཁྲག་ལ་རླུང་ལ་སོགས་པའི་ནད་ཀྱི་སྐྱོན་མེད་པ་དང་། ལས་དང་ཉོན་མོངས་པ་དང་ལྡན་པའི་རྣམ་པར་ཤེས་པ་དང་། དེ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ཤིན་ཏུ་ཕྲ་བ་དབང་པོའི་ཡུལ་ལས་འདས་པ་རྣལ་འབྱོར་གྱི་ཡུལ་དུ་གྱུར་པ་དེ་དག་སྐད་ཅིག་མངལ་དུ་ཚོགས་ཤིང་འདུས་པ་ནི་རུམ་དུ་ཆགས་པ་ཞེས་བྱ་སྟེ། དཔེར་ན་གཙུབས་ཤིང་དང་། གཏན་པ་དང་། སྤྲ་བ་དང་། སྐྱེས་བུའི་ལག་གི་རྩོལ་བ་བཅས། འདི་དག་ཚོགས་པ་ལས་མེ་འབྱུང་བ་ཡིན་ནོ། ། ཞེས་གསུངས་པ་ལྟར་རོ། ། 2.རྒྱུའི་ཡན་ལག་མ་ཚོགས་པ་ལས་ལུས་མི་ཆགས་པར་བསྟན་པ་ལ་གསུམ་སྟེ། (1)ནད་ཡོད་ན་འབྱུང་ལྔ་ཚོགས་ཀྱང་རྒྱུར་མི་འགྱུར་བར་བསྟན་པ་ནི། ཁུ་ཁྲག་རླུང་གིས་རྩུབ་ནག་རོ་བསྐ་ལ། ། མཁྲིས་པས་རོ་སྐྱུར་མདོག་སེར་དྲི་མ་མན་མ། ། བད་ཀན་སྐྱ་འབྱར་རོ་མངར་བསིལ་བ་སྟེ། ། ཁྲག་གིས་རུལ་ཏེ་བད་རླུང་དུམ་བུར་ཆད། ། ཁྲག་མཁྲིས་རྣག་འདྲ་བད་མཁྲིས་མདུད་པ་ཅན། ། རླུང་མཁྲིས་སྐམ་ཞིང་འདུས་པ་བཤང་གཅི་འདྲ། ། འདི་དག་སྐྱོན་རེས་ས་བོན་བྱེད་མི་ནུས། ། ཞེས་པ་སྟེ། བུའི་ཉེར་ལེན་དུ་གྱུར་པའི་ཕ་མའི་ཁུ་ཁྲག་གཉིས་ལ་རྣམ་པར་གྱུར་པའི་རླུང་གི་ནད་ཀྱིས་སྐྱོན་དུ་བྱས་པ་ཞིག་ཡིན་ན་དེའི་རྟགས་སུ་ཁུ་ཁྲག་གཉིས་ཀྱི་རེག་བྱ་རྩུབ་པ་དང་། ཁ་དོག་ནག་པ། རོ་བསྐ་བ་བཅས་འབྱུང་བ་དང་། རྣམ་པར་འགྱུར་བའི་མཁྲིས་པའི་ནད་ཀྱི་སྐྱོན་ཡོད་པའི་རྟགས་སུ་སྐྱུར་བ་དང་། མདོག་སེར་བ། ཉ་རུལ་བ་ལྟ་བུའི་དྲི་མནམ་པ་བཅས་འབྱུང་བ། རྣམ་པ་འགྱུར་བའི་བད་ཀན་གྱི་ནད་ཀྱི་སྐྱོན་ཡོད་པའི་རྟགས་སུ་ཁ་དོག་སྐྱ་བ། ངོ་བོ་འབྱར་བག་ཆེ་བ། རོ་མངར་བ། རེག་བྱ་བསིལ་བ་བཅས་འབྱུང་བ་ཡིན་ཅིང་། དེ་ལྟར་འབྱུང་བའི་རྒྱུ་མཚན་ནི། རླུང་མཁྲིས་བད་ཀན་གསུམ་སོ་སོས་རང་གི་མཚན་ཉིད་དང་རྗེས་སུ་མཐུན་པའི་བྱ་བ་བྱེད་པའི་དོན་གྱིས་ཡིན་ལ། དེ་བཞིན་དུ་ཁྲག་གི་ནད་ཀྱི་སྐྱོན་ཡོད་ན་རུལ་ཞིང་མྱུག་པ་ལྟར་གྱུར་པ་དང་། བད་རླུང་གཉིས་ལྡན་གྱི་སྐྱོན་ཡོད་ན་དུམ་བུ་དུམ་བུར་ཆད་དེ་གཅིག་ཏུ་མི་འདུ་བ་དང་། ཁྲག་མཁྲིས་གཉིས་ལྡན་གྱི་སྐྱོན་ཡོད་ན་རྣག་སྨིན་པ་དང་འདྲ་བ་ཤིན་ཏུ་ཉོག་པར་འགྱུར་བ། བད་མཁྲིས་གཉིས་ལྡན་གྱི་སྐྱོན་ཡོད་ན་མདུད་པ་ཅན་ཏེ་གོང་བུ་གཅིག་ཏུ་འདྲིལ་བ། རླུང་མཁྲིས་གཉིས་ལྡན་གྱི་སྐྱོན་ཡོད་ན་ཁུ་ཁྲག་གཉིས་རང་རང་གི་གནས་སུ་སྐམ་པའི་རྣམ་པའམ་ཟད་པར་འགྱུར་ནས་མི་འབྱུང་ལ། ཉེས་པ་དེ་དག་ཐམས་ཅད་འདུས་པའི་སྐྱོན་ཡོད་ན་བཤང་གཅི་གཉིས་ཀྱི་དྲི་དང་འདྲ་བ་བཅས་འབྱུང་བ་ཡིན་ནོ། ། མདོར་ན་ཇི་སྐད་བཤད་པའི་སྐྱོན་དེ་དག་རེ་རེ་ཙམ་ཡོད་པས་ཀྱང་དབང་པོ་ཡན་ལག་ཚང་ཞིང་ཁམས་དང་སྐྱེ་མཆེད་དྭངས་པའི་བུའི་ས་བོན་གྱི་དོན་ཚུལ་བཞིན་བྱེད་མི་ནུས་སོ། ། དེའི་ཕྱིར་བུ་འདོད་པའི་ཕོ་མོ་དག་གིས་དེ་དག་ལྷན་ཅིག་མ་འདུས་པའི་སྔོན་རོལ་དུ་ཁུ་ཁྲག་གཉིས་ལ་ནད་ཀྱི་སྐྱོན་ཡོད་མེད་ལེགས་པར་བརྟགས་ནས་ཉེས་པའི་སྐྱོན་ཡོད་ན་དེ་རྣམས་སེལ་བར་བྱ་དགོས་པ་སྟེ། འདིར་སེལ་ཐབས་དངོས་སུ་མ་བསྟན་ཀྱང་། སྙིང་པོ་བསྡུས་པར། རླུང་ལ་སོགས་པས་གནོད་གྱུར་པ། ། རང་གི་སྨན་གྱིས་གསོ་བར་བྱ། ། ཞེས་གསུངས་པ་ལྟར་མན་རྒྱུད་ཀྱི་གསང་ནད་གསོ་བའི་སྐབས་སུ་ཇི་སྐད་བཤད་པ་བཞིན་དུ་གསོ་བར་བྱ་དགོས་སོ། ། (2)ལས་མ་འཛོམས་ན་རྒྱུར་མི་རུང་བར་བསྟན་པ་ནི། ལས་མ་འཛོམས་ན་རྣམ་ཤེས་མི་འཇུག་སྟེ། ཞེས་པ་སྟེ། ཉེར་ལེན་གྱི་རྒྱུར་གྱུར་པའི་ཁུ་ཁྲག་གཉིས་ལ་ནད་ཀྱི་སྐྱོན་དེ་དག་མེད་ནའང་བར་མ་དོའི་སྲིད་པ་དེས། སྤྱིར་མི་རུ་སྐྱེ་འགྱུར་གྱི་ལས་བསགས་ཡོད་པ་དང་། བྱེ་བྲག་ཏུ་འདུ་འཕྲོད་དུ་ཞུགས་པའི་ཕ་མ་དེ་གཉིས་ཀྱི་བུར་སྐྱེ་འགྱུར་གྱི་ལས་བསགས་ཡོད་ན་ནི་ལས་འཛོམས་པ་ཡིན་པས་མངལ་དུ་འཇུག་པར་འགྱུར་ལ་དེ་ལས་བཟློག་སྟེ་ཕ་མ་དེ་གཉིས་ཀྱི་བུར་སྐྱེ་བའི་ལས་མ་འཛོམས་ན་ནི། ཕོ་མོ་འདུ་འཕྲོད་ལ་ཞུགས་ཤིང་། བར་སྲིད་མངོན་དུ་གྱུར་ཀྱང་རྣམ་པར་ཤེས་པ་དེ་མངལ་དུ་མི་འཇུག་སྟེ་དེ་གཉིས་ཀྱི་བུར་སྐྱེ་བའི་ལས་ཀྱི་རྒྱུ་མ་ཚང་བའི་ཕྱིར། མདོ་ལས། འཇིག་རྟེན་འདི་དག་ནི་ལས་ཀྱི་སྐྱེས་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པའོ། ། ཞེས་དང་། མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། ། ཞེས་དང་། སྐྱེས་རབས་ལས་ཀྱང་། ལས་མེད་ན་ནི་སྐྱེ་བའི་མཚམས་མི་སྦྱོར། ། ཞེས་གསུངས་པ་ལྟར་ལས་མ་འཛོམས་ན་མངལ་དུ་ཆགས་པ་མི་འགྱུར་རོ། ། (3)འབྱུང་ལྔ་མ་འཛོམས་ན་རྒྱུར་མི་འགྱུར་བའི་ཚུལ་བསྟན་པ་ནི། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། ། མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། ། ནམ་མཁའ་མེད་པར་འཕེལ་བའི་གོ་མི་འབྱེད། ། ཅེས་པ་སྟེ། ཁུ་ཁྲག་གཉིས་ལ་ནད་ཀྱི་སྐྱོན་མེད་པ་དང་ལས་འཛོམས་ནའང་ས་སོགས་འབྱུང་བ་ལྔ་ཀ་མ་ཚང་ན་ཡང་ལུས་ལྷན་ཅིག་པའི་རྒྱུ་རྐྱེན་མི་འགྲུབ་པ་སྟེ། ཁུ་ཁྲག་གཉིས་ལྷན་ཅིག་ཏུ་ཚོགས་པ་དེའི་ཚེ་དེར་འབྱུང་བ་ཆེན་པོ་རྣམས་ཀྱི་ནང་ནས་སའི་རང་བཞིན་གྱི་ནུས་པ་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་ལུས་སུ་མི་འགྲུབ་སྟེ། ལུས་ཀྱི་སྲ་བ་སོགས་གཟུགས་ཀྱི་རང་བཞིན་ཕལ་ཆེར་ས་ལས་གྲུབ་པའི་ཕྱིར་དང་། དེ་བཞིན་དུ་ཆུའི་རང་བཞིན་གྱི་ནུས་པ་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་གཅིག་ཏུ་བསྡུ་བར་མི་ནུས་ཏེ་གོར་གོར་མེར་མེར་སོགས་ཆུ་ཡིས་བསྡུས་པའི་ཕྱིར་རོ། ། དེ་བཞིན་དུ་མེ་ཡི་རང་བཞིན་གྱི་ནུས་པ་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་རིམ་པར་མི་སྨིན་ཏེ་སྨིན་པ་ནི་མེ་ཡིས་བྱེད་པའི་ཕྱིར་རོ། ། དེ་བཞིན་དུ་རླུང་གི་རང་བཞིན་གྱི་ནུས་པ་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་ལྕི་ཞིང་འཐས་པར་གནས་ནས་ཆེར་སྐྱེས་ཅིང་འཕེལ་བར་མི་ནུས་ཏེ་སྐྱེས་ཤིང་འཕེལ་བ་ནི་རླུང་གིས་བྱེད་པའི་ཕྱིར་རོ། ། དེ་བཞིན་དུ་ནམ་མཁའ་སྟོང་པའི་ཆ་ཤས་ཀྱི་རང་བཞིན་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་ཆེར་འཕེལ་བར་མི་འགྱུར་ཏེ་འཕེལ་ཞིང་རྒྱས་པའི་གོ་སྐབས་མི་འབྱེད་པར་བཀག་པའི་ཕྱིར་རོ། ། 3.ཁུ་ཁྲུག་སྐྱོན་མེད་པ་ལས་མངལ་ཇི་ལྟར་ཆགས་ཚུལ་བསྟན་པ་ལ་དྲུག་སྟེ། (1)ཁུ་ཁྲག་སྐྱོན་མེད་ཀྱི་མཚན་ཉིད་བསྟན་པ་ནི། ཁུ་བ་དཀར་ལྕི་མངར་ལ་མང་བ་དང་། ཟླ་མཚན་ཚོས་ཁུ་རི་བོང་ཁྲག་འདྲ་བ། ། བཀྲུས་ན་དག་འགྱུར་སྐྱོན་མེད་མངལ་ཆགས་བྱེད། ། ཅེས་པ་སྟེ། སྐྱེས་པའི་ཁུ་བ་མདོག་སྦྲང་རྩི་ལྟར་དཀར་ཞིང་འོད་འཚེར་བ། ངོ་བོ་ལྕི་ཞིང་རོ་བསྐ་མངར་དང་ལྡན་པ། བོངས་མང་དུ་འབྱུང་བ་བཅས་དང་། བུད་མེད་ཀྱི་ཟླ་མཚན་དེ་ཡང་རེས་འགའ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་སྨུག་པ་དང་། ཡང་ན་རེས་འགར་རི་བོང་གི་ཁྲག་དང་འདྲ་བར་མདོག་དམར་ལ་ངོ་བོ་དྭངས་པར་གོས་ལ་འགོས་པ་རྣམས་ཆུ་གྲང་གིས་བཀྲུས་ན་ཁྲག་གི་ཤུལ་མེད་ཅིང་དག་པར་འགྱུར་བ་བཅས་ནི་ཁུ་ཁྲག་གཉིས་ཀ་ལ་ནད་ཀྱི་སྐྱོན་མེད་པའི་རྟགས་ཡིན་པས་དེས་མངལ་ཆགས་པའི་ས་བོན་གྱི་དོན་ཚུལ་བཞིན་དུ་བྱེད་ནུས་པ་ཡིན་ནོ། ། དེ་ཡང་མན་རྒྱུད་དུ། མོ་གཤམ་ཟླ་མཚན་མང་ལ་མདོག་མི་འགྱུར། ། ཞེས་བཤད་པས་འདིར་ཟླ་མཚན་སྨུག་པོ་དང་དམར་པོ་རེས་མོས་ཀྱི་འབབ་པར་བཤད་པ་ནི་མངལ་ཆགས་པའི་ས་བོན་སྐྱོན་མེད་ཡིན་ན། ཟླ་མཚན་གྱི་མདོག་འགྱུར་བ་ཅན་ཞིག་ཡིན་དགོས་པར་བསྟན་པ་ཡིན་ནོ། ། (2)ཟླ་མཚན་འབྱུང་བའི་དུས་བསྟན་པ་ནི། བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར། ། དྭངས་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲུག རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ། ། རླུང་གིས་མངལ་གྱི་སྒོར་འབྱིན་ཞག་གསུམ་འཛག ། ཅེས་པ་སྟེ། དེ་ལྟར་བཤད་པའི་ཟླ་མཚན་དེ་ཡང་སྦྲུམ་མ་མ་གཏོགས་བུད་མེད་རྣམས་སྤྱིར་བཏང་ཙམ་དུ་ལོ་ན་བཅུ་གཉིས་ལོན་པའི་དུས་ནས་སམ། བྱེ་བྲག་ཏུ་བུད་མེད་སོ་སོའི་ལུས་ཟུངས་དང་། རྩ་རླུང་གི་སྟོབས་ནམ་རྫོགས་མཚམས་ནས་ལོ་ངོ་ལྔ་བཅུ་ཡས་མས་ལུས་ཀྱི་སྟོབས་འབྲི་བ་ལ་ཕྱོགས་པའི་པར་ཟས་སྐོམ་གྱི་དྭངས་མ་རྣམས་ལས་རིམ་བཞིན་བྱུང་བའི་ཐ་མ་ཁམས་དཀར་དམར་གྱི་ཆ་ཤས་གཉིས་སུ་ཡོད་པའི་དམར་ཆ་དེ་བསམ་བསེའུ་ནས་བུ་སྣོད་གཡས་གཡོན་དུ་འབྲེལ་བའི་རྩ་ཆེན་གཉིས་པོ་བརྒྱུད་ཟླ་བ་རེ་རེ་བཞིན་མངལ་ལམ་བུ་སྣོད་ཀྱི་ནང་དུ་(མེས་ཞལ་དང་བི་སྔོན་ལས་བསམ་བསེར་གསོག་པའི་ཁྲག་ཡིན་ཞེས་གསུངས་)རིམ་པར་གསོག་པ་ཁྲག་ཐུམ་དུ་གྱུར་ནས་སླར་དུས་ལ་བབས་པ་ན་ཁྲག་ཐུམ་དེ་ཉིད་བུ་སྣོད་ནས་རྣག་སྨིན་པ་ལྟ་བུར་རྡོལ་ཏེ་ཐོག་མར་ཁ་དོག་ཀྱང་ཅུང་ཟད་གནག་ཅིང་(བཀླགས་པས་ཀུན་ཤེས་ལས། རྣག་པ་ལྟ་བུའི་ཚུལ་གྱིས་ཞེས་བཤད།)དྲི་མ་དང་བྲལ་བ་ཞིག་ཐུར་སེལ་རླུང་གིས་མངལ་གྱི་སྒོར་འབྱིན་ནས་ཞག་གསུམ་མམ་ལྔའི་བར་འཛག་པ་ཡིན་ཅིང་། ཁམས་དམར་དེ་ཉིད་ཟླ་བ་རེ་རེ་བཞིན་དེ་དང་དེའི་དུས་ཚིགས་སུ་ནད་ཀྱི་སྐྱོན་མེད་ན་ངེས་པར་འབྱུང་བས་ན་དེར་ཟླ་མཚན་ཞེས་བྱ་ཞིང་། གཞན་ཡང་སྙིང་པོ་བསྡུས་པར། བུད་མེད་ཀྱི་ཟླ་མཚན་ཟླ་བ་གཅིག་ལ་ལན་གསུམ་འབྱུང་ཞེས་གསུངས་འདུག་ཀྱང་དེ་ནི་རང་ལུགས་དང་མི་མཐུན་པས་ཡིག་ནོར་མིན་ནམ་སྙམ། ཡིག་ནོར་མ་ཡིན་ཟེར་ན་ཡུལ་ལུང་སོ་སོའི་ཁྱད་པར་གྱི་རྐྱེན་བྱེད་པའམ། ཡང་ན་གནམ་གཤིས་སོགས་ཀྱི་ཁྱད་པར་ལས་བྱུང་བ་ཡོད་སྲིད་པ་ཡིན་ནམ་སྙམ། དེའང་བུ་མོ་ལོ་ན་བཅུ་གཉིས་མ་ལོན་གོང་དུ་དྭངས་མ་རྣམས་རང་རང་གི་གསོ་སྐྱེད་ཀྱི་བྱ་བས་མངལ་དུ་གསོག་པའི་སྐབས་མེད་ལ། ལོ་ན་ལྔ་བཅུ་ཐལ་ནས་འབྱུང་བ་ཉམས་ཏེ་ལུས་སྟོབས་བྲི་ཞིང་གསོལ་པའི་རྒྱུ་མེད་པའི་དབང་གིས་ཟླ་མཚན་མི་འབྱུང་ལ་བུ་ཆགས་པའི་ནུས་པའང་མེད་དོ། ། འདི་ཐུན་མོང་སྤྱི་ཙམ་གྱི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི་མཐའ་གཅིག་ཏུ་བཅུ་གཉིས་དང་ལྔ་བཅུ་ཁོ་ནར་ཟླ་མཚན་འབྱུང་བ་དང་ཚད་པ་ཡི་ངེས་པ་མེད་ཏེ། བུད་མེད་སོ་སོའི་ལུས་ཁམས་སྟོབས་ཆེ་ཆུང་གི་ཁྱད་པར་ལས་མི་འདྲ་བའི་ཁྱད་པར་ཡང་མང་དུ་འབྱུང་ངོ་། ། མན་རྒྱུད་ལས། ལུས་ཟུངས་ཕྱི་མ་ཁུ་བ་དཀར་དམར་གཉིས། ། ཟླ་མཚན་དམར་པོ་བཅུ་གསུམ་ལོན་ནས་འཛགས། ། མངལ་ནང་ཁུ་བ་འཛིན་ཅིང་ཤ་ལུས་སྐྱེད། ། ཅེས་བཅུ་གསུམ་གསུངས་པ་ནི་མངལ་ཆགས་ནས་འགོ་འཛིན་པ་དང་། འདིར་བཅུ་གཉིས་ཞེས་པ་སྐྱེས་ནས་འགོ་འཛིན་པའི་ཁྱད་པར་ཡིན་པ་ལས་དོན་གཅིག་གོ ། (3)དེའི་རྟགས་བསྟན་པ་ནི། དེ་རྟགས་ཉམས་ཆུང་བཞིན་རས་ངན་པ་དང་། ། ནུ་མ་རྐེད་པ་འགུལ་བ་མིག་དཀུ་གཡོ། ། སྐྱེས་པ་འདོད་པ་ཟླ་མཚན་ལྡན་པའི་རྟགས། ། ཞེས་པ་སྟེ། བུད་མེད་རྣམས་ལ་ཟླ་མཚན་དེ་ལྡན་པའི་རྟགས་སུ་ལུས་ཀྱི་ཉམ་ཤེད་དེ་ནམ་རྒྱུན་ལས་ཆུང་ཞིང་བཞིན་རས་ཅུང་ཟད་རིད་པས་མདོག་ངན་པར་སྣང་བ་དང་། ནུ་མ་ཆེར་སྐྱེ་བ། རྐེད་པ་འགུལ་ཞིང་ན་བ། མིག་ལྕིབས་དང་། དཀུ་ཞེས་པ་རྐེད་པ། ཚང་ར། ལྟོ་བ། རྒྱུ་ཞབས། མངལ་བཅས་ཀྱི་མིང་ཡིན་ལ་སྐབས་ཐོབ་སྦྱར་དགོས་པས་ད་ལམ་འདིར་མངལ་ཁ་གཡོ་ཞིང་སྦོས་པ། ཆགས་པས་གཟིར་ཏེ་སྐྱེས་པ་དང་འཁྲིག་པར་འདོད་པ་བཅས་ནི་ཟླ་མཚན་ལྡན་པའི་རྟགས་ཡིན་ནོ། ། པར་གཞིའི་དཀྱུས་སུ། ཟླ་མཚན་ལྡན་པ་སྐྱེས་པ་འདོད་པའི་རྟགས། ། ཞེས་བྱུང་ཡང་། དེ་ནི་ཡིག་ནོར་ཡིན་པ་མངོན་ཏེ་ད་ལྟ་འདིར་སྐྱེས་པ་འདོད་པའི་རྟགས་འཆད་པ་མ་ཡིན་ལ། ཟླ་མཚན་ལྡན་པའི་རྟགས་འཆད་པའི་སྐབས་ཡིན་པའི་ཕྱིར་གོང་ལྟར་བཤད་ན་བདེ་བར་སེམས་ལ་སྐྱེམས་འགྲེལ་ལས་ཀྱང་དེ་ལྟར་བཤད་པ་ཉིད་ལེགས་པར་བཤད་པའོ། ། (4)མངལ་ལེན་པའི་དུས་དང་ཕོ་མོའི་འགྱུར་ཚུལ་བསྟན་པ་ནི། དང་པོའི་ཞག་གསུམ་བཅུ་གཅིག་བུ་མི་ལེན། ། མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་བར། ། གཅིག་གསུམ་ལྔ་བདུན་དགུ་ལ་བུར་འགྱུར་ཏེ། ། གཉིས་དང་བཞི་དྲུག་བརྒྱད་ལ་བུ་མོར་འགྱུར། ། ཉི་མ་ནུབ་པའི་པད་མའི་ཁ་ཟུམ་བཞིན། ། བཅུ་གཉིས་འདས་ནས་ཁུ་བ་མངལ་མི་སྡོད། ། ཅེས་ཚིགས་རྐང་སྔ་ཕྱི་ཅུང་ཟད་བསྒྱུར་ནས་འཆད་ན་གོ་བདེ་བས་དང་པོའི་ཞག་གསུམ་སྟེ་ཟླ་མཚན་ལྡན་བཞིན་པའི་ཞག་གསུམ་ལ་བུ་མི་ལེན་ཞེས་མངལ་ཆགས་པར་མི་འགྱུར་ལ། སྐབས་དེར་འཁྲིག་པ་སྤྱོད་པའང་སྨད་དེ་ཕ་མ་གཉིས་ཀའི་ལུས་ལ་གནོད་པས་སྐབས་དེར་འཁྲིག་པ་སྤྱོད་མི་རུང་ཞིང་སྤྱད་ཀྱང་བུ་མི་ལེན་པ་སྟེ་མངལ་ཆགས་པར་མི་འགྱུར་ལ་སྤྱིར་བཏང་ཞག་གསུམ་ཟླ་མཚན་ཕྱིར་བབས་ཟིན་ནས་ཀྱང་། ད་དུང་དེ་ནས་བརྩིས་པའི་ཞག་བཅུ་གཅིག་བར་དུ་ལའང་བུ་མི་ལེན་ཞེས་མངལ་ཆགས་པར་མི་འགྱུར་བ་སྟེ་བུའི་ས་བོན་ཁམས་དམར་དེ་ད་དུང་ཐོག་མར་གསོག་བཞིན་པའི་གསར་པ་ཡིན་པས་མ་སྨིན་པའི་ཕྱིར་མདོར་ན་ཟླ་མཚན་ལྡན་ནས་ཞག་བཅུ་བཞིའི་རིང་ལ་མངལ་ཆགས་པར་མི་འགྱུར་ཞིང་། ཞག་བཅུ་བཞི་འདས་ནས་མངལ་ཁ་བྱེ་བ་སྟེ་བུའི་ས་བོན་ཁམས་དམར་དེ་ཤེད་ཡོངས་སུ་རྫོགས་ནས་སྨིན་པའི་དུས་ཡིན་སྟབས་དེ་ནས་བརྩིས་པའི་ཞག་བཅུ་གཉིས་ཀྱི་རིང་བུ་ཆགས་པའི་དུས་ཡིན་པས་རིགས་རྒྱུད་འདོད་པ་དག་གིས་སྐབས་འདིར་ཕ་མ་གཉིས་ཀས་ཟས་སྤྱོད་ལེགས་པར་བསྟེན་ལ། ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ཏེ་ཕོ་མོ་གཉིས་འདུ་འཕྲོད་ལ་ཞུགས་ན་དུས་དེའི་ནང་མངལ་ཆགས་པར་འགྱུར་བས་དེ་ལྟར་བུ་ལེགས་པར་འདོད་པ་རྣམས་ཀྱིས་ཇི་ལྟར་བྱ་བའི་ཐབས་བཞིན་ཚུལ་བཞིན་དུ་སྤྱད་པར་བྱའོ། ། ཞག་བཅུ་གཉིས་ཀྱི་དུས་དེ་འདས་ནས་འཁྲིག་པ་སྤྱད་ཀྱང་ཁུ་བ་མངལ་དུ་མི་སྡོད་པ་སྟེ་མངལ་ནང་ཁམས་དམར་དེ་རྙིང་ནས་ཁྲག་རོ་བསགས་པ་དེ་མང་དུ་སོང་ནས་ཞག་བཞི་ལྔའི་མཚམས་ནས་ཕྱིར་རྡོལ་རན་པས་ཁུ་བ་དེ་མངལ་དུ་འཛིན་པའི་ནུས་པ་ཡོངས་སུ་བྲལ་བས་ཕྱིར་དོན་པར་འགྱུར་རོ། ། དཔེར་ན་ཉི་མར་བསྟེན་ནས་ཁ་འབྱེད་པའི་མེ་ཏོག་པད་མའི་ཁ་ཉི་མ་ནུབ་པ་དང་ཟུམ་འགྲོ་བ་བཞིན་དུ་ཞག་གྲངས་བཅུ་གཉིས་པོ་འདས་ནས་མངལ་གྱི་ཁ་ཟུམ་པར་འགྱུར་བའོ། ། འདིར་བཅུ་གཉིས་འདས་ནས་མངལ་ཁ་ཟུམ་པར་གསུངས་པ་ནི་སྤྱི་ཙམ་དུ་གསུངས་པ་ཡིན་ལ། བྱེ་བྲག་བུད་མེད་སོ་སོའི་ལུས་ཁམས་ཀྱི་ཁྱད་པར་མི་འདྲ་བ་ལས་མངལ་ཁ་ཟུམ་པའི་ཞག་གྲངས་ཀྱང་མི་འདྲ་བ་རེ་ཡོད་པ་སྟེ། ལ་ལར་ཞག་བཅུ་གཉིས་མ་ཚང་གོང་ནས་མངལ་ཁ་ཟུམ་འགྲོ་བ་དང་འགའ་ཞིག་ཞག་བཅུ་གཉིས་འདས་ཀྱང་མི་ཟུམ་པ་དག་ཀྱང་ཡོད་དོ། ། འདིར་ཟླ་མཚན་ཐོག་མར་བབས་པ་ནས་ཞག་བཅུ་བཞིའི་རིང་བུ་མི་ལེན་པ་ཞེས་གཅིག་ཏུ་མི་བརྗོད་པར་དང་པོའི་ཞག་གསུམ་དང་ཞིག་བཅུ་གཅིག་གཉིས་སོ་སོར་ཕྱེ་ནས་བརྗོད་པར་དགོས་པ་ཅི་ཡོད་སྙམ་ན་དང་པོའི་ཞག་གསུམ་དམིགས་བསལ་དུ་བཤད་པ་ནི་ཟླ་མཚན་འབབ་བཞིན་པའི་དུས་ཡིན་པས་སྐབས་དེར་མངལ་མི་ཆགས་པར་མ་ཟད་འཁྲིག་པ་སྤྱོད་པའང་སྨད་ཅེས་བཤད་ལ་མངལ་ཆགས་ནས་ཕོ་མོའི་འགྱུར་ཚུལ་བསྟན་པ་ནི་དེ་ལྟ་བུའི་ས་བོན་ཁམས་དམར་དེ་མ་སྨིན་པའི་ཞག་བཅུ་བཞི་ཡོལ་ནས་བརྩིས་པའི་ཞག་དང་པོ་དང་གསུམ་པ་ལྔ་པ་བདུན་པ་དགུ་པ་རྣམས་སུ་འཁྲིག་པ་སྤྱད་ཚེ་བུ་ཕོར་འགྱུར་བ་དང་། དེ་བཞིན་ཞག་གཉིས་པ་བཞི་པ་དྲུག་པ་བརྒྱུད་པ་རྣམས་སུ་འཁྲིག་པ་སྤྱད་ན་བུ་མོར་འགྱུར་བ་ཡིན་ནོ། ། ཞེས་འདིའི་སྐབས་བུ་ཕོར་འགྱུར་བ་དང་བུ་མོར་འགྱུར་བ་ནི་རང་རང་གི་རྒྱུ་རྐྱེན་སྣ་ཚོགས་པ་ཞིག་འཛོམས་དགོས་པ་ལས་རྒྱུ་རྐྱེན་རེ་རེ་ཙམ་གྱིས་ཕོ་མོར་འགྱུར་ནུས་པ་མིན་ཏེ་གཙོ་བོ་ཕ་མའི་ཁམས་དཀར་དམར་ལ་ཁུ་བའི་ཆའམ་བུར་འགྱུར་བའི་ཁམས་མང་ན་བུར་འགྱུར་བ་དང་། ཟླ་མཚན་ནམ་བུ་མོར་འགྱུར་བའི་ཁམས་མང་ན་བུ་མོར་འགྱུར་བ་ཡིན། ཞག་གྲངས་ཁོ་ནས་ཕོ་མོར་འགྱུར་བའི་ངེས་པ་བྱེད་མི་ཐུབ་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་རྣམས་འཛོམས་ན་འཁྲིག་པ་སྤྱོད་དུས་དེ་ལྟ་བུས་ཀྱང་རྒྱུ་རྐྱེན་གཞན་དང་ལྷན་དུ་ཕོ་མོར་འགྱུར་བའི་རྐྱེན་བྱེད་ནུས་པ་ལས་མཐའ་གཅིག་ཏུ་གཅིག་གསུམ་ལྔ་བདུན་དགུར་བུར་འགྱུར་བ་དང་གཉིས་དང་བཞི་དྲུག་བརྒྱུད་པར་བུ་མོར་འགྱུར་བའི་ངེས་པ་མེད་དོ། ། (5)སྐྱེ་གནས་ཀྱི་འགྱུར་ཚུལ་བསྟན་པ་ནི། ཁུ་བ་མང་བ་བུ་རུ་སྐྱེ་འགྱུར་གྱི། ། ཟླ་མཚན་མང་བ་བུ་མོར་སྐྱེ་བར་འགྱུར། ། ཆ་མཉམ་མ་ནིང་བྱེ་ལས་མཚེ་མར་སྐྱེ། སྐྱེ་གནས་མི་མཐུན་པ་དང་གཟུགས་མི་སྡུག ། འདི་དག་གནོད་པའི་དྲི་མས་སྐྱེ་བར་འགྱུར། ། ཞེས་པ་སྟེ། མངལ་དུ་ཕ་མ་གཉིས་ཀྱི་ཁུ་ཁྲག་ལྷན་ཅིག་ཏུ་ཚོགས་པ་དེའི་ཚེ་བུའི་རྒྱུར་གྱུར་པའི་ཁུ་བའི་ཆ་མང་ན་བུ་ཕོ་རུ་སྐྱེ་བར་འགྱུར་ལ། ཟླ་མཚན་སྟེ་བུ་མོར་གྱུར་པའི་ཁུ་བའི་ཆ་མང་ན་བུ་མོར་སྐྱེ་བར་འགྱུར་བ་དང་། ཁུ་ཁྲག་མང་ཉུང་ཆ་མཉམ་པའི་ཚེ་མ་ནིང་སྟེ་མཚན་མེད་མ་ནིང་དང་། མཚན་གཉིས་མ་ནིང་དང་། འགྱུར་བ་མ་ནིང་སོགས་གང་ཡང་རུང་བར་འགྱུར་བ་དང་། ཁུ་ཁྲག་གཉིས་གཅིག་ཏུ་འདྲེས་པས་མེར་མེར་པོ་དེ་ཉིད་རླུང་གི་བྱེད་པ་འགའ་ཞིག་གིས་དུམ་བུ་གཉིས་སམ་གསུམ་དུ་ཕྱེས་པ་ལས་གྲངས་ཇི་ཙམ་བྱེ་བ་ལས་ནི་དེ་ཙམ་གྱི་མཚེ་མར་འགྱུར་བ་ཡིན་ཞིང་། དེ་ཡང་གཉིས་ཀར་ཁུ་བའམ་ཁམས་དཀར་གྱི་ཆ་ཤས་ཆེ་ན་མཚེ་དཀར་དང་། གཉིས་ཀར་ཁམས་དམར་གྱི་ཆ་ཤས་ཆེ་ན་མཚེ་ནག