8300

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:14, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ལུས་ལ་ཕན་བྱེད་ཉེར་མཁོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། ལུས་ལ་ཉེར་མཁོ་སྐབས་བརྒྱད་པ་ལས་བྱུང་བ་སྟེ།

1. ལུས་བརྟན་པ་ནི། རྡོ་རྗེ་ཆུའི་གདམས་ངག་ནི། ཕོ་ཅོང་བཟང་པོ་མགར་བའི་སོལ་མལ་དུ་བསྲེགས་ལ་ཅུ་གང་བཟང་པོའི་ཆུ་ལ་བསྐྱུར། ཆུ་དེས་ལུས་ལ་བསྐུ་བྱུག་བྱས་པས་སོ་དམ་པ་དང་། ལུས་རྡོ་རྗེ་བཞིན་དུ་འགྱུར། ཚེ་ཉི་ཟླ་དང་མཉམ། མདངས་རྨ་བྱ་དང་འདྲ། སྟོབས་ཆེ་མིག་གིས་ཚངས་གནས་མཐོང་། སྐྲ་དཀར་གཉེར་མ་མེད། གཞན་ཡང་རོ་ཙ་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་ཅེས་དུས་འཁོར་མན་ངག་གོ ། ཡང་ན། 2. པགས་མདངས་བཟང་བ་ནི། དེ་ལ་གཉིས་ཏེ། (1)སྐྱོན་སེལ་བ་ནི། པགས་ཁྲ་སེལ་བ་ལ། མུ་ཟི་ནག་པོ། བཙན་དུག རྡོ་ཞོ་བཏུལ་མ། སྒ། དངུལ་རྡོ་རྣམས་ཆ་མཉམ་ཞིབ་བཏགས་བྱས་ལ། རབ་བུ་མོ་སྟག་ལོ་མ་ལོ་བརྒྱད་པའམ། དེ་མ་བྱུང་ན་བུ་མོ་ལོ་བརྒྱད་མ་གང་རུང་གི་ཆུ་དང་སྦྱར། དང་པོ་པགས་ཁྲ་གྲི་རྩེས་སྐྱི་ལོང་ཙམ་བྲད་དེ། སྨན་བསྐུས་ནས་ཉི་མ་ལ་བསྲེགས་པས་ཐོན་ངེས་སོ། ། ཡང་ན། (2)པགས་མདངས་བཟང་བར་བྱེད་པ་ལ། རུ་རྟ་སྤྲ་ཚིལ་ཁ་རུ་ཚ་སྤོས་དཀར་ཏིལ་མར་རྣམས་བ་ཆུ་སྦྱར་བ་བྱུགས་ན་གདོང་གི་སྐྱོན་དག་ནས་པདྨ་གཞོན་ནུའི་མདངས་དང་ལྡན་པར་འགྱུར་རོ། ། ཡང་ན། 3. རྔུལ་ནག་སྲུང་བ་ནི། བཅའ་སྒ་པི་ལིང་ཕོ་རིས་གསུམ་མར་དང་སྦྱར་བ་ལུས་ལ་བྱུག རྫ་གསར་གྱི་ཕྱེ་མ་སྲན་ཕྱེ་ཞོ་སྦྱར་བས་ལུས་ལ་དྲིལ་ཕྱིས་བྱས་ན་ལུས་སྐམ་སང་གིས་འགྲོ་རྔུལ་མེད་ངེས་ཨ། ། ཞེས་གཏེར་མ་ལས་སོ། ། ཡང་ན། 4. དྲི་ང་བསལ་བའི་སྐོར་ལས། བསེ་དྲི་འདོན་པའི་ཐབས་ནི། ཞ་ཉེ་བརྡར་བ། བྱང་བུལ། གཡེར་མ། སྒོག་པ། དུད་པ་རལ་པ། ཙན་དན་ལྔ་ལྗིད་མཉམ་འབྲི་མར་ལ་སྦྱར་ནས་མཚན་འོག་བསྐུ་མཉེ་བྱས་པས་ཕན་ངེས་སོ། ། ཡང་ན། 5. སྤུ་བཅོས་པ་ནི། རྟ་རྨིག་བསྲེགས་པའི་གཞོབ་དང་། དབྱི་མོང་བཙོས་པའི་ཁུ་བ། གླུམ་གྱི་ཁུ་བ། མར་ནག་རྣམས་སྦྱར་ནས་བྱུགས་པས་ལུས་ཀྱི་སྤུ་རྣམས་སྐྱེ་ཞིང་། སྐྲ་དཀར་ལ་བསྐུས་ན་ནག་པོར་འགྱུར། སྐྲ་མེད་པ་དང་མེས་ཚིག་པའི་ཤུལ་དུ་བསྐུས་ན་སྔར་བས་ལྷག་པར་སྐྱེ་བར་འགྱུར་རོ། ། མ་ཧེའི་རྭ་སྐྱུ་རུ་ར་ཆ་མཉམ་གྱིས་ཆུ་ལ་འཚོས་པར་བཙོས་ནས་བཏོན་ལ་མེར་ནུས་བསྲེག་ཐལ་བ་དེ་གོང་གི་ཆུ་ལ་བཏབ་སྟེ་མགོ་ལ་བྱུགས་ན་སྐྲ་ཤིན་ཏུ་བཟང་བར་སྐྱེའོ། ། ཡང་ན། 6. ནད་ཕྲན་ཚེགས་ཞི་བ་ནི། རྒྱས་པར་གསོ་དཔྱད་ཀྱི་གཞུང་སོགས་ལས་ཤེས་པར་བྱ་ལ། འདིར་ལུས་ལ་འཚེ་བ་ཕྲན་ཚེགས་རྣམས་ཞི་བ་དང་། ཕན་པ་སྒྲུབ་པར་བཤད་པ་ལ། རྒྱུན་དུ་ཚ་བའི་ནད་གཞི་ཡོད་ན་ཕྱོགས་བཅུའི་ཁམས་ཀྱི་བདུད་རྩི་བསིལ་བ་ཟླ་ཞུན་ལྟ་བུ་ཁ་ནས་བརྔུབ་སྟེ་ལུས་གང་བར་བསམ་ལ། ཁ་ནས་སིབ་ཀྱིས་རྔུབ་པ་བཅས་བུམ་ཅན་ཅི་རིགས་རེ་རྒྱུན་དུ་བཟུང་། གུར་གུམ་དང་སྤང་སྤོས་ཀྱི་ཁུ་བ་ཅུང་ཟད་རེ་བཏུང་བར་བྱ། ཟས་སྤྱོད་ཐམས་ཅད་བསིལ་བ་དང་བསྟུན་པར་བྱའོ། ། ཡང་ན། 7. སྐད་བཅོས་པ་ནི། གུ་རུ་པདྨས་རྗེས་འཇུག་རྣམས་ཀྱི་དོན་དུ་མཛད་པ་ཚངས་དབྱངས་གསུང་གི་གདམ་ངག་ནི། དང་པོ་གཡེར་མ་འབྲུ་བཅུ་བཞི་ཆུ་གཙང་ཕུལ་ཕྱེད་དུ་སྦྱང་བ་ལྟོ་སྟོང་ལན་གསུམ་བཞིར་བཏུང་བས་རྩ་གོ་འབྱེད། དེ་ནས་ནས་ཀྱི་སོག་མ་མ་རུལ་བ་དམར་པོའི་ཚིགས་པ་ཕུལ་གང་། སྤང་རྒྱན་དཀར་པོ་རྩ་བར་བཅས་པ་སྤར་གང་རྫ་སྣོད་དུ་གཡའ་ཆུ་ཕུལ་གསུམ་ནང་ཞག་གསུམ་བགྲུངས་ལ། དེ་ཞག་ལྔ་བར་ལྟོར་བཏང་། དེ་རྗེས་ཞག་གཉིས་ལ་ཨ་རུ་རའི་ཆུ་བཏུང་། ཞག་བདུན་པོ་དེས་རྩ་ནང་སྦྱང་བར་བྱས་ལ། དེ་ནས་དངོས་གཞི་ཨ་རུ་ར་གསེར་མདོག་རྡོག་པོ་བདུན། བ་རུ་ར་གཉིས། སྐྱུ་རུ་ར་བཅུ། དེ་དང་སྤྱི་བཞུར་མཉམ་པ་དང་སྲོ་ལོ་དཀར་པོ་སྤང་རྒྱན་རྣམས་ཆུར་གདུས་པའི་ཁུ་བར་ཁ་ཚར་གྱི་ཕྱེ་མ་འདི་རྣམས་གདབ་པར་བྱ་སྟེ། ཅུ་གང་སུག་སྨེལ་ཤིང་མངར་མོན་ལུག་གླ་སྒང་། སྤང་རྩི་དོ་བོ། པི་པི་ལིང་ཀ་ར་རྣམས་ཆ་མཉམ་ཞིབ་བཏག་ཆུ་གྲང་མོར་སྦྱར་ལ། ཟླ་བ་གཅིག་གིས་བར་དུ་ནང་མོ་ལྟོ་སྟོང་ལ་བཏུང་ན་ཚངས་པའི་དབྱངས་འགྲུབ། དེ་ཡང་སྐད་ངར་འདོད་ན་ཨ་རུ་ར་མང་དགོས། སྦོམ་འདོད་ན་སུག་སྨེལ། ཕྲ་འདོད་ན་སྲོ་ལོ། རིང་བར་ཅུ་གང་། སྙན་པར་སྤང་རྒྱན། འཁིང་འདོད་ཤིང་མངར་བསྐྱེད་པར་བྱའོ་ཞེས་རཏྣ་གླིང་པའི་གཏེར་མ་ཟབ་བོ། ། ཡང་ན། 8. སོ་དང་མིག་སོགས་ཀྱི་སྟོབས་གསོ་བ་ནི། དང་པོ་སོ་སྲ་ཞིང་མི་ཉམས་པའི་ཐབས་སུ་སྨན་རྒྱས་བསྡུས་སྣ་ཚོགས་གསུངས་མོད། འདིར་ཀུན་འདུས་ཟབ་མོའི་སྦྱོར་སྡེ་ནི། ཅོང་ཞི་རྒོད་པོ་སོལ་མེར་དམར་ལམ་པར་བསྲེགས་པ་ཅུ་གང་བཟང་པོའི་ཆུ་ལ་བསྐྱུར་བ་རྡོ་རྗེའི་ཆུ་ཞེས་སྟེ་སོ་སོགས་སྲ་བའི་སྨན་མཆོག་གོ ། དེ་ལ་སོ་ཚགས་དམ་བྱེད་དོམ་མཁྲིས། སྙིལ་མི་འཆད་ཅིང་བརྟན་བྱེད་རྒྱ་སྐྱེགས། སོ་སྲིན་འཇོམས་པ་གླ་རྩི། ལྷ་བ་དང་རྩི་འཛིན་པ་རྒྱལ་མོ་ཀ་ར། རླུང་སེལ་བ་ཤིང་ཀུན། བད་ཀན་སེལ་བ་ཁ་རུ་ཚ། ཁྲག་མཁྲིས་སེལ་བ་ཨ་རུ་གསེར་མདོག སྲིན་སེལ་བ་བྱ་ཏང་ཀ། སོ་དཀར་བྱེད་ལུག་གི་མིག་འབྲས། དཀར་པོ་སྙིལ་དམ་བྱེད་གོ་ཡུ། རུལ་བ་གཅོད་པ་ཡུ་གུ་ཤིང་། རུལ་དྲི་འཁྲུད་པ་མཚུར་ནག་ཚགས་དམ་བྱེད་གླང་ཆེན་ཤ། ཁ་དྲི་བསྲུང་བ་ཕུག་རོན་བྲུན། དེ་སྟེང་ཁ་ཚར་དུ་པི་ལིང་ཧ་ཤིག་སྨན་སྒ་ཚྭ་ལ་ཆུ་བཅད་བཅས་དེ་རྣམས་ཆ་མཉམ་སྦྲང་སྦྱར་རིལ་བུ་ར་ཕག་གམ། ཁྱད་པར་ལུག་ཚིལ་དང་སྦྱར་ཏེ་སོ་སྙིལ་དང་སོ་ལ་ཐོ་རེངས་ལྟོ་སྟོང་སོགས་སུ་བྱུག་པ་བྱས་ན། སོ་ཡི་བཅུད་ལེན་ཐོད་པ་སོ་ཁྱེར་ཞེས་བྱ་བ། རིལ་བུ་རེས་ལོ་རེ་ཕྱིར་བརྟན་པར་བྱེད་དེ། ལན་བདུན་བསྐྱར་བས་ཀྱང་སོ་བརྟན་པ་འགྲུབ་ན། ཡུན་དུ་བརྟེན་པས་ལྟ་ཅི་སྨོས། སྐབས་སུ་སོ་ལ་ཏིལ་ཆུ་ནང་དུ་གདུས་པ་སྐུ་མོ་བྱུགས་པར་བྱ་སྟེ་ལག་ཏུ་བླང་བས་ཡིད་ཆེས་པར་འགྱུར་རོ། ། འདི་ནི་རང་གིས་བཏུས་ཏེ་སྦྱར་བའོ། ། ཡང་ན། (སྐབས་འདིར་ཉེར་མཁོའི་གདམས་པ་མྱོང་གྲུབ་མ་ཧ་ཅང་མང་པོ་གསུང་འདུག་པ་ཆ་ཚང་འགོད་རྒྱུ་ཡིག་ཚོགས་ཀྱི་རྒྱུར་བསམ་རེ་ཞིག་བཏང་སྙོམས་བྱས་ཏེ་དཔེ་མཚོན་ཙམ་དུ་བཀོད་པ་འདི་ལྟར་ལགས)

Tibetan Source 《མི་ཕམ་བཀའ་འབུམ་ང་པ་》ཤ་1ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number