8708
Tibetan | འཁོར་འདས་དབྱིངས་ལས་མ་གཡོས་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་ཉི་ཤུ་པ་རྫོགས་ཆེན་ཨ་ཏིའི་ལྟ་བ་གཏན་ལ་ཕབ་པའི་སྐོར་ལས་བྱུང་བ་སྟེ།
1. རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་ལས་འཁོར་འདས་སུ་རང་ཤར་ཡང་དབྱིངས་ལྷུན་གྲུབ་ལས་མ་གཡོས་པར་བསྟན་པ་ནི། སྐུ་གསུམ་ཀློང་ནས་འཁོར་འདས་མ་གཡོས་ཤར། ། ཞེས་འདི་ལྟར་རིག་པ་རང་བཞིན་གྱིས་དག་པའི་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་དང་། རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེའི་འཆར་ཚུལ་མ་འགགས་པ་སྤྲུལ་པའི་སྐུ་དང་གསུམ་ནི་ཡེ་ནས་མ་བཙལ་བར་ལྷུན་གྱིས་གྲུབ་པ་ནི་ནུབ་པ་མེད་པའི་གཏེར་ཆེན་པོ། འོད་གསལ་གཞི་གནས་ཀྱི་དཀྱིལ་འཁོར་ཏེ། དེའི་ངང་ལས་དག་པ་སངས་རྒྱས་ཀྱི་རང་སྣང་། མ་དག་པ་སེམས་ཅན་གྱི་རང་སྣང་ཅིར་ཡང་ཤར་དུས་ཉིད་ནས། དབྱིངས་ཆོས་ཀྱི་རོལ་པ་ཙམ་ལས་གཞན་དུ་ཤར་བ་མེད་དེ། རྨི་ལམ་བཟང་ངན་ཅི་རྨིས་པ་གཉིད་ཀྱི་ངང་ལས་གཡོས་པ་མེད་པ་བཞིན་ནོ། ། ཀུན་བྱེད་ལས། སྐུ་གསུམ་ཀུན་བྱེད་ང་རུ་བསྡུས་པ་དེ། ། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། ། རང་བཞིན་ངོ་བོ་ཐུགས་རྗེ་མ་བཅོས་གསུམ། ། སྐུ་གསུམ་ང་ཡི་རང་བཞིན་ཉིད་དུ་བསྟན། ། ཞེས་སོ། ། 2. སྣང་སྲིད་འཁོར་འདས་སུ་སྣང་བ་དབྱིངས་ཀྱི་ཆོ་འཕྲུལ་དུ་བསྟན་པ་ནི། རོལ་རྩལ་འགག་མེད་ཅི་ཤར་དབྱིངས་ཀྱི་འཕྲུལ། ། ཞེས་སོ་སོ་རང་གི་རིག་པ་ནམ་མཁའ་ལྟ་བུའི་ངང་ན་སྣ་ཚོགས་ཀྱི་ཆོས་སྣོད་བཅུད། གནས་པ་ལྟ་བུའི་རོལ་པ་འདི་ནི། སྐྱེ་བ་མེད་པའི་ངང་ནས་འགག་པ་མེད་པའི་ཆོ་འཕྲུལ་དུ་ཡེ་ནས་ཤར་བས་ཡ་མཚན་རྨད་ཀྱི་ཆོས་སུ་བསྟན་པ་ནི། རང་ཤར་ལས། ། ཀུན་གྱིས་རྟོགས་པར་དཀའ་བའི་རིག་པ་ནི། ། ཕྲ་ཞིང་ཤེས་དཀའ་ཀུན་གྱིས་མཐོང་བ་མེད། ། འཛིན་མེད་ཀུན་ལ་སྙོམས་པ་རང་བྱུང་བདེ་བའི་ཀློང་། ། འགག་མེད་ངང་དུ་འཁོར་འདས་རོལ་པར་ཤར། ། ཞེས་སོ། ། 3. བྱང་ཆུབ་སེམས་ཀྱི་ཀློང་ནས་རོལ་པར་ཤར་ཚུལ་རྒྱས་པར་བསྟན་པ་ནི། སྣང་གྲགས་དྲན་རིག་སྐུ་གསུང་ཐུགས་འཁོར་ལོ། ། ཞེས་རིག་པའི་ངང་འདི་ན་སྣང་སྲིད་སྣོད་བཅུད་འཁོར་འདས་སུ་སྣང་ངོ་ཅོག་རང་སྣང་རང་ཤར་རྨི་ལམ་གྱི་ངོ་བོ་ཉིད་དམ། ཆུ་ཟླའི་རང་བཞིན་ཙམ་དུ གཟུགས་སྣང་ཐམས་ཅད་ནི་རང་བྱུང་ཡེ་ཤེས་ཀྱི་སྐུའི་དཀྱིལ་འཁོར་རམ་རོལ་པ། སྒྲ་སྐད་ཐམས་ཅད་ནི་གསུང་གི་དཀྱིལ་འཁོར་དྲན་རིག་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱ་མཚོ་ཐམས་ཅད་ནི་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོའི་རོལ་པ་ཙམ་དུ་རང་ཤར་བ་སྟེ། དབང་པོ་དྲུག་ཡུལ་དང་བཅས་པ་བདག་ཏུ་འཛིན་པས་ཉོན་མོངས་པའི་ཚོགས་སུ་སྣང་བའང་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་གི་ངང་ལས་མ་གཡོས་པ་ནི། ཡེ་གེ་མེད་པ་ལས། ཐམས་ཅད་འབྱུང་སྣང་ང་ཡི་སེམས། ། ཐམས་ཅད་གནས་པ་འཁྲུལ་སྣང་ང་ཡི་ཐུགས། ། ཐམས་ཅད་སྣང་བ་འཁྲུལ་སྣང་ང་ཡི་སྐུ། ། ཐམས་ཅད་གྲགས་པ་འཁྲུལ་སྣང་ང་ཡི་གསུང་། ། ཞེས་སོ། ། 4. དབྱིངས་ཀྱི་ཆོ་འཕྲུལ་གཅིག་ཏུ་དོན་བསྡུ་བ་རྟོགས་ཚུལ་དང་བཅས་པ་བསྟན་པ་ནི། སྣང་སྲིད་སྣོད་བཅུད་མེད་སྣང་སྒྱུ་མར་མཚུངས། ། ཞེས་འདི་ལྟར་འགྲོ་བ་དྲུག་ཁམས་གསུམ་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རིག་པའི་ངང་ན་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་རང་ངོར་སྣང་བ་ནི་སྒྱུ་མའི་གྲོང་དང་སྣང་བ་ཆེན་པོ་སྟེང་གི་ནམ་མཁའ་ལ་སྣང་བ། སྒྱུ་མ་མཁན་རབ་ཏུ་བཟང་པོའི་སྤྲུལ་པ་དང་འདྲ་སྟེ། སྣང་དུས་ཉིད་ནས་ཡོད་མ་མྱོང་བ་སྟོང་པའི་རང་གཟུགས་ཙམ་དུ་རང་ཤར་ལ། ཚོགས་དྲུག་ཡུལ་གྱི་སྣང་བ་རྨི་ལམ་སྒྱུ་མའི་རོལ་པར་རིག་པའི་ངང་འདིར་ཤར་བ་ནི། ཡི་གེ་མེད་པ་ལས། མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང་། ། ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲགས། ། སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར། ། མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་བདའ། ། ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས། ། གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ། ། སངས་རྒྱས་སེམས་ཅན་ང་ཡི་དུར་ས་ཡིན། ། ཞེས་སོ། ། 5. ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་འདུས་པས། ཕྱི་ནང་སྣང་བཏགས་ཀྱི་རང་སྣང་དུས་ཉིད་ནས། བྱར་མེད་མཉམ་པ་ཆེན་པོར་ཕྱམ་གདལ་བ་ནི། ཅི་སྣང་བྱར་མེད་ལྷུན་མཉམ་བདེ་ཆེན་ཀློང་། ། ཞེས་གང་སྣང་བའི་དུས་ནས་རིག་པའི་ངང་ལས་གཞན་མེད་དེ། རྨི་ལམ་ཅི་སྣང་བའི་དུས་ནས་གཉིད་ཀྱི་ངང་ལས་གཞན་མེད་པ་བཞིན་ནོ། ། དེ་ལྟ་བུའི་རིག་པ་ནི་ཡེ་སྟོང་འཕོ་འགྱུར་མེད་པ་ནམ་མཁའ་ལྟ་བུ་ཡིན་པས། དེའི་ངང་ལས་སྣང་བའང་མེད་སྣང་བ་སྟོང་པའི་རོལ་པ་ཡིན་པའི་ཕྱིར། རང་མཚན་དུ་གྲུབ་པ་འགའ་ཡང་མེད་པས། སྤང་བླང་རེ་དོགས་མི་དགོས་པས་གནད་དུ་ཡེ་ནས་ཤར་ཟིན་ཏེ། ད་བསྐྱར་ནས་འབད་རྩོལ་དང་རེ་དོགས་མ་བྱེད་པར་རང་ཡལ་མཉམ་པའི་ངང་དེར་གདལ་བ་ཆེན་པོ་མ་བཅོས་རྣམ་བཞག་གཅིག་ཏུ་གདམས་པ་ནི། ཀུན་བྱེད་ལས། མ་བཅོས་སྙིང་པོ་ཆོས་ཀུན་རྩ་བ་ལ། ། ཇི་ལྟར་སྣང་བས་གཏན་ལ་འབེབས་པར་བྱེད། ། སྙིང་པོ་རང་བཞིན་གཅིག་གི་དོན་རྟོགས་ན། ། ཀུན་གྱི་རང་བཞིན་ཀུན་བྱེད་ཉིད་དུ་འདུས། ། ཞེས་སོ། ། 6. བླང་དོར་མེད་པའི་ཆོས་སྐུ་བྱ་རྩོལ་ལས་འདས་པའི་དོན་གྱི་ངོ་བོ་ཡང་། རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། དེའི་རང་བཞིན་རང་གསལ་དག་པ་ནི་ལོངས་སྐུ་བཅོས་བསད་མེད་པ་བསྟན་པ་ནི། རང་གསལ་ལོངས་སྐུ་འགྱུར་མེད་ལྷུན་མཉམ་གདལ། ། ཞེས་རིག་པའི་རང་ངོ་རང་གསལ་དུ་གནས་པ་ནི་ལོངས་སྐུ་ལྷུན་གྲུབ་ཏུ་རང་ཤར་བས་མ་བཅོས་མཉམ་པ་ཆེན་པོ་སྟེ། སྟོང་གསལ་འགྱུར་བ་མེད་པའི་རང་བཞིན་ནོ། ། ཞེས་སོ། ། 7. རིག་པའི་འཆར་ཚུལ་མ་འགགས་པ་སྤྲུལ་པའི་སྐུར་ཡེ་ནས་ཤར་བ་བསྟན་པ་ནི། སྣ་ཚོགས་འཆར་ཚུལ་སྤྲུལ་སྐུ་དབྱིངས་ཀྱི་ངང་། ། ཞེས་མེ་ལོང་གཡའ་དག་པའི་ངོ་བོ་ལས་འཆར་ཚུལ་མ་འགགས་པ་ཕར་གསལ་ཡང་། དེ་ལ་གོས་པ་མེད་པ་ལྟར། རིག་པའི་འཆར་ཚུལ་གང་ལྟར་ཤར་ཡང་། ངོ་བོ་ལ་གོས་པ་མེད་པ་རྩལ་མ་འགགས་པར་འཆར་བ་ནི་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་རིག་པའི་ངང་ལ་རྫོགས་པ་ནི། ཡི་གེ་མེད་པ་ལས། ང་ལ་སྐུ་ལྔ་རང་སྣང་བས། ། ཞིང་ཁམས་ཆོས་ཉིད་ཡོངས་སུ་རྫོགས། ། ཞེས་སོ། ། 8. རིག་པ་བྱང་ཆུབ་ཀྱི་སེམས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བསྟན་པ་ནི། སྐུ་དང་ཡེ་ཤེས་ཚོགས་ཆེན་ཡེ་རྫོགས་ཤར། ། ཞེས་ཡེ་གདོད་མ་ཉིད་ནས་རིག་པའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ལྷུན་གྱིས་རྫོགས་པའི་ཕྱིར་ཉི་མ་དང་འོད་བཞིན་འཕོ་འགྱུར་མེད་པ་ནི། རང་བྱུང་གི་ཡེ་ཤེས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་རྫོགས་པ་ནི། སེང་གེ་རྩལ་རྫོགས་ལས། རིག་པ་གཅིག་ལ་དོན་བརྗོད་པས། ། སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། ། སྐུ་ལས་ཡེ་ཤེས་ཆོ་འཕྲུལ་བྱུང་། ། སྣང་དང་མི་སྣང་ཆོས་མ་ཡིན། ། རྟོགས་དང་མ་རྟོགས་མཐའ་ལས་གྲོལ། ། ཞེས་སོ། ། 9. རིག་པ་ཀློང་དུ་གྱུར་པའི་རྒྱལ་བ་རྒྱ་མཚོའི་ཞིང་དང་མཁྱེན་པའི་སྤྱོད་ཡུལ་ཀྱང་རིག་པའི་ཆོ་འཕྲུལ་དུ་བསྟན་པ་ནི། ཞིང་ཁམས་མཁྱེན་སྤྱོད་མ་བྱས་དབྱིངས་རྒྱན་ཤར། ། ཞེས་གང་གི་ཚེ་དག་པ་གཉིས་ལྡན་གྱི་བྱང་ཆུབ་བརྙེས་པ་དེའི་ཚེ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་སྐུའི་ཡེ་ཤེས་དང་སྣང་བ་ཐམས་ཅད་ཀྱང་། ། སངས་རྒྱས་ཉིད་ཀྱི་རིག་པ་ཀློང་དུ་ཕེབས་པའི་རང་སྣང་ཙམ་ལས་གཞན་དུ་གྲུབ་པ་མེད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་དེ་དག་རང་ལ་ཡོད་པ་དེའི་ཚེ་མངོན་དུ་གྱུར་པ་ལས་གཞན་མེད་པའི་ཕྱིར་རོ། ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་མ་ཡིན་ནམ་ཞེ་ན། སྨྲས་པ། ཚོགས་གཉིས་ནི་ཡེ་ནས་སྣང་བ་དང་། སྟོང་པའི་ཡོན་ཏན་དུ་རྫོགས་ཟིན་པ་ལ་ལྷུན་གྲུབ་ཅེས་བརྗོད་དེ། གློ་བུར་དུ་བསགས་པ་དེ་ནི་དྲི་མ་སེལ་བྱེད་ཀྱི་རྐྱེན་གྱི་ཆ་ཙམ་ལ་རྒྱུ་ཚོགས་གཉིས་ཞེས་བཏགས་པ་ཙམ་སྟེ། ནོར་བུ་དྲི་མས་གོས་པ་ཁྲུས་རབ་དང་འདག་ཆལ་གྱིས་ཕྱི་བ་ལ། ནོར་བུ་མཐོང་བའི་རྒྱུར་བརྗོད་པ་བཞིན་ནོ། ། དེའི་ཕྱིར་སྐུ་གསུམ་རང་བྱུང་ཡེ་ཤེས་ཀྱི་སྣང་བར་འདུས་ལ། རང་བྱུང་གི་ཡེ་ཤེས་སྐུ་གསུམ་ལ་སོགས་པའི་ཆོས་རྣམས་ཀྱི་འཆར་གཞིའམ་སྟོན་པར་གནས་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཀུན་གྱི་སྟོན་པར་གཅིག ། ང་ཡི་རང་བཞིན་རྣམ་གསུམ་སྣང་བ་ལས། ། སྟོན་པའི་གངས་ནི་རྣམ་པར་གསུམ་དུ་བྱུང་། ། ཞེས་སོ། ། 10 .གང་ལྟར་སྣང་བ་དེ་ལྟར་གྲུབ་པ་མེད་པས་སྒྱུ་མའི་ལྟད་མོ་ལྟར་བསྟན་པ་ནི། འཁོར་འདས་སྐྱེ་ཤི་བདེ་སྡུག་ཀུན་ཏུ་བཟང་། ། ཞེས་རིག་པ་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུའི་ངོ་བོ་ལ་གང་དུའང་མ་གྲུབ་པས་འཁོར་འདས་དང་སྣང་སྟོང་དང་། སྐྱེ་ཤི་དང་། བདེ་སྡུག་དང་། བདག་གཞན་གང་དུའང་སྣང་བ་དང་གྲུབ་པ་མེད་ལ། དེའི་ངང་ངམ་རྩལ་ལམ་རོལ་པ་ཙམ་དུ་དེ་དག་སྣང་བ་མ་འགགས་པར་རང་སྣང་བ་སྒྱུ་མ་དང་། རྨི་ལམ་དང་། ཆུ་ཟླ་དང་། མིག་ཡོར་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཕྱིར། འཁོར་འདས་ཀྱི་ཆོས་སོ་ཅོག་ཐམས་ཅད་སྣང་བ་ནས་ཡོད་མ་མྱོང་བ་གཞི་བྲལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་དགོངས་པ་ལས་མ་གཡོས་པ་སྟེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ང་ལས་མ་བྱུང་གཅིག་ཀྱང་མེད། ། ང་ནི་འབྱུང་བ་ཀུན་ཏུ་བཟང་། ། ང་ནི་སྟོན་པ་ཀུན་ཏུ་བཟང་། ། ང་ཡིས་མི་སྟོན་གཅིག་ཀྱང་མེད། ། ང་ལས་རང་བཞིན་ཐ་དད་འབྱུང་། ། ང་ནི་རང་བཞིན་ཀུན་ཏུ་བཟང་། ། ང་ནི་ཐ་སྙད་ཆོས་དང་བྲལ། ། ང་ནི་གཅིག་པ་ཀུན་ཏུ་བཟང་། ། ང་ལ་འོད་ཆེན་རྣམ་ལྔ་རྫོགས། ང་ནི་རྒྱན་ཆེན་ཀུན་ཏུ་བཟང་། ། ང་ནི་དག་པའི་ཞིང་དུ་སྒྲོལ། ། ང་ནི་སྒྲོལ་བྱེད་ཀུན་ཏུ་བཟང་། ། ང་ཡི་སེམས་ལ་ཅིར་སྣང་རྫོགས། ། ང་ནི་རྟོག་པ་ཀུན་ཏུ་བཟང་། ། ཞེས་སོ། ། |
Tibetan Source | 《མདོ་རྒྱུད་མཛོད་མི་པ་》ཤ་119.16ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |