7441
Tibetan | བྱང་ཆུབ་ཀྱི་ཡན་ལག་བདུན། |
---|---|
Tibetan Alternate | |
Tibetan Definition | ཁག་གཉིས་པ།
དཀོན་བརྩེགས་ལེའུ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་ལས་བྱུང་བ་སྟེ། 1. དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། དྲན་པ་གང་གིས་ཆོས་རྟོགས་པར་བྱེད། ཆོས་ལ་སོ་སོར་རྟོག་པར་བྱེད། ཆོས་ལ་དཔྱོད་པར་བྱེད། ཆོས་ཡོངས་སུ་ཚོལ་བར་བྱེད་ཅིང་ཆོས་རྣམ་པར་འབྱེད་པ་བྱེད་པ་དང་། ཆོས་ལ་རྣམ་པར་རྟོག་པར་བྱེད་དེ། དེ་དྲན་པ་དེས་གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ཡང་རྗེས་སུ་རྟོགས་སོ། ། ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཤེས་པ་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་སྟེ། གང་དེ་ལྟར་དྲན་ཞིང་ཁོང་དུ་ཆུད་པ་དེ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅིས་བྱའོ། ། 2. ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་སྟེ། ངེས་པའི་དོན་ཀྱང་ངེས་པའི་དོན་དུ། དྲང་བའི་དོན་ཀྱང་དྲང་བའི་དོན་དུ། ཀུན་རྫོབ་ཀྱི་དོན་ཀྱང་ཀུན་རྫོབ་ཀྱི་དོན་དུ། དམ་པའི་དོན་ཀྱང་དམ་པའི་དོན་དུ། བརྡར་ཡང་བརྡར། རྣམ་པ་གཏན་ལ་དབབ་པ་ཡང་རྣམ་པར་གཏན་ལ་དབབ་པར་ཆོས་དེ་དག་ཇི་བ་ལྟར་རབ་ཏུ་དབྱེ་བར་བྱ་བར་དེ་བཞིན་དུ་དེ་དག་རྣམ་པར་འབྱེད་པར་བྱེད་དེ། དེ་ནི། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། ། 3. བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་ཆོས་རྣམ་པར་འབྱེད་པ་དེ་ཉིད་ཀྱི་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། ཡེ་ཤེས་ཀྱི་བར་དུ་འཛིན་པ་དང་། སྤྲོ་བ་དང་། སྟོབས་དང་། རྟུལ་བ་དང་། མི་ལྡོག་པའི་མོས་པ་དང་། མཐུ་དང་། བརྩོན་པ་མི་འདོར་བ་དང་། ལམ་མངོན་པར་རྟོགས་པར་བྱ་བ་ལ་མངོན་པར་བརྩོན་འགྲུས་རྩོམ་པ་སྟེ། དེ་ནི། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། ། 4. དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། དགའ་བ་གང་དང་། ཆོས་ལ་དགའ་བ་དང་། ཆོས་ལ་མཆོག་ཏུ་དགའ་བ་གང་གིས་སེམས་མི་ཞུམ་ཞིང་དང་བ་སྟེ། མ་ཞུམ་པའི་དགའ་བ་དེས་གང་ལུས་སམ། སེམས་ཀྱང་ཤིན་ཏུ་བྱང་བར་བྱེད་ལ། ཀུན་ནས་ཉོན་མོངས་པ་ཡང་སེལ་བ་དེ་ནི། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། ། 5. ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དང་། ཉོན་མོངས་པ་ཤིན་ཏུ་སྦྱངས་པ་དང་། སྒྲིབ་པ་མེད་པ་དང་། ཏིང་ངེ་འཛིན་དུ་དམིགས་པ་ལ་སེམས་ཉེ་བར་གཞོག་པ་སྟེ། དེ་ནི། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། ། 6. ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་སེམས་མཉམ་པར་བཞག་པས་ཆོས་ཤེས་པ་རྟོགས་པར་འགྱུར་ཏེ། སེམས་མཉམ་པར་མ་བཞག་པས་ནི། མ་ཡིན་པ་དང་། སེམས་མཉམ་པར་གཞག་པས་ཆོས་དེ་དག་ལ་མངོན་པར་རྫོགས་པར་འཚང་རྒྱའི། སེམས་མཉམ་པར་མ་གཞག་པས་མ་ཡིན་ཏེ། ཆོས་མཉམ་པ་ཉིད་དང་། ཆོས་ལ་གཞོལ་བ་མ་གཏོགས་པར་རྗེས་སུ་ཆགས་པའི་ཀུན་ནས་དཀྲིས་པས་རྟོགས་པར་མི་བྱེད་དེ། དེ་ནི། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། ། 7. བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་ཡིད་བདེ་བ་དང་། གང་ཡིད་མི་བདེ་བའི་ཆ་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཛིན་པ་དང་། འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོག་པ་དང་། མཐོ་དམན་དུ་མི་གནས་པའི་ཕྱིར་རབ་ཏུ་མི་གཡོ། མི་འཁྲུག རབ་ཏུ་མི་འཁྲུག ཡང་དག་པར་མི་འཁྲུག ཆགས་པར་མི་བྱེད། ཞེ་སྡང་བར་མི་བྱེད་ཀྱི། འཕགས་པའི་ལམ་དེ་ཉིད་དང་མཐུན་པར་བྱེད་པ་སྟེ། དེ་ནི། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའོ། ། |
Tibetan Source | 《དཀོན་བརྩེགས་ག་པ་》ཤ་342ན་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |