7307

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:10, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཉེ་བའི་རིན་པོ་ཆེ་སྣ་བདུན།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། 1. རལ་གྲི་ཉེ་བའི་རིན་པོ་ཆེ་གང་ཞེ་ན། ཡུལ་འཁོར་གང་དག་རྒྱལ་པོའི་ཡིད་དང་། ཚིག་ལས་འགལ་བར་བྱེད་འདོད་པ་དེར་རལ་གྱི་ཉེ་བའི་རིན་པོ་ཆེ་འགྲོ་སྟེ། དེས་བཏབ་པ་མེད་ཅིང་རལ་གྲི་རིན་པོ་ཆེ་སུ་ལའང་བཏབ་པ་མེད་ཀྱིས་ཀྱང་ཡུལ་འཁོར་ཀུན་གྱིས་མཐོང་ནས་འདུད་པར་བྱེད་དོ། ། ཉེ་བའི་རིན་པོ་ཆེའི་ཡོན་ཏན་ནི་འདི་ཡིན་ཏེ། བཟང་བ་མི་ཟད་པ། ཆད་པ་མེད་ཅིང་མཚོན་གྱིས་འདའ་བ་མེད་ཀྱང་ཡུལ་འཁོར་དེ་དག་ཐམས་ཅད་འདུད་པར་བྱེད་དེ། འདི་ནི་རལ་གྲི་ཉེ་བའི་རིན་པོ་ཆེའི་ཡོན་ཏན་ཡིན་ནོ། 2. པགས་པ་ཉེ་བའི་རིན་པོ་ཆེ་གང་ཞེ་ན། པགས་པ་རིན་པོ་ཆེ་ནི་རྒྱ་མཚོ་ནས་འབྱུང་སྟེ། དེ་བྱུང་བར་གྱུར་པ་དང་། ཚོང་པ་དག་གིས་རྒྱལ་པོ་ལ་འབུལ་བར་བྱེད་དོ། ། དེའི་ཡོན་ཏན་ནི་འདི་དག་ཡིན་ནོ། ། དེ་ཀླུའི་པགས་པ་ཡིན་ཏེ། ཞེང་དུ་དཔག་ཚད་ལྔ་ལ་ཆུར་དཔག་ཚད་བཅུ་སྟེ། དེ་ཆར་གྱིས་མི་རླན། རླུང་གིས་མི་བསྐྱོད། མེས་མི་ཚིག གྲང་ན་དྲོ་བར་བྱེད་ཅིང་། དྲོ་ན་བསིལ་བར་བྱེད་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་གང་དུ་འགྲོ་བ་དེར་བློན་པོ་རིན་པོ་ཆེས་དེ་ཁྱེར་བར་བྱེད་དེ། ཇི་ལྟར་སོ་སོ་ནས་བྱེད་པ་ལྟར་དེ་རྒྱལ་པོའི་འཁོར་གྱི་ཁྱིམ་གྱི་བྱ་བ་ཐམས་ཅད་བྱེད་དོ། ། བུད་མེད་མི་སྡུག་པ་དག་མི་མཐོང་ཞིང་དཀར་བ་དེ་དང་ལྡན་པར་འགྱུར་ལ་ཟླ་བ་དང་། ཉི་མའི་འོད་སྣང་བ་དེ་དང་ལྡན་པར་འགྱུར་རོ། ། 3. མལ་ཆ་ཉེ་བའི་རིན་པོ་ཆེ་གང་ཞེ་ན། རྒྱལ་པོའི་མལ་ཆ་རིན་པོ་ཆེ་ནི་ཡང་ཞིང་འཇམ་ལ་མཐོ་དམའ་ཅན་ཡིན་ཏེ། དེའི་རྒྱུ་མཚན་ནི་བཏེག་ན་འཕར་བ་དང་། མནན་ན་ནེམ་བྱེད་པ་ཡིན་ནོ། ། གལ་ཏེ་བསམ་གཏན་སེམས་ན་དེའི་བསམ་གཏན་རྣམ་པར་གྲོལ་ཞིང་བློ་གྲོས་གསལ་བར་བྱེད། གལ་ཏེ་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་ཡིན་ན་དེ་མལ་ཆའི་སྟེང་དུ་འདུག་ན། དེའི་ཚེ་འདོད་ཆགས་དང་བྲལ་ཞིང་ཆགས་པ་མེད་པར་བྱེད་དོ། ། ཞེ་སྡང་དང་། གཏི་མུག་དག་ལའང་དེ་བཞིན་ཏེ། མལ་ཆ་ཉེ་བའི་རིན་པོ་ཆེ་ནི་བསམ་གཏན་གྱི་གནས་དང་འདྲའོ། ། རྒྱལ་པོ་མལ་ཆ་རིན་པོ་ཆེའི་ནང་ན་འདུག་པ་བུད་མེད་ཀྱིས་མཐོང་ལ་དེའི་ཚེ་མཆོག་ཏུ་དགའ་བ་སྐྱེས་ཀྱང་ཡིད་ལ་འདོད་ཆགས་པར་མི་འགྱུར་ཏེ། དེ་ནི་ཉེ་བའི་མལ་ཆ་རིན་པོ་ཆེའི་ཡོན་ཏན་ཡིན་ནོ། ། 4. ཚལ་ཉེ་བའི་རིན་པོ་ཆེ་གང་ཞི་ན། གལ་ཏེ་རྒྱལ་པོ་ཚལ་དུ་བསམ་གཏན་ལ་དགའ་བར་འགྱུར་ཏེ། དེ་དེར་ཉེ་བར་འགྲོ་ན་ཚལ་དེའི་མཐུ་དང་། རྒྱལ་པོའི་དགེ་བའི་ལས་ཀྱིས་གང་ལྷའི་འཇིག་རྟེན་གྱི་ཚལ་གྱི་དགའ་བའི་རྣམ་པ་མེ་ཏོག་དང་། འབྲས་བུ་དང་། བྱ་དང་། པདྨ་དང་། ལྟེང་ཀ་དང་། འབབ་པའི་ཆུ་ངོགས་བདེ་བ་དང་། ལྷའི་བུ་མོ་དག་རོལ་མོ་བྱེད་ཅིང་། དགོད་ལ་མཛེས་པ་རྩེ་བ་དེ་དག་ཐམས་ཅད་ལྷའི་རིས་དེ་ནས་ཚལ་དེར་ཉེ་བར་འོང་སྟེ། རྒྱལ་པོ་དེ་ཡང་ལྷ་བཞིན་དུ་ལྷའི་འདོད་པའི་ཡོན་ཏན་ལྔ་དག་དང་ལྡན་པར་འགྱུར། ཚལ་ཉེ་བའི་རིན་པོ་ཆེ་དེར་བུད་མེད་དང་ལྷན་ཅིག་ཤིན་ཏུ་དགའ་ཞིང་དགའ་མགུར་སྤྱོད་པར་བྱེད་དེ། དགེ་བའི་ལས་ཀྱི་རྣལ་འབྱོར་སྤྱོད་པ་དེ་བཞི་པ་ཚལ་ཉེ་བའི་རིན་པོ་ཆེ་མཐོང་ནས་གནས་སོ། ། 5. ཁྱིམ་ཉེ་བའི་རིན་པོ་ཆེ་གང་ཞེ་ན། གང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁྱིམ་ཉེ་བའི་རིན་པོ་ཆེའི་ནང་དུ་ཉལ་བར་གྱུར་ན། མཚན་མོ་ཉལ་བ་དེའི་ཚེ་ཟླ་བ་ལྟ་བར་འདོད་ན་འོང་ཞིང་གཟའ་དང་། རྒྱུ་སྐར་དང་། སྐར་མདའི་དག་ཀྱང་དེའི་ཁྱིམ་དེར་ཉེ་བར་འོང་བར་འགྱུར། དེའི་ནོར་བུའང་མཐོང་ན་དགའ་བར་འགྱུར། ལྷ་མོ་དག་ཀྱང་རོལ་མོ་བྱེད་པར་འགྱུར། གང་མྱ་ངན་མང་པོ་དང་བྲལ་བའི་མི་དེ་བདེ་བར་གཉིད་ལོག་པར་འགྱུར། གཉིད་ལོག་པ་ན་རྨི་ལམ་དགེ་བ་མཆོག་ཏུ་དགའ་བ་དག་མཐོང་བར་འགྱུར། དྲང་བའི་དུས་སུ་ནི་རླུང་དྲོ་བ་ལྡང་ཞིང་། དྲོ་བའི་དུས་སུ་ནི་རླུང་བསིལ་བ་རེག་ན་བདེ་ཞིང་འཇམ་པ་ལྡང་ངོ་། ། མཚན་མོ་ཐུན་གསུམ་ལས་ཐུན་གཉིས་ལ་ཉལ་ཞིང་ཐུན་གསུམ་པ་ལས་གཉིད་དང་བྲལ་ནས་ལངས་ཏེ། བདེ་བའི་ཆོས་ལ་གནས་པར་འགྱུར་ཏེ། འདི་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁྱིམ་ཉེ་བའི་རིན་པོ་ཆེ་ཡིན་ནོ། ། 6. གོས་ཉེ་བའི་རིན་པོ་ཆེ་གང་ཞེ་ན། གོས་རིན་པོ་ཆེ་རྣམ་པ་དུ་ཡོད། ཡོན་ཏན་དུ་ཞིག་དང་ལྡན་ཞེ་ན། ཐགས་བཟང་ཞིང་ཤིན་ཏུ་འཇམ་ལ་དྲི་མས་མ་གོས་པ་ཡིན་ཏེ། གྱོན་ནས་གྲང་བ་དང་། དྲོ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཉམ་ཆུང་བ་དང་། ངལ་བ་དང་། དུབ་པའི་གནོད་པ་མེད་ལ། མེ་དང་། མཚོན་དག་གིས་བསྲེག་པ་དང་། བཅད་པར་མི་ནུས་སོ། ། 7. ལྷམ་ཉེ་བའི་རིན་པོ་ཆེ་གང་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན་ལྷམ་ཉེ་བའི་རིན་པོ་ཆེ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རྐང་པ་ལ་གྱོན་ན་ཇི་ལྟར་སྐམས་ལ་རྐང་པ་མི་འབྱིང་བ་དེ་བཞིན་དུ་ཆུ་ལའང་མི་འབྱིང་བར་འགྱུར་རོ། ། གལ་ཏེ་དལ་གྱིས་སྔོན་དུ་འགྲོ་བར་འདོད་ན་དཔག་ཚད་བརྒྱར་ཡང་འགྲོ་བར་འགྱུར་ཞིང་ལུས་ལ་ངལ་བ་མེད་དོ། །

Tibetan Source 《མདོ་ཟ་པ་》ཤ་200བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number