7838

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:12, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རྟེན་འབྱུང་འགལ་མེད་ཟུང་འཇུག་དོན་གཅིག་ཏུ་རྟོགས་པའི་ཟབ་མོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ།

1. སྐྱེ་བ་ལ་ཟབ་པ་ནི། སྐྱེ་བ་དང་སྐྱེ་མེད་ལྟ་བུ་བདེན་པ་གཉིས་པོ་དེ་དག་བྱིས་པའི་བློ་ལ་འགལ་བ་ལྟར་སྣང་ཡང་། ཟབ་མོའི་ཆོས་ཉིད་གཟིགས་པ་རྣམས་ཀྱི་ངོར། དོན་དམ་པར་སྐྱེ་བ་བརྟག་ན་དབེན་བཞིན་རྟེན་འབྲེལ་བསླུ་མེད་ཀྱི་དབང་གིས་ཐ་སྙད་དུ་སྐྱེ་བ་ཡོད་པ་འགལ་བ་མེད་པར་མ་ཟད་དོན་གཅིག་ཏུ་འཆར་བ་སྐྱེ་བ་ལ་ཟབ་པ། 2. འགག་པ་ལ་ཟབ་པ་ནི། དེ་བཞིན་དུ་དོན་དམ་པར་འགག་པ་མེད་ཀྱང་ཐ་སྙད་དུ་འགག་པ་ཡོད་པ་འགལ་མེད་དོན་གཅིག་ཏུ་རྟོགས་པ་འགག་པ་ལ་ཟབ་པ། 3. དེ་བཞིན་ཉིད་རྟོགས་པ་ལ་ཟབ་པ་ནི། བློ་ཆེ་བ་ལམ་དུ་ཤེས་རབ་ཀྱིས་དེ་བཞིན་ཉིད་ཤེས་ཀྱང་ཐབས་མཁས་པས་དུས་མིན་པར་མངོན་དུ་མི་བྱེད་པར་གསུངས་པ་ལ། བློ་ཆུང་བ་དག་གིས་དེ་བཞིན་ཉིད་ཤེས་ཤིང་གོམས་པར་བྱ་བ་ཡིན་ན་མངོན་དུ་བྱེད་མི་རུང་བ་ཅི་ཞིག་ཡོད། ཡོད་ན་ཤེས་ཤིང་གོམས་པར་བྱ་བ་དོན་མེད་དོ་སྙམ་དུ་ཁོང་ཆུད་དཀའ་ལ། བློ་ལྡན་རྣམས་དེ་བཞིན་ཉིད་ཤེས་ཤིང་གོམས་པའི་སྟོབས་ཀྱིས་དེ་འབའ་ཞིག་དུས་མིན་པར་མངོ་དུ་མི་བྱེད་པར་ཡོངས་སུ་དག་པ་མཐར་ཐུག་པའི་ངོ་བོས་མངོན་དུ་བྱེད་པ་འགལ་མེད་དོན་གཅིག་ཏུ་ཤེས་པ་དེ་བཞིན་ཉིད་རྟོགས་པ་ལ་ཟབ་པ། 4. ཤེས་བྱ་ལ་ཟབ་པ་ནི། དོན་དམ་སྤྲོས་བྲལ་ལ་སྦྱིན་སོགས་སྒྲུབ་ཏུ་མེད་པར་ཤེས་བཞིན་ཐ་སྙད་དུ་སྦྱིན་སོགས་ཚད་མེད་པར་སྒྲུབ་པ་ཡང་། ཕལ་པའི་བློ་ལ་སྒྲུབ་ཏུ་མེད་ན་སྦྱིན་སོགས་སྒྲུབ་པར་ཡང་མི་འཐད་ལ། སྒྲུབ་པར་བྱེད་ན་སྒྲུབ་པ་ཡང་མ་ཡིན་ནོ་སྙམ་འགལ་བའི་ཚུལ་གྱིས་དེའི་དོན་མི་ཤེས་ཀྱང་། ཟབ་མོའི་བློ་དང་ལྡན་པ་དག་གིས་དོན་དམ་པར་སྒྲུབ་ཏུ་མེད་པའི་དབང་གིས་ཐ་སྙད་དུ་སྒྲུབ་པ་དང་དེའི་འབྲས་བུ་འགྲུབ་པ་བསླུ་མེད་དུ་ཡོད་ཀྱི། དོན་དམ་པར་ཡོད་ན་དེ་ལྟ་བུ་མི་རིགས་པའི་ཚུལ་ཤེས་ནས་དེ་གཉིས་དོན་གཅིག་ཏུ་རྟོགས་པ་ཤེས་བྱ་ལ་ཟབ་པ། 5. ཤེས་པ་ལ་ཟབ་པ་ནི། དོན་དམ་པར་ཆོས་གང་ཡང་དམིགས་སུ་མེད་པས་མཐོང་བ་ཅི་ཡང་མེད་ལ། ཅི་ཡང་མ་མཐོང་བ་དེ་ཉིད་མཐོང་བའི་དམ་པའོ་ཞེས་གསུངས་པ་ལ། བློ་དམན་པ་དག་གིས། ཅི་ཡང་མ་མཐོང་བ་ལ་མཐོང་བའི་དམ་པ་ཅི་ཞིག་ཡོད། མཐོང་བ་དམ་པ་ཡོད་ན་དེ་ཉིད་མཐོང་བ་ཡིན་གྱི་ཅི་ཡང་མ་མཐོང་བ་མ་ཡིན་ནོ་སྙམ་དུ་འགལ་བར་འཛིན་ལ། ཟབ་མོའི་བློ་ལྡན་རྣམས་ཀྱིས་དངོས་མེད་ཀྱི་ཆོས་སུ་གཏོགས་པའི་མཐོང་བའམ་དམིགས་པར་བྱ་བ་ཡོད་ན་དེ་ཉིད་དེའི་མཚན་མར་འཛིན་པ་དང་ལྟ་བར་གྱུར་པ་ཡིན་པས་མི་རྟོག་པའི་ཡེ་ཤེས་ཡོད་མི་སྲིད་ལ། དམིགས་པས་མཐོང་བར་བྱ་བ་ཅི་ཡང་མེད་པའི་དོན་སོ་སོ་རང་གིས་རིག་པ་ལ་ཐེ་ཚོམ་མེད་ཅིང་ཆོས་ཀུན་གྱི་གནས་ལུགས་བསམ་གྱིས་མི་ཁྱབ་པ་འདི་ཁོ་ན་ཡིན་པར་ཉམས་སུ་མྱོང་བ་ཡོད་པའི་ཚུལ་ཁོང་དུ་ཆུད་པ་ཤེས་པ་ལ་ཟབ་པ། 6. སྤྱོད་པ་ལ་ཟབ་པ་ནི། དེ་བཞིན་དུ་དོན་དམ་པར་ཆོས་གང་ཡང་སྤྱོད་དུ་མེད་པ་ལ་སྤྱོད་པ་ནི་སྤྱོད་པའི་མཆོག་སྟེ་གནས་ལུགས་ཀྱི་དོན་ལ་སྤྱད་པར་གསུངས་པ་ལའང་གོང་དུ་བཤད་པའི་ཚུལ་གྱིས་འགལ་མེད་དོན་གཅིག་ཏུ་རྟོགས་པ་སྤྱོད་པ་ལ་ཟབ་པ། 7. གཉིས་མེད་ལ་ཟབ་པ་ནི། ཡང་དག་པའི་དོན་དུ་བསྒྲུབ་བྱ་སྒྲུབ་བྱེད་གཉིས་མེད་ཀྱང་ཐ་སྙད་དུ་ལམ་སྒྲུབ་པ་ཡང་གོང་དུ་བཤད་པའི་ཚུལ་གྱིས་འགལ་མེད་དོན་གཅིག་ཏུ་རྟོགས་པ་གཉིས་མེད་ལ་ཟབ་པ། 8. ཐབས་མཁས་ལ་ཟབ་པ་ནི། ཀུན་རྫོབ་ཏུ་ཚོགས་གཉིས་རྫོགས་པར་བྱེད་ལ་དོན་དམ་པར་དེའི་འབྲས་བུ་སངས་རྒྱས་ཐོབ་ཏུ་མེད་པར་བསྟན་པ་དང་། ཐོབ་མེད་ཉིད་ཐོབ་ པའི་མཆོག་ཏུ་བསྟན་པ་ཡང་། བྱིས་པ་རྣམས་ཀྱིས་འགལ་འདུར་བཟུང་ནས། སྒྲ་ཇི་བཞིན་དུ་རྟོགས་མི་ནུས་པར་རྣམ་བཞག་གཞན་དང་གཞན་དུ་འཆད་པར་སེམས་ཀྱང་། ཟབ་མོའི་བློ་དང་ལྡན་པ་རྣམས་ཀྱིས་དོན་དམ་པར་ཐོབ་ཏུ་ཡོད་པ་དམིགས་པ་ཅན་ཞིག་ཡོད་ན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྐུ་ཅན་སངས་རྒྱས་ཉིད་མ་ཡིན་ཏེ་ཆོས་ཉི་ཚེ་བ་ བསྡུས་པའི་འབྲས་བུ་ཉི་ཚེ་བའོ། ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ནི་བསྒྲུབ་ཐོབ་མེད་པར་ཤེས་ཀྱང་། དེ་འདྲའི་ཆོས་ཉིད་མངོན་དུ་འགྱུར་བ་ལ་གློ་བུར་གྱི་དྲི་མ་དག་བྱེད་ཚོགས་གཉིས་རྫོགས་དགོས་པ་ཡིན་ཞིང་། དེ་ཡང་དོན་དམ་པར་བསྒྲུབ་མེད་དང་ཐོབ་མེད་དང་ཡིན་པའི་གནད་ཀྱིས་ཐ་སྙད་དུ་བསྒྲུབ་ཅིང་ཐོབ་པ་བསླུ་མེད་ཡིན་པའི་ཚུལ་འགལ་མེད་དོན་གཅིག་ཏུ་རྟོགས་པ་ནི་འབྲས་བུ་མངོན་དུ་བྱེད་པའི་ཐབས་མཁས་ལ་ཟབ་པ་དང་བརྒྱད་དོ། །

Tibetan Source 《མི་ཕམ་བཀའ་འབུམ་ཅ་པ་》ཤ་122ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number