8060
Tibetan | འཕགས་པའི་ལམ་བརྒྱད། |
---|---|
Tibetan Alternate | |
Tibetan Definition | འདི་ལ་ཁག་གཉིས་ཡོད་པ་སྟེ།
ཁག་དང་པོ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ། 1. ཡང་དག་པའི་ལྟ་བ་ནི། གང་འདི་འཕགས་པ་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། སེམས་ཅན་དུ་མ་ཡིན། སྲོག་ཏུ་མ་ཡིན། གསོ་བར་མ་ཡིན། སྐྱེས་བུར་མ་ཡིན། གང་ཟག་ཏུ་མ་ཡིན། ཤིད་ལས་སྐྱེས་སུ་མ་ཡིན། ཤེད་བུར་སྐྱེ་བ་མ་ཡིན། 1. བྱེད་པ་པོར་མ་ཡིན། ཚོར་བ་པོར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། མི་རྟག་པ་དང་། ཚད་པར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། འབྱུང་བ་དང་། འཇིག་པར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན་པ་ནས་འཁོར་བ་དང་། ། མྱ་ངན་ལས་འདས་པར་ལྟ་བའི་ཀུན་ནས་ལངས་པ་མ་ཡིན་ཏེ། འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། ། 2. ཡང་དག་པའི་རྟོག་པ་ནི། རྟོག་པ་གང་དག་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་དག་ཀུན་དུ་འབྱུང་བའི་ཀུན་ཏུ་རྟོག་པ་དེ་དག་ལ་མི་རྟོག་པ་དང་། རྟོག་པ་གང་དག་གིས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ཀུན་ཏུ་འབྱུང་བའི་ཀུན་ཏུ་རྟོག་པ་དེ་དག་ལ་ཡང་དག་པའི་རྟོག་པ་ཞེས་བྱའོ། ། 3. ཡང་དག་པའི་ངག་ནི། ངག་གང་གིས་བདག་ལའང་ཡོངས་སུ་མི་གདུང་ཞིང་གཞན་ལའང་མ་ཡིན་པ་དང་། བདག་ལའང་ཀུན་ནས་ཉོན་མོངས་པར་མི་བྱེད་ཅིང་གཞན་ལའང་མ་ཡིན་པ་དང་། བདག་ལའང་མི་གནོད་ཅིང་གཞན་ལའང་མ་ཡིན་པ་སྟེ། ངག་གང་གིས་འཕགས་པའི་ལམ་ལ་ངེས་པར་འཇུག་པ་མཉམ་པར་བཞག་པ་ལ་བརྩོན་པའི་ངག་དེ་དང་ལྡན་པ་ཡིན་ཏེ། འདི་ནི་ཡང་དག་པའི་ངག་ཅེས་བྱའོ། ། 4. ཡང་དག་པའི་ལས་ཀྱི་མཐའ་ནི། གང་ལས་ཀྱང་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། གང་ལས་ཀྱང་དཀར་ལ་རྣམ་པར་སྨིན་པའང་དཀར་བའི་ལས་དེ་མངོན་པར་འདུ་བྱེད་པ་དང་། གང་ལས་ཀྱང་དཀར་གནག་ལ་རྣམ་པར་སྨིན་པའང་དཀར་གནག་ཏུ་འགྱུར་བའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་གང་མི་གནག་མི་དཀར་ཞིང་རྣམ་པར་སྨིན་པའང་མེད་ལ་ལས་ཀྱི་ས་ལས་ཟད་པར་འགྱུར་བའི་ལས་དེ་མངོན་པར་འདུ་བྱེད་པའོ། ། དེ་ལས་ལ་རྟོན་པས་ཡང་དག་པའི་ལས་མཐའ་ལ་བརྩོན་པ་ཞེས་བྱ་སྟེ། འདི་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། ། 5. ཡང་དག་འཚོ་བ་ནི། གང་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་མི་གཏོང་བ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། ཆོ་ག་བཟང་པོའི་ངང་ཚུལ་ཅན་དང་། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། བདག་གིས་རྙེད་པས་ཆོག་ཤེས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འཕགས་པས་གནང་བའི་འཚོ་བ་འདི་ནི་ཡང་དག་པའི་འཚོ་བའོ། ། 6. ཡང་དག་པའི་རྩོལ་བ་ནི། རྩོལ་བ་གང་ལོག་པ་རྣམས་ཀྱིས་འཕགས་པས་མ་གནང་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པའི་བག་ལ་ཉལ་བ་བྱེད་པའི་རྩོལ་བ་མི་འདོད་ཅིང་། རྩོལ་བ་གང་ཡང་དག་པར་འཕགས་པའི་ལམ་དང་། བདེན་པ་ལ་འཇུག་པ། མྱ་ངན་ལས་འདའ་བར་འགྲོ་བའི་ལམ་དུ་གཏོང་བའི་རྩོལ་བ་དེའི་རྗེས་སུ་འགྲོ་བ་འདི་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ། ། 7. ཡང་དག་པའི་དྲན་པ་ནི། དྲན་པ་གང་ཤིན་ཏུ་ཉེ་བར་གཞག་པ་དང་། མི་སྒུལ་བ་དེ་ནི་དྲང་བ་དང་། གྱ་གྱུ་མེད་པ་དང་། འཁོར་བའི་སྐྱོན་གྱི་ཉེས་དམིགས་ལ་ལྟ་བ་དང་། མྱ་ངན་ལས་འདས་པའི་ལམ་དུ་འདྲེན་པ་སྟེ། དྲན་པ་དང་། གཞུངས་པ་དང་། འཕགས་པའི་ལམ་མི་བརྗེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། ། 8. ཡང་དག་པའི་ཏིང་ངེ་འཛིན་ནི། ཡང་དག་པ་ཉིད་དུ་མཉམ་པ་དང་། གང་ཆོས་ཐམས་ཅད་ཀྱིས་མཉམ་པ་སྟེ། ཏིང་ངེ་འཛིན་གང་ལ་གནས་པས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཡང་དག་པར་ངེས་པར་འགྱུར་བ་ལ་འཇུག་པ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། ། |
Tibetan Source | 《མདོ་ཕ་པ་》ཤ་255བ་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |