8886

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:16, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཆོས་ལ་འཇུག་པ་བཅུས་ཆོས་སྨྲ་བ་པོ་ཁོང་དུ་ཆུད་པར་བྱ་བ་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་ལྟར་ན་ཁག་ལྔ་ཡོད་པ་སྟེ།

ཁག་དང་པོ། 1. མང་དུ་ཐོས་པ་དང་། ཐོས་པ་འཛིན་པ་དང་། ཐོས་པ་རྒྱ་མཚོ་དང་། ཐོས་པ་བསགས་པའང་ཡིན་ལ་ཐོས་པ་དེས་མཐོ་བར་ཡང་མི་སེམས། དམའ་བར་ཡོང་མི་སེམས་པ། 2. དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་ཕུན་སུམ་ཚོགས་པའང་ཡིན་ལ་ཐོས་པ་ཡོངས་སུ་ཚོལ་བའི་བརྩོན་འགྲུས་ཀྱང་མི་ཉམས་པ། 3. དུས་ཤེས་པ་དང་། ཚོད་ཤེས་པ་དང་། སྨན་ཤེས་པ་དང་། ཆོས་ཤེས་པ་དང་། དོན་ཤེས་པའང་ཡིན་ལ་རྒན་པ་རྣམས་ལ་བསྟེན་པར་ཡང་མི་འདོར་བ། 4. བསྟན་བཅོས་ཤེས་པ་དང་། དེ་ཁོ་ན་ཤེས་པ་དང་། འདུལ་བ་ཤེས་པའང་ཡིན་ལ་གཞན་ལ་འདྲི་བའི་སྦྱོར་བའང་མི་གཏོང་བ། 5. མགུ་སླ་བ་དང་། གསོ་སླ་བ་དང་། ཆོ་ག་དང་། སྤྱོད་པ་མཛེས་པ་ཕུན་སུམ་ཚོགས་པའང་ཡིན་ལ་བླ་མ་ལ་རིམ་གྲོ་བྱེད་པའི་སྤྱོད་པའང་མི་གཏོང་བ། 6. དུལ་བ་དང་། ཞི་བ་དང་། བྱང་བ་དང་། མི་འཇིགས་པའང་ཡིན་ལ་ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པའི་སྦྱོར་བའང་མི་གཏོང་བ། 7. ཟབ་པ་དང་། གཏིང་དཔག་དཀའ་བའི་དོན་ལ་མཁས་པའང་ཡིན་ལ་འཇིག་རྟེན་གྱི་འཇུག་པར་རགས་ཤིང་སླ་བ་ལའང་འཇུག་པ། 8. སེམས་ཅན་དང་མཐུན་པར་བྱ་བའི་ཕྱིར་རང་བཞིན་གྱིས་དྲང་བ་དང་། མཉེན་པ་དང་། འགྲོགས་ན་བདེ་བའང་ཡིན་ལ་སེམས་ཅན་སྡང་བ་དང་། རབ་ཏུ་སྡང་བ་དང་། ཚུལ་ཁྲིམས་འཆལ་པ་རྣམས་དང་ལྷན་ཅིག་ཏུའང་མི་གནས་པ། 9. སྦྱིན་པ་དང་། དུལ་བ་དང་། མི་འགྱུར་བ་དང་། དེས་པ་དང་། ཆོ་ག་དང་། གནས་པ་ལ་མངོན་པར་དགའ་བའང་ཡིན་ལ་ཐམས་ཅད་དུའང་ཡིད་མི་གནས་པ་དང་། སྤྱོད་ཡུལ་ཡང་རྣམ་པར་མི་རྟོག་པ། 10 .བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པ་དང་། མདུད་པ་དང་། ཟུག་རྔུ་འབྱིན་པའང་ཡིན་ལ་སེམས་ཅན་གཞན་གྱི་ཉོན་མོངས་པ་དག་སྤོང་བའི་བརྩོན་འགྲུས་ཀྱང་མི་གཏོང་བའོ། ། ཁག་གཉིས་པ། 1. འདོད་པ་ཐམས་ཅད་དང་བྲལ་བའང་ཡིན་ལ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ། 2. ཆོས་རྣམས་མི་འཕོ་བར་ཡང་ཤེས་ལ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ། 3. མི་ཟད་པའི་ཆོས་མངོན་སུམ་དུ་གྱུར་པའང་ཡིན་ལ་བཟོད་པ་དང་། དེས་པའང་ཉམས་པར་མི་བྱེད་པ། 4. རྟག་ཏུ་ཏིང་ངེ་འཛིན་སྤྱོད་ཡུལ་པའང་ཡིན་ལ་སེམས་ཅན་ཐམས་ཅད་ཀྱི་དགེ་བ་བྱ་བའི་རྩོམ་པའང་ཉམས་པར་མི་བྱེད་པ། 5. ཞི་བ་དང་། ཉེ་བར་ཞི་བ་ལ་སྤྱོད་ཡུལ་བའང་ཡིན་ལ་རྣམ་པར་གཡེངས་ཏེ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རབ་ཏུ་བརྩོན་པའང་ཉམས་པར་མི་བྱེད་པ། 6. གཟུངས་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པའང་ཡིན་ལ་ཐོས་པ་ཚོལ་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ། 7. ཆོས་ཀྱི་གཏེར་ཡང་ཡིན་ལ་ལེགས་པར་བརྗོད་པ་གཅིག་གི་ཕྱིར་དཔག་ཚད་བརྒྱ་སྟོང་དུ་འགྲོ་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ། 8. ཆོས་ཐམས་ཅད་ལ་གཞན་གྱི་དྲིང་ལ་མི་འཇོག་པའང་ཡིན་ལ་སློབ་དཔོན་དང་། བླ་མ་ཚོལ་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ། 9. ཆོས་ཐམས་ཅད་མ་སྐྱེས་མ་འགགས་པ་ལ་ཐེ་ཚོམ་མེད་པའང་ཡིན་ལ་དམ་པའི་ཆོས་ཡོངས་སུ་འཛིན་པའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ། 10 .སེམས་ཅན་དང་། སེམས་ཅན་དུ་བཏགས་པའང་མི་དམིགས་ལ། སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་བྱ་བའི་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པའོ། ། ཁག་གསུམ་པ། 1. སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པར་བྱེད་པས་དེའི་ཚིག་གཟུང་བ་ཡིན། 2. བྱམས་པ་ཆེན་པོས་བསྐྱེད་པས་དེའི་ཚིག་འཇམ་པ་ཡིན། 3. དབེན་པའི་རྗེས་སུ་མཐུན་ཞིང་འདོད་ཆགས་མེད་པའི་རྗེས་སུ་མཐུན་ལ་ཐར་པའི་རྗེས་སུ་མཐུན་པས་དེའི་ཚིག་རྗེས་སུ་མཐུན་པ་ཡིན། 4. ཞི་གནས་དང་མཐུན་ཞིང་ལྷག་མཐོང་དང་མཐུན་ལ་ལམ་དང་མཐུན་པས་དེའི་ཚིག་མཐུན་པ་ཡིན། 5. གསང་བ་རྣམ་པར་འབྱེད་པས་དེའི་ཚིག་གསལ་བ་ཡིན། 6. སྒྲ་ངན་པ་མེད་པ་དང་། དོན་རྫོགས་པས་དེའི་ཚིག་གི་དོན་དང་། ཡི་གེ་མི་འདོར་བ་དང་ལྡན་པ་ཡིན། 7. གཏི་མུག་གི་མུན་པ་དང་། འཁྲུལ་པ་རྣམ་པར་འཇོམས་པས་དེའི་ཚིག་གཡོ་དང་། སྒྱུ་མེད་པ་ཡིན། 8. ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པའི་རྒྱུ་ལས་བྱུང་བས་དེའི་ཚིག་ཐེ་ཚོམ་མེད་པ་ཡིན། 9. ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའི་རྒྱུ་ལས་བྱུང་བས་དེའི་ཚིག་བག་ལ་ཉལ་མེད་པ་ཡིན། 10 .དྲི་མ་མེད་ཅིང་རྩོམ་པ་མེད་པས་དེའི་ཚིག་ཀུན་ནས་ལྡང་བ་མེད་པ་ཡིན་ནོ། ། ཁག་བཞི་པ། 1. དེའི་ཆོས་སྟོན་པ་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་བརྟེན་པ་ཡིན་གྱི། རྙེད་པ་དང་། བཀུར་སྟེ་ལ་བརྟེན་པ་མ་ཡིན་པ། 2. དེའི་ཆོས་སྟོན་པ་སངས་རྒྱས་ཐམས་ཅད་ལ་བརྟེན་པ་ཡིན་གྱི། རང་དགའ་ལ་བརྟེན་པ་མ་ཡིན་པ། 3. དེའི་ཆོས་སྟོན་པ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་རྩ་བ་ཅན་ཡིན་གྱི། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་རྩ་བ་ཅན་མ་ཡིན་པ། 4. དེའི་ཆོས་སྟོན་པ་སོ་སོའི་སྐྱེ་བོའི་རྒྱུན་གཅོད་པ་ཡིན་གྱི། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཚུལ་གཅད་པ་མ་ཡིན་པ། 5. དེའི་ཆོས་སྟོན་པ་སྙིང་རྗེ་ཆེན་པོའི་རླན་གྱིས་བརླན་པ་ཡིན་གྱི། བདག་བདེ་བའི་རླན་གྱིས་བརླན་པ་མ་ཡིན་པ། 6. དེའི་ཆོས་སྟོན་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ངེས་པར་རྟོགས་པས་ཟབ་པ། 7. དེའི་ཆོས་སྟོན་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་མཐུན་པས་སྐྱེ་བོ་དགེ་བ་རྣམས་དང་མཐུན་པ། 8. དེའི་ཆོས་སྟོན་པ་ཕུང་པོ་དང་། འཆི་བདག་དང་། ཉོན་མོངས་པ་དང་། ལྷའི་བུ་ཚར་གཅོད་པས་བདུད་ཐམས་ཅད་རྣམ་པར་འཇོམས་པ། 9. དེའི་ཆོས་སྟོན་པ་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པར་འོས་པས་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ། 10 .དེའི་ཆོས་སྟོན་པ་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པར་བྱེད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ། ། ཁག་ལྔ་པ། 1. ཚངས་པར་སྤྱོད་པའི་ཡོ་བྱད་ལ་དགའ་བ་ཡིན་གྱི། འཇིག་རྟེན་པའི་ཡོ་བྱད་ལ་དགའ་བ་མ་ཡིན་པ། 2. འཕགས་པའི་སྐྱེ་བོའི་ཚུལ་ལ་མངོན་པར་དགའ་བ་ཡིན་གྱི། འཕགས་པ་མ་ཡིན་པའི་སྐྱེ་བོའི་ཚུལ་ལ་དགའ་བ་མ་ཡིན་པ། 3. འཕགས་པ་མ་ཡིན་པའི་སྐྱེ་བོ་ཡོངས་སུ་སྨིན་པར་བྱས་ལ་དགའ་བ་ཡིན་གྱི། བྱ་བ་མ་ཡིན་པ་དང་། བྱ་བ་ངན་པ་ལ་དགའ་བ་མ་ཡིན་པ། 4. ཆོས་ཀྱི་ཟས་ལ་མངོན་པར་དགའ་བ་ཡིན་གྱི། ཟང་ཟིང་གི་ཟས་ལ་མངོན་པར་དགའ་བ་མ་ཡིན་པ། 5. དགོན་པ་དང་། བས་མཐའ་ལ་མངོན་པར་དགའ་བ་ཡིན་གྱི། གྲོང་དང་། གྲོང་ཁྱེར་དང་། ཚོང་འདུས་ཀྱི་སྤྱོད་ཡུལ་ལ་མངོན་པར་དགའ་བ་མ་ཡིན་པ། 6. སངས་རྒྱས་ཀྱི་བྱང་ཆུབ་ལ་མངོན་པར་དགའ་བ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་མངོན་པར་དགའ་བ་མ་ཡིན་པ། 7. ཤེས་བྱའི་སྒྲིབ་པ་སྤོང་བ་ལ་མངོན་པར་དགའ་བ་ཡིན་གྱི། ཉོན་མོངས་པའི་སྒྲིབ་པ་སྤོང་བ་ཙམ་ལ་མངོན་པར་དགའ་བ་མ་ཡིན་པ། 8. མཚན་དང་། དཔེ་བྱད་བཟང་པོ་དང་། གཟུགས་ཀྱི་ལུས་མངོན་པར་བསྒྲུབ་པ་ལ་མངོན་པར་དགའ་བ་ཡིན་གྱི། ཆོས་ཀྱི་སྐུ་མངོན་པར་རྟོགས་པ་ཙམ་ལ་དགའ་བ་མ་ཡིན་པ། 9. སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་བསྒྲུབ་པ་ལ་མངོན་པར་དགའ་བ་ཡིན་གྱི། འཕགས་པའི་བདེན་པ་མངོན་པར་རྟོགས་པ་ཙམ་ལ་མངོན་པར་དགའ་བ་མ་ཡིན་པ། 10 .སེམས་ཅན་ཕ་རོལ་གྱི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་ལ་མངོན་པར་དགའ་བ་ཡིན་གྱི། བདག་གི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་ལ་མངོན་པར་དགའ་བ་མ་ཡིན་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་སྤོང་བ་ལ་མངོན་པར་དགའ་བ་ལན་གསུམ་གྱི་བར་དུ་བརྗོད་དོ། ། དེང་སླན་ཆད་འཁོར་བའི་མཐས་གཏུགས་པའི་བར་དུ་རྟག་ཏུ་སྡིག་པའི་གྲོགས་པོ་དང་མི་ཕྲད་པ་དང་། མི་དགེ་བའི་དབང་དུ་མ་གྱུར་ཅིག གལ་ཏེ་ཕྲད་ནའང་དེའི་རྗེས་སུ་མི་འཇུག་པར་བསམ་པ་ངེས་པས་དམ་བཅའ་བར་འཚལ་ལོ། ། སྡིག་པའི་ལས་དེ་དག་ཐམས་ཅད་བགྱིད་པར་མ་གྱུར་ཅིག བདག་ཅག་ཡུན་རིང་པོར་སྡུག་བསྔལ་མྱོང་བར་མ་གྱུར་ཅིག

Tibetan Source 《མདོ་ཛ་པ་》ཤ་25བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number