གཅིག་ཁམས་དཀར་གྱི་ཆ་ཤས་ཆེ་བ་དང་། གཅིག་ཤོས་ཁམས་དམར་གྱི་ཆ་ཤས་ཆེ་བ་ལས་མཚེ་ཁྲ་ཞེས་ཕོ་མོ་གཉིས་སུ་འགྱུར་བ་ཡིན་ཏེ། སྙིང་པོ་བསྡུས་པ་ལས། ཁུ་ཁྲག་རླུང་གིས་དུ་མར་ཕྱེ། ། ཇི་ལྟ་བ་ལས་མཚེ་མར་འབྱུང་། ཞེས་གསུངས་པ་ལྟར་རོ། ། (6)མངལ་ཆགས་པའི་རྟགས་བསྟན་པ་ནི། མངལ་ཆགས་མཚན་མས་ས་བོན་འཛིན་པ་དང་། ། འདོད་པ་ངོམས་ཤིང་ལུས་སྙོམས་ལྕི་བ་ཡིན། ། ཞེས་པ་སྟེ། ཇི་སྐད་བཤད་པའི་ས་བོན་དང་ལྷན་ཅིག་ཏུ་བར་མ་དོའི་སྲིད་པ་དེ་ཉིད་མངོལ་དུ་ཆགས་ཤིང་གནས་པའི་མཚན་མའམ་རྟགས་ནི་འདི་ལྟ་སྟེ། ཕོ་མོ་གཉིས་འཁྲིག་པར་ཞུགས་པ་ལས་བྱུང་བའི་ས་བོན་དེ་ ཉིད་མངལ་གྱི་ནང་དུ་འཛིན་ནས་ཕྱིར་མི་འབྱུང་བ་དང་། དེས་བུད་མེད་དེ་རེ་ཞིག་འདོད་པ་ངོམས་ཤིང་ཚིམ་པ། གློ་བུར་དུ་བྱ་བ་གང་ལ་ཡང་མི་སྤྲོ་བར་སྐྱིད་པ་སྐྱུར་བ་སྟེ་ལུས་སྙོམས་པ་དང་། ལུས་སྔར་ལས་ལྕི་ཞིང་དུབ་པ། ཡན་ལག་འདར་བ། སྙིང་གི་འཕར་གྲངས་ཅུང་མགྱོགས་སུ་འགྲོ་བ། བ་སྤུ་ལྡང་བ་སོགས་ཀྱི་མངོན་རྟགས་དེ་རྣམས་ལྡན་པར་གྱུར་ན་མངལ་ཆགས་པའི་རྟགས་ཡིན་པ་ཤེས་པར་བྱའོ། ། 4.རྒྱུ་ལས་འབྲས་བུ་སྐྱེད་ཚུལ་བསྟན་པ་ནི། ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་སྐྱེད། ། མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད། རང་གི་སེམས་ལས་དབང་པོའི་རྣམ་ཤེས་འབྱུང་། ། ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། ། ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད ། མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། ། རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། ། མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར། ། གོམས་པས་བྱ་བ་ལ་འཇུག་སྣང་བ་མཆེད། ། རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པས་ལུས་སུ་འགྲུབ། ། ཅེས་པ་སྟེ། སྤྱིར་རྒྱུ་ཐམས་ཅད་ཚོགས་པ་ལས་གྲུབ་ནའང་གང་ཤས་ཆེ་བའི་དབང་གིས་གཙོ་བོར་སྨོས་པ་ནི། མངལ་དུ་ཆགས་པའི་ཁུ་ཁྲག་སེམས་གསུམ་དང་། དེའི་རང་བཞིན་འབྱུང་བ་ལྔ་པོ་རྣམས་ཀྱི་ནང་ནས་ཕ་ཡི་ཁུ་བ་དེས་མངལ་གནས་དེ་ཉིད་ཀྱི་རུས་པ་དང་། ཀླད་པ། གཞུང་པ་བཅས་སྐྱེད་པར་བྱེད་པ་དང་། དེ་བཞིན་མ་ལས་བྱུང་བའི་ཟླ་མཚན་ནམ་ཁམས་དམར་དེས་ཤ་དང་། ཁྲག དོན་སྣོད་རྣམས་བཅས་སྐྱེད་པར་བྱེད་པ། མངལ་དུ་གནས་པའི་སེམས་ཅན་རང་གི་སེམས་ཀུན་གཞིའི་རྣམ་པར་ཤེས་པ་ལས་མིག་ལ་སོགས་པའི་དབང་པོ་ལྔ་དང་། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ཚོགས་དྲུག་སྐྱེད་ཅིང་འབྱུང་བ་ཡིན་ནོ། ། གོང་དུ་ཟླ་མཚན་ཆད་པའི་དུས་ནས་ཞག་ཡ་དང་ཟུང་གི་ཁྱད་པར་ལས་བུ་དང་བུ་མོ་འབྱུང་བར་བཤད་ནས་དེ་མ་ཐག་འདིར་ཁུ་བ་མང་བ་ལས་བུ་དང་། ཟླ་མཚན་མང་བ་ལས་བུ་མོར་འགྱུར་ཞེས་པ་འདི་ལ་གོ་བ་ཇི་ལྟར་ལེན་དགོས་སམ་སྙམ་ན། འདི་གཉིས་ཀ་ལ་རྒྱུ་རྐྱེན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་རེ་ཡོད་པས་གསུངས་པ་ཡིན་མོད་ཀྱང་། གོང་མ་ནི་རྐྱེན་ཙམ་ཡིན་པས་གཙོ་བོ་མ་ཡིན་ལ། འདིར་གསུངས་པ་ནི་དངོས་རྒྱུ་ཉེར་ལེན་ཡིན་པས་ཕྱི་མ་ཉིད་གཙོ་ཆེ་བ་ཡིན་ཏེ། བུ་འབྱུང་བའི་ཐབས་རོ་ཙ་གསུངས་པ་ཐམས་ཅད་ཀྱང་ཁུ་བ་འཕེལ་བའི་ཐབས་འབའ་ཞིག་ཏུ་འབྱུང་བའང་དོན་འདིའི་གནད་ཀྱིས་སོ། ། འོན་ཀྱང་འདི་གཉིས་ག་ལས་ནི་ལས་ཉིད་དབང་བཙན་པ་ཡིན་ཏེ། བསགས་པའི་ལས་ཀྱི་ཆུ་ཀླུང་བཟློག་མི་ནུས་པའི་ཕྱིར་ནའོ། དེ་དག་འབྱུང་བ་རྣམས་ཀྱི་ངོས་ནས་མཚོན་ན། སའི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཁམས་ཀྱི་ཤ་དང་རུས་པ་སོགས་སྲ་བའི་ཆ་ཤས་རྣམས་དང་། ཁྱད་པར་དུ་སྣ་དྲི་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་ཟངས་ཀྱི་མོ་ཁབ་གཤིབས་པ་ལྟ་བུ་རྣམས་སྐྱེད། ཆུའི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཁམས་ཀྱི་ཁྲག་དང་ཆུ་སེར་དང་། ཁྱད་པར་དུ་ལྕེ་རོ་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་ཟླ་བ་བཀས་པ་ལྟ་བུ་དང་། རླན་ཞིང་གཤེར་བའི་ཆ་ཤས་རྣམས་སྐྱེད་པ། མེའི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཁམས་ཀྱི་དྲོད་ཀྱི་ཆ་ཤས་ཀུན་སྐྱེད་ཅིང་མདོག་དང་མདངས་ཀྱང་རབ་ཏུ་གསལ་བར་བྱེད་པ་དང་། ཁྱད་པར་དུ་མིག་གཟུགས་འཛིན་པའི་དབང་པོའི་རྟེན་གཟུགས་དབྱིབས་ཟར་མའི་མེ་ཏོག་ལྟ་བུ་སྐྱེད་པ། རླུང་གི་རང་བཞིན་གྱི་ཡོན་ཏན་དེ་ལས་ཕྱི་ནང་དུ་རྒྱུ་བའི་དབུགས་དང་དབུགས་ཀྱི་ཆ་ཤེས་རྣམས་དང་། ཁྱད་པར་དུ་ལུས་བྱ་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་ཀྱི་རེག་བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུ་སྐྱེད་པ། ནམ་མཁའི་རང་བཞིན་གྱི་ཡོན་ཏན་དེ་ལས་སྲོག་ཟུངས་རྒྱུ་བའི་ལུས་ཕྱི་ནང་གི་བུ་ག་རྣམས་དང་། ཁྱད་པར་དུ་རྣ་བ་སྒྲ་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་གྲོ་གའི་མཛེར་བུ་བཅུས་པ་ལྟ་བུ་དང་། ནང་གི་ཁོང་སྟོང་པ་རྣམས་སྐྱེད་པར་བྱེད་དོ། ། དེ་དག་ནི་འབྱུང་བ་སོ་སོའི་མཚན་ཉིད་གཅིག་པའི་དབང་པོའི་རྟེན་སྐྱེད་པ་སྟེ། རྒྱུ་དང་འབྲས་བུ་དང་། རྟེན་དང་བརྟེན་པ་སྦྱར་བའི་དོན་ནོ། ། དེ་དག་གི་བྱེད་ལས་རྣམས་ཀྱང་སྐྱེ་བ་གཞན་དུ་ཡང་ཡང་གོམས་ཤིང་འདྲིས་པའི་བག་ཆགས་ཀྱི་མཐུ་ཇེ་གསལ་སུ་སོང་བ་ལས་སེམས་ཅན་དེ་ཉིད་མངལ་དུ་གནས་པའི་དུས་སུའང་ཚོར་བ་བདེ་སྡུག་སོགས་ལ་བླང་དོར་གྱི་བྱ་བ་ལ་འཇུག་པའི་སྣང་བ་རྣམ་པ་སྣ་ཚོགས་པ་འབྱུང་ཞིང་སྐྱེ་བ་དང་། དེ་ཉིད་རིམ་གྱིས་ཇེ་གསལ་དུ་འཕེལ་ཞིང་མཆེད་པ་བཅས་རྒྱུ་རྐྱེན་རྟེན་འབྲེལ་དེ་རྣམས་གེགས་མེད་པར་ལྷན་ཅིག་ཏུ་འཛོམས་ཤིང་འདུས་པ་ལས་མངལ་དུ་ལུས་ཡོངས་སུ་གྲུབ་པ་ཡིན་ནོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་88.9ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number