7682

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:11, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan གུ་རུ་མཚན་བརྒྱད།
Tibetan Alternate
Tibetan Definition 1.གུ་རུ་མཚོ་སྐྱེས་རྡོ་རྗེ་ནི། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཤར་དང་། ལྷོ། བྱང་གསུམ་དུ་མཚོ་རེ་རེ་ཡོད་པའི་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་གླིང་དུ་པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་ཡོད་པའི་སྦུབས་སུ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཡི་གེ་ཧྲཱིས་མཚན་པ་ཞིག་སྤྲོས་པ་ལས་ཁྱེའུ་ལོ་བརྒྱད་པའི་ཚོད་ཙམ་པ་ཞིག་འཁྲུངས་ཏེ་ལྷ་དང་མཚོ་གླིང་གི་མཁའ་འགྲོ་རྣམས་ལ་ཆོས་གསུངས་ཏེ་བཞུགས། ཡུལ་དེའི་རྒྱལ་པོ་ཨིནྡྲ་བོ་དྷི་ལ་སྲས་མེད་སྟབས་སྲས་ཚབ་ཏུ་གདན་དྲངས་ནས་མཚན་ལ་པདྨ་འབྱུང་གནས་སམ་མཚོ་སྐྱེས་རྡོ་རྗེ་ཞེས་གསོལ།

2. གུ་རུ་རྡོ་རྗེ་དྲག་པོ་རྩལ་ནི། ཨོ་རྒྱན་གྱི་རྒྱལ་པོའི་སྲས་ཚབ་ཏུ་བཞུགས་རིང་། མཁའ་འགྲོ་འོད་འཆང་མ་ཁབ་ཏུ་བཞེས་ནས་རྒྱལ་སྲིད་བསྐྱངས། དེ་ནས་རྒྱལ་སྲིད་སྤངས་པར་བཞེད་ཀྱང་ཡབ་རྒྱལ་པོས་གནང་བ་མ་ཐོབ་པར་བརྟེན་རྩེད་མོའི་ཚུལ་གྱིས་བློན་པོ་ཏྲི་ནུའི་བུ་ལ་མདུང་རྩེ་གསུམ་པ་ཁ་ཤོར་བ་ལྟར་མཛད་ནས་བུ་བསད། དེའི་རྐྱེན་གྱིས་དུར་ཁྲོད་དུ་རྒྱང་འབུད་བཏང་བས་དུར་ཁྲོད་སྣ་ཚོགས་སུ་བཞུགས་ནས་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་པ་སོགས་མཛད་པས་མཚན་ལ་རྡོ་རྗེ་དྲག་པོ་རྩལ་ཞེས་གསོལ། 3. གུ་རུ་ཤཱཀྱ་སེང་གེ་ནི། དེ་ནས་རྡོ་རྗེ་གདན་དུ་ཕེབས་ནས་སྤྲུལ་པ་སྣ་ཚོགས་བསྟན་པས་མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་པར་ང་ནི་རང་བྱུང་གི་སངས་རྒྱས་ཡིན་ཞེས་གསུངས་པས་མི་རྣམས་ཀྱིས་ཡིད་མ་ཆེས་པར་སྐུར་བ་བཏབ་པར་བརྟེན། ཟ་ཧོར་གྱི་ཡུལ་( བྷངྒལ་)དུ་བྱོན་ཏེ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་བྱུང་ཞུས་པའི་མཚན་ལ་གུ་རུ་ཤཱཀྱ་སེང་གེ་ཞེས་གསོལ། 4. གུ་རུ་བློ་ལྡན་མཆོག་སྲེད་ནི། གོང་གསལ་སློབ་དཔོན་པྲ་བྷ་ཧསྟི་ལས་ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་གསན། ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་ཤེས་དགེ་སློང་མར་སྤྲུལ་པ་ཀུན་དགའ་མོ་ལ་གསང་སྔགས་ཀྱི་དབང་གསན། རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད་ཀྱི་སྐོར། སློབ་དཔོན་སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་གྱི་སྐོར། སློབ་དཔོན་ཤྲཱི་སིང་ཧ་ལས་རྫོགས་ཆེན་གྱི་སྐོར་བཅས་ཡོངས་སུ་རྫོགས་པར་གསན་ནས་གང་གསན་པ་ཐམས་ཅད་ཚར་རེས་མཁས་པར་མཁྱེན་པས་མཚན་ལ་གུ་རུ་བློ་ལྡན་མཆོག་སྲེད་དུ་གསོལ། 5. གུ་རུ་པདྨ་ཐོད་ཕྲེང་ཙལ་ནི། དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྡྷ་ར་བ་ཕྱག་རྒྱར་བཞེས། བྲག་ཕུག་མ་ཏི་ཀར་ཟླ་བ་གསུམ་གྱི་རིང་ཚེ་སྒྲུབ་མཛད་ཅིང་། ཚེ་དཔག་མེད་ཀྱིས་དངོས་སུ་དབང་བསྐུར་སྟེ་ཚེ་ཡི་རིག་འཛིན་བརྙེས། ཟ་ཧོར་གྱི་རྒྱལ་པོས་སྐུ་གསོན་པོར་མེར་བསྲེགས་བཏང་སྐབས་སློབ་དཔོན་ཡབ་ཡུམ་གཉིས་ཀ་མ་འཚིག་པར་མཚོ་འཁྱིལ་བའི་དབུས་སུ་པདྨའི་སྡོང་པོ་སྐྱེས་པའི་དབུས་སུ་ཡབ་ཡུམ་གཉིས་ཀ་ལྷན་ཅིག་ཏུ་བཞུགས་པའི་སྤྲུལ་པ་བསྟན་ཅིང་། སླར་ཡང་ཨོ་རྒྱན་གྱི་ཡུལ་དུ་ཕེབས་པ་ན། དེར་ཡང་བློན་པོ་ངན་པ་ཚོས་ངོ་ཤེས་ཏེ་ཙནྡན་གྱི་མེའི་ནང་དུ་བསྲེགས་ཀྱང་སྔར་བཞིན་པདྨའི་སྡོང་པོའི་རྩེར་ཡབ་ཡུམ་གཉིས་ཀྱིས་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་མཛད་པས་མཚན་ལ་པདྨ་ཐོད་ཕྲེང་རྩལ་ཞེས་གསོལ། 6. གུ་རུ་པདྨ་རྒྱལ་པོ་ནི། དེ་ནས་ཨོ་རྒྱན་གྱི་ཡུལ་དུ་ལོ་བཅུ་གསུམ་གྱི་རིང་རྒྱལ་པོའི་མཆོད་གནས་སུ་བཞུགས་ཏེ་རྒྱལ་བློན་བཙུན་མོ་དང་བཅས་པར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་བསྟན་ནས་སྨིན་གྲོལ་ལ་བཀོད་པས་མཚན་ལ་གུ་རུ་པདྨ་རྒྱལ་པོ་ཞེས་གསོལ། 7. གུ་རུ་ཉི་མ་འོད་ཟེར་ནི། རྒྱལ་པོ་མྱ་ངན་མེད་འདུལ་བའི་དོན་དུ་དགེ་སློང་དབང་པོའི་སྡེར་སྤྲུལ་ནས་ཆོས་བསྟན་ཏེ་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད། འཛམ་བུའི་གླིང་དུ་ནུབ་གཅིག་ལ་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་གཅིག་བཞེངས་སུ་འཇུག་པ་དང་། ནང་པའི་བསྟན་པ་ལ་སྡང་བའི་མུ་སྟེགས་ཀྱི་རྒྱལ་པོ་བཏུལ། དུར་ཁྲོད་ཆེན་པོ་རྣམས་སུ་གདུག་པ་ཅན་རྣམས་ཀྱི་སྲོག་གི་སྙིང་པོ་བཞེས་ཏེ་བསྟན་སྲུང་དུ་བཀོད་པར་མཛད་པའི་མཚན་ལ་གུ་རུ་ཉི་མ་འོད་ཟེར་ཞེས་གསོལ། 8. གུ་རུ་སེང་གེ་སྒྲ་སྒྲོགས་ནི། རྒྱ་གར་རྡོ་རྗེ་གདན་དུ་མུ་སྟེགས་པའི་སྟོན་པ་ལྔ་བརྒྱས་ནང་པའི་ཆོས་ལ་ངོ་རྒོལ་གྱི་རྩོད་པ་བྱེད་དུ་འོངས་སྐབས་སློབ་དཔོན་གྱིས་རྩོད་པ་དང་མཐུ་ནུས་འགྲན་པས་སློབ་དཔོན་རྒྱལ། མུ་སྟེགས་པས་ངན་སྔགས་བཏབ་ནས་མཐུ་བཏང་བ་དྲག་སྔགས་ཀྱིས་ཕྱིར་བཟློག་ཏེ་མུ་སྟེགས་པའི་གྲོང་ཁྱེར་མེས་བསྲེགས། ལྷག་མ་རྣམས་ནང་པའི་ཆོས་ལ་བཀོད་པས་མཚན་ལ་གུ་རུ་སེང་གེ་སྒྲ་སྒྲོག་ཅེས་གསོལ།

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་500.25ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number