7238
Tibetan | རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འདི་ལ་ཁག་གསུམ་ཡོད་པ་སྟེ།
ཁག་དང་པོ། མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། 1. འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་ལོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པར་འགྱུར་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་གསོ་སྦྱོང་གི་ཉི་མ་ཚེས་བཅོ་ལྔ་ལ་མགོ་ཁྲུས་བྱས་ཏེ་དབུ་ཟུངས་སུ་གནས་ཤིང་སྟེང་གི་ཁྱམས་ན་བུད་མེད་ཀྱི་ཚོགས་ཀྱིས་ཀུན་ནས་བསྐོར་ཅིང་འདུག་པའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་ཡོད་པ། མུ་ཁྱུད་དང་ལྡན་པ། ལྟེ་བ་དང་བཅས་པ། ཐམས་ཅད་གསེར་ལས་གྲུབ་པ། མགར་བས་མ་བྱས་པ། འཕང་དུ་ཤིང་ཏ་ལ་བདུན་ཙམ་ནས་འབྱུང་སྟེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་མཐོང་ནས་འདི་སྙམ་དུ་སེམས་ཏེ། བདག་གིས་ཐོས་པ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གསོ་སྦྱོང་གི་ཉི་མ་ཚེས་བཅོ་ལྔ་ལ་མགོ་ཁྲུས་བྱས་ཏེ་དབུ་ཟུངས་སུ་གནས་ཤིང་སྟེང་གི་ཁྱམས་ན་བུད་མེད་ཀྱི་ཚོགས་ཀྱིས་ཀུན་ནས་བསྐོར་ཅིང་འདུག་པའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་བྱུང་བར་གྱུར་ན། དེ་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཐོས་ཏེ། བདག་གི་དྲུང་དུ་ལྷའི་འཁོར་ལོ་རིན་པོ་ཆེ་འོངས་པ་ལས་ན། བདག་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་དུ་ངེས་སོ་སྙམ་སྟེ། དེ་ནས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་གཡས་བས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་བསྐོར་ཞིང་འདི་སྐད་དུ། བཙུན་པ། ལྷའི་འཁོར་ལོ་རིན་པོ་ཆེ་ཆོས་ཀྱིས་བསྐོར་ཅིག ། ཆོས་མ་ཡིན་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་སྨྲས་པ་དང་། དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་བསྐོར་པས་རྫུ་འཕྲུལ་གྱིས་ནམ་མཁའ་ལས་ཤར་ཕྱོགས་སུ་ལེགས་པར་འགྲོ་སྟེ། རྒྱལ་པོ་འཁོར་ལོས་སྒྱུར་བའང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་རྗེས་སུ་འགྲོའོ། ། སའི་ཕྱོགས་གང་དུ་ལྷའི་འཁོར་ལོ་རིན་པོ་ཆེ་དེ་གནས་པར་འགྱུར་བ་དེར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ། ། དེ་ནས་ཤར་ཕྱོགས་ཀྱི་ཁམས་ཀྱི་རྒྱལ་པོ་གང་ཡིན་པ་དེ་དག་དངུལ་གྱི་སྣོད་ནི་གསེར་ཕྱེས་བཀང་སྟེ་ཐོགས། གསེར་གྱི་སྣོད་ནི་དངུལ་སིལ་མས་བཀང་སྟེ་ཐོགས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསུ་ཞིང་འདི་སྐད་དུ། ལྷ་འདིར་ལེགས་པར་གཤེགས་སོ། ། ལྷ་ཚུར་གཤེགས་སུ་གསོལ། ལྷའི་ཆབ་སྲིད་ནི་ཤིན་ཏུ་རྒྱས་ཤིང་འབྱོར་ལ་བདེ་སྟེ། ལོ་ལེགས་ཤིང་ཉམས་དགྱེས་ལ་སྐྱེ་བོ་མང་པོ་དང་། མིས་གཏམས་པ་ལགས་ཏེ། ལྷ་ཉིད་ཀྱི་ཡུལ་དུ་བྱོན་ནས་བཞུགས་སུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་རིམས་ཀྱི་རྒྱལ་པོ་དེ་དག་ལ་འདི་སྐད་དུ། ཁྱེད་རང་རང་གི་རྒྱལ་སྲིད་དག་ཆོས་ཀྱིས་གྱིས་ཤིག ། ཆོས་མ་ཡིན་པས་ནི་མ་ཡིན་ནོ། ། ཁྱེད་སྲོག་ཆགས་མ་གསོད་ཅིག མ་བྱིན་པར་མ་ལེན་ཅིག ། འདོད་པ་ལ་ལོག་པར་གཡེམ་པར་མ་བྱེད་ཅིག ། བརྫུན་དུ་མ་སྨྲ་ཞིག ། ཕྲ་མ་མ་ཟེར་ཅིག ། ངག་རྩུབ་པོ་མ་སྨྲ་ཞིག ། ཚིག་ཀྱལ་པ་མ་སྨྲ་ཞིག བརྣབ་སེམས་ཅན་དུ་མ་གྱུར་ཅིག ། གནོད་སེམས་ཅན་དུ་མ་གྱུར་ཅིག ། ལོག་པར་ལྟ་བར་མ་གྱུར་ཅིག ། སྲོག་གཅོད་པ་ལ་བྱམས་པར་མ་གྱུར་ཅིག ། ལོག་པར་ལྟ་བ་ཅན་གྱི་བར་ལ་བྱམས་པར་མ་གྱུར་ཅིག ། ངའི་ཡུལ་དུ་ཆོས་མ་ཡིན་པ་བྱུང་ང་རེ། ཆོས་མ་ཡིན་པར་སྦྱོད་པ་ལ་བྱམས་བར་མ་བྱེད་ཅིག་ཅེས་བསྒོས་ནས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དཔང་བསྐུར་བས་དེ་ལྟར་ཤར་ཕྱོགས་སུ་རྣམ་པར་རྒྱལ་བར་བྱེད་དོ། ། ཤར་ཕྱོགས་སུ་རྣམ་པར་རྒྱལ་བར་བྱས་ནས་ཤུར་ཕྱོགས་ཀྱི་རྒྱ་མཚོ་ལ་འགྲོའོ། ། ཤར་ཕྱོགས་ཀྱི་རྒྱ་མཚོ་ལ་སོང་ནས་ཤར་ཕྱོགས་ཀྱི་རྒྱ་མཚོ་ལས་རྒལ་ལོ། ། རྒལ་ནས་ཀྱང་ལྷོ་ཕྱོགས་སུ་ནམ་མཁའ་ལས་རྫུ་འཕྲུལ་གྱིས་ལེགས་པར་འགྲོ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོའང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འགྲོའོ། ། སྔ་མ་བཞིན་དུ་ལྷོ་ཕྱོགས་སུ་རྣམ་པར་རྒྱལ་བར་བྱེད་དོ། ། ལྷོ་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ནུབ་ཕྱོགས་དང་། བྱང་ཕྱོགས་སུ་རྣམ་པར་རྒྱལ་པར་བྱེད་དོ། ། བྱང་ཕྱོགས་སུ་རྣམ་པར་རྒྱལ་བར་བྱས་ནས་བྱང་ཕྱོགས་ཀྱི་རྒྱ་མཚོ་ལ་འགྲོའོ། ། བྱང་ཕྱོགས་ཀྱི་རྒྱ་མཚོ་ལ་སོང་ནས་བྱང་ཕྱོགས་ཀྱི་རྒྱ་མཚོ་ལ་རྒལ་ལོ། ། རྒལ་ནས་ཀྱང་ནམ་མཁའ་ལས་རྫུ་འཕྲུལ་གྱིས་རྒྱལ་པོའི་ཕོ་བྲང་དུ་ལེགས་པར་འོངས་ནས་བཙུན་མོའི་འཁོར་གྱི་སྒོའི་སྟེང་དུ་ཉམས་པ་མེད་པར་གནས་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ནི་འཁོར་ལོ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། 2. འཁོར་ལོས་བསྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་གླང་པོ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཐམས་ཅད་ཐལ་ཀར་གྱུར་པ། ཡན་ལག་བདུན་ཤིན་ཏུ་གནས་པ། གཙུག་གསེར་གྱིས་བརྒྱན་པ། གསེར་གྱི་རྒྱལ་མཚན་དང་ལྡན་པ། གསེར་གྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་དྲ་བས་གཡོགས་པ། རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལས་འགྲོ་བ། རྣམ་པར་འཕྲུལ་པའི་ཆོས་ཅན་ཏེ། འདི་ལྟར་གླང་པོའི་རྒྱལ་པོ་བྱང་ཆུབ་ཅེས་བྱ་བའོ། ། གང་གི་ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གླང་པོ་རིན་པོ་ཆེ་དེ་བརྟག་པར་འདོད་པར་གྱུར་པའི་ཚེ་ཉི་མ་ཤར་ཁར་གླང་པོ་རིན་པོ་ཆེ་དེ་ལ་ཞོན་ཏེ་ས་ཆེན་པོ་འདི་རྒྱ་མཚོའི་མཐའ་སྐོར་དང་བཅས་པ། རྒྱ་མཚོའི་མུར་ཐུག་པ་དང་བཅས་པ་ཀུན་ཏུ་བསྐོར་ཏེ་རྒྱལ་པོའི་ཕོ་བྲང་དུ་འོངས་ནས་ཁྱེའུ་སུས་ཀྱི་དགའ་བ་མྱོང་བར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། 3. འཁོར་ལོས་སྒྱུར་བའི་རྒྱལ་པོ་རྟ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྟ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཐམས་ཅད་སྡོན་པོར་གྱུར་པ། མགོ་ནག་པ། སྔོག་མ་ལྕང་ལོར་འདུག་པ། ཞོན་ན་གུས་པར་བྱེད་པ། གསེར་གྱི་རྒྱལ་མཚན་དང་བཅས་པ། གསེར་གྱི་རྒྱན་དང་ལྡན་པ། གསེར་གྱི་དྲ་བས་གཡོགས་པ། རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལས་འགྲོ་བ། རྣམ་པར་འཕྲུལ་པའི་ཆོས་ཅན་ཏེ། འདི་ལྟར་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའོ། ། གང་གི་ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྟ་རིན་པོ་ཆེ་བརྟག་པར་འདོད་པར་གྱུར་བ་དེའི་ཚེ་ཉི་མ་ཤར་ཁར་རྟ་རིན་པོ་ཆེ་དེ་ལ་ཞོན་ནས་ས་ཆེན་པོ་འདི་རྒྱ་མཚོའི་མཁའ་སྐོར་དང་བཅས་པ། རྒྱ་མཚོའི་མུར་ཐུག་པ་དང་བཅས་པ་ཀུན་ཏུ་བསྐོར་ཏེ་ཕྱིར་རྒྱལ་པོའི་ཕོ་བྲང་དུ་འཁོར་ནས་ཁྱེའུ་སུས་ཀྱི་བདེ་བ་མྱོང་བར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རྟ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། 4. འཁོར་ལོས་སྒྱུར་བའི་རྒྱལ་པོ་ནོར་བུ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ནོར་བུ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཐམས་ཅད་དུ་སྔོ་བ། བཻཌཱུརྱའི་རང་བཞིན་ཟུར་བརྒྱད་དུ་འདུག་པ། ཤིན་ཏུ་སྦྱངས་བ་འབྱུང་སྟེ། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་བཙུན་མོའི་འཁོར་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་འགྱུར་རོ། ། གང་གི་ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་པ་ནོར་བུ་རིན་པོ་ཆེ་བརྟག་པར་འདོད་པར་གྱུར་པ་དེའི་ཚེ་མཚན་མོ་ནམ་གྱི་གུང་ལ་མུན་པ་མུན་ནག་གི་ནང་དུ་ནོར་བུ་རིན་པོ་ཆེ་དེ་རྒྱལ་ མཚན་གྱི་རྩེ་མོ་ལ་བཏགས་ཏེ་སྐྱེད་མོས་ཚལ་གྱི་ས་བཟང་པོ་བལྟ་བའི་ཕྱིར་སོང་ན། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་ཐམས་ཅད་དང་ལྡན་པའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཐམས་ཅད་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་སྣང་བས་གསལ་བར་འགྱུར་རོ། ། ནོར་བུ་རིན་པོ་ཆེའི་འཁོར་ན་གནས་པའི་མི་དེ་དག་ཀྱང་སྣང་བ་དེས་གསལ་བར་གྱུར་པ་དང་། གཅིག་གིས་གཅིག་མཐོང་། གཅིག་གིས་གཅིག་ཤེས་ནས་གཅིག་ལ་གཅིག་འདི་སྐད་སྨྲ་སྟེ། བཞིན་བཟང་དག་ལོངས། ལས་ཀྱི་མཐའ་དག་བྱོས་ཤིག ། ཚོང་འདུས་དག་ཁྲོམ། ཉི་མ་ཤར་ཏེ་ཉིན་མོར་ཤེས་སོ་ཞེས་ཟེར་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ནོར་བུ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། 5. རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་བུད་མེད་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བུད་མེད་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཚུལ་དང་མཐུན་པ། རྒྱལ་རིགས་སུ་སྐྱེས་པ། ཧ་ཅང་ཡང་མི་རིང་བ། ཧ་ཅང་ཡང་མི་ཐུང་བ། ཧ་ཅང་ཡང་མི་སྦོམ་པ། ཧ་ཅང་ཡང་མི་སྐེམ་པ། ཧ་ཅང་ཡང་མི་དཀར་བ། ཧ་ཅང་ཡང་མི་ནག་པ། གཟུགས་མཛེས་པ། ཚུལ་དུ་ཤིས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། དེའི་སྤུའི་ཁུང་ཐམས་ཅད་ནས་ཙནྡན་གྱི་དྲི་འབྱུང་བ། ཁ་ནས་ཨུཏྤ་ལའི་ངད་ལྡང་པོ། ཀ་ཙ་ལིནྡའི་གོས་ལྟར་རེག་ན་བདེ་བ། དེ་གྲང་བའི་དུས་ན་ནི་ལུས་ལ་རེག་ན་དྲོ་བ། དྲོ་བའི་དུས་ན། ལུས་ལ་རེག་ན་བསིལ་བ་སྟེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་གཏོགས་པར་གཞན་ལ་ཡིད་ཀྱིས་ཀྱང་འདོད་ཆགས་སུ་མི་བྱེད་ན། ལུས་ཀྱིས་ལྟ་ཅི་སྨོས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བུད་མེད་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། 6. འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྱིམ་བདག་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཁྱིམ་བདག་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། མཁས་པ། གསལ་བ། ཡིད་གཞུངས་པ། ལྷའི་མིག་དང་ལྡན་པ་འབྱུང་ངོ་། ། དེ་ལྷའི་མིག་དེས་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་བདག་པོ་དང་བཅས་པའི་གཏེར་དག་ཀྱང་མཐོང་། བདག་པོ་མེད་པའི་གཏེར་དག་ཀྱང་མཐོང་སྟེ། དེ་བདག་པོ་མེད་པའི་གཏེར་གང་ཡིན་པ་དེ་དག་གིས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ནོར་གྱི་དགོས་པ་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཁྱིམ་བདག་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། 7. འཁོར་ལོས་སྒྱུར་བའི་རྒྱལ་པོ་བློན་པོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བློན་པོ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། མཁས་ཤིང་གསལ་ལ་ཡིད་གཞུངས་པའོ། ། དེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེས་བསམ་པ་ཙམ་གྱིས་བསྐོ་བར་བྱ་བའི་དཔུང་རྣམས་བསྐོའོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བློན་པོ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དེ་དག་དང་ལྡན་པ་ཡིན་ནོ། ། |
Tibetan Source | 《མདོ་ཁ་པ་》ཤ་15བ་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |