9001

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:17, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཐམས་ཅད་བྱང་ཆུབ་སེམས་སུ་འདུས་པར་བསྟན་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་ཉི་ཤུ་པ་རྫོགས་ཆེན་ཨ་ཏིའི་ལྟ་བ་གཏན་ལ་ཕབ་པའི་སྐོར་ལས་བྱུང་བ་སྟེ།

1. ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ་ནི། འོད་རྣམས་ཉི་འདུ་ཆོས་ཀུན་རིག་པར་འདུ། ། ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་འབྱུང་ས་དང་གནས་ས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་འབྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། འབྱུང་གནས་འགྲོ་གསུམ་མ་གྲུབ་པས་ཀྱང་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང་། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། ། འདུས་པའི་ཕྱིར་ན་སྙིང་པོར་བཤད། ། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། ། སྐྱེ་བའི་ཕྱིར་ན་ས་བོན་ཡིན། ། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། ། འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། ། ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། ། ཡན་ལག་འབྱུང་བས་སྡོང་པོ་ཡིན། ། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། ། ང་ལ་གནས་པས་གཞི་མ་ཡིན། ། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། ། ང་ཡིན་པས་ན་རྩ་བར་བཤད། ། ཅེས་སོ། ། 2. ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། རིག་དབྱིངས་འཁོར་འདས་ཐེག་པ་ཀུན་དབང་བསྒྱུར། ། ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རིམ་ཡིན་པས་མངའ་དབང་བསྒྱུར་སྟེ། ཐམས་ཅད་གདལ་པ་ཆེན་པོའི་ཀློང་ལས་གང་དུའང་གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟོང་། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། ། མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། ། སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་ཀློང་། ། ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། ། ཞེས་སོ། ། 3. ཐམས་ཅད་འདུས་ལ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཆོས་ཉིད་ངང་མ་གཡོས་པར་འཁོར་འདས་འདུས། ། རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། ། མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ། ། ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང་། ། རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། ། ཅེས་སོ། ། 4. ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་རྩོལ་སྒྲུབ་མེད་པར་བསྟན་པ་ནི། བཟང་ངན་གཉིས་མེད་རོ་མཉམ་ཀུན་ཏུ་བཟང་། ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མེད་པར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་པར་གཅིག་ཅིང་། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་ཀུན་ནི། ། ཇི་བཞིན་པ་ལས་བཅོས་སུ་མེད། ། བཟང་ངན་བླང་དོར་མེད་པའོ། ། ཞེས་སོ། ། 5. དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི། དབྱིངས་ལས་ཤར་ཡང་དབྱིངས་ལ་རྩོལ་སྒྲུབ་མེད། ། ཇི་ལྟར་རྨི་ལམ་ན་རྩོལ་སྒྲུབ་བྱེད་པ་དག་ཨ་ཐང་ཡང་དོན་མེད་ལ་མལ་གཅིག་ལས་མ་གཡོས་ཤིང་བྱ་བ་ཅུང་ཟད་ཀྱང་བྱས་པ་དང་ཟིན་པ་མེད་པ་ལྟར། ད་ལྟར་སྤང་གཉེན་གྱི་རྩོལ་སྒྲུབ་བྱེད་པ་ཡང་དེ་དང་འདྲ་སྟེ། རིག་པའི་ངང་ཙམ་ལས་གཞན་མེད་ལ། བྱས་པ་དང་ཟིན་པ་འང་ཅུང་ཟད་ཀྱང་མེད་དེ་རིག་པ་ཉིད་ཀྱི་ངང་ཙམ་ལས་མ་གཡོས་པའི་ཕྱིར་དང་། ཟླ་བ་རྒྱལ་མཚན་གྱི་བློ་རྒྱ་ལྟར་མེད་པ་གསལ་སྣང་ལ་དོན་དུ་ཞེན་པས་འཁྲུལ་བ་ཙམ་མ་གཏོགས་པ་ཆོས་ཉིད་ལ་རྔུལ་ཆ་ཙམ་ཡང་རེག་པ་དང་ཉེ་བ་མེད་པའོ། ། དེའི་ཕྱིར་སེམས་ཉིད་ནམ་མཁའ་ལྟ་བུ་ལ་རྩོལ་སྒྲུབ་བྱར་མེད་དེ། རྒྱུ་འབྲས་ཀྱིས་བསྒྱུར་དུ་མེད་པའི་ཕྱིར་རོ། ། རང་བྱུང་གི་ཡེ་ཤེས་ཀུན་གྱི་གཞིར་གནས་པས་ཆོས་ཀུན་དེ་ལས་ཤར་ཡང་། དེ་ཉིད་དགེ་སྡིག་གི་མཐའ་ལས་འདས་པ་ཉིད། ཐལ་འགྱུར་ལས། གནས་ལུགས་འདུག་ཚུལ་འདི་ལྟ་བུ། ། བཤད་ན་ཉན་ཐོས་རང་སངས་རྒྱས། ། རབ་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར། ། དེས་ན་མཆོག་ཏུ་གསང་བར་བྱ། ། བཏགས་པ་མེད་པའི་ཆོས་རྣམས་ནི། ། བྱུང་ས་མེད་པས་གཞི་ཞེས་བྱ། ། དེ་ལ་གནས་པ་མེད་པའི་ཕྱིར། ། དངོས་དང་སྟོང་པ་གང་མི་གནས། ། གསལ་དང་མུན་པ་སྲིད་འབྱུང་མིན། ། འགྲོ་འོང་སྲིད་མཐའ་མེད་ཕྱིར་རོ། ། ཞེས་སོ། ། 6. དེའི་ཕྱིར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ནི། བཙལ་མེད་བསྒོམས་པས་མི་མཐོང་ལྷུན་རྫོགས་ཆེ། ། སེམས་ཉིད་ནམ་མཁའ་ལྟ་བུའི་ངོ་བོ་ནི་དབྱིངས་ཐིག་ལེ་ཉག་གཅིག་སྟེ། དེའི་ངང་དུ་ཆོས་ཐམས་ཅད་འདུས་པས་རང་བཞིན་བཅུ་ལ་སོགས་པས་བཙལ་དུ་མེད་པ་ནི། ཆོས་ཀྱི་དབྱིངས་མུ་མཐའ་དང་བྲལ་བ་སྟེ། ཀུན་བྱེད་ལས། ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། ། ལྟ་བ་བསྒོམ་དུ་མེད་པ་དེ་བཞིན་དུ། ། རང་བཞིན་བཅུ་ལ་དེ་བཞིན་དོན་མེད་ཀྱིས། ། རང་བཞིན་བཅུ་ལ་དོན་ཡོད་མ་རྟོག་ཅིག ། ང་ནི་བལྟས་པས་མཐོང་བའི་ཡུལ་མེད་པས། ། ལྟ་བར་མ་བྱེད་དེ་བཞིན་ཉིད་དུ་ཞོག ། ཅེས་སོ། ། 7. ད་ནི་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཐེག་པ་ཀུན་འདུས་པར་བསྟན་པ་ལས། ཆུང་ངུ་གསུམ་གྱི་འདུས་ཚུལ་ནི། ཉན་རང་སེམས་དཔའི་བདག་མེད་རིག་པར་འདུས། ། ཉན་ཐོས་ཀྱི་ལྟ་བ་ཕྱི་ནང་གི་ཆོས་ཐམས་ཅད་གང་ཟག་གི་བདག་མེད་པ་ནམ་མཁའ་ལྟར་འདོད་པ་དང་། རང་སངས་རྒྱས་ནི་དེའི་སྟེང་དུ་ཆོས་ཀྱི་ཕྱེད་གཟུང་བ་མེད་པ་དང་། བྱང་ཆུབ་སེམས་དཔའ་ནི་འཛིན་པ་དང་གཟུང་བ་སྟེ་ཆོས་དང་། གང་ཟག་གི་བདག་མེད་པ་ནམ་མཁའི་རང་བཞིན་དུ་འདོད་དེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་དུ། ། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། ། ཅེས་སོ། ། དེ་ལྟར་རྟོགས་པ་དེ་ཡང་། རྫོགས་པ་ཆེན་པོ་རང་བྱུང་ཡེ་ཤེས་སུ་སྟོང་གསལ་རང་བྱུང་གི་ཡེ་ཤེས་ནམ་མཁའི་ངོ་བོ་ཉིད་དུ་འདུས་པས་ཆོས་ཀུན་གྱི་དེ་བཞིན་ཉིད་འདུས་པའི་ཕྱིར་དགོངས་པ་འདིར་འདུས་པ་སྟེ། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ། ། མ་ལུས་ཀུན་འདུས་མཁའ་ལྟར་སྤྲོས་དང་བྲལ། ། ཞེས་སོ། ། 8. འབྲིང་པོ་གསུམ་འདུས་པ་ནི། བདག་ལྷ་ཏིང་འཛིན་ཡེ་ནས་ལྷར་དག་འདུས། ། ཀྲཱི་ཡ་ཏན་ཏྲ་སྟེ་བྱ་བའི་རྒྱུད་ཀྱི་ལུགས་ཀྱིས་བདག་བྲན་དང་ལྷ་རྗེའི་ཚུལ་དུ་བསམས་ཏེ། མཆོད་པ་དང་བསྟོད་པ་ལ་སོགས་པས་དངོས་གྲུབ་འདོད་ལ། ཨུ་བ་ཡ་ཏན་ཏྲ་སྟེ་སྤྱོད་པའི་རྒྱུད་དུ་བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་པ་བསྐྱེད་ནས་དངོས་གྲུབ་འདོད་པ་དང་། ཡོ་ག་ཏན་ཏྲ་སྟེ་རྣལ་འབྱོར་གྱི་རྒྱུད་དུ་དམ་ཚིག་པའི་དཀྱིལ་འཁོར་དུ་ལྷ་ཡེ་ཤེས་པ་བསྟིམ་ནས་མཆོད་པ་དང་། བསྟོད་པ་ལ་སོགས་པས་དངོས་གྲུབ་འདོད་པ་སྟེ། དེ་དག་ཀྱང་སྒོ་གསུམ་གྱི་དྲི་མ་དག་པ་དང་། དངོས་གྲུབ་སྒྲུབ་པར་གཅིག་པ་ལས། འདིར་ཆོས་ཐམས་ཅད་དཀྱིལ་འཁོར་དུ་སངས་རྒྱས་པའི་ངང་ནས་དག་མཉམ་བྱང་ཆུབ་སེམས་སུ་ཤེས་པ་དེར་དེ་དག་གི་དགོངས་པ་འདུ་བ་སྟེ། ཀུན་བྱེད་ལས། རང་བྱུང་སྙིང་པོ་མཆོག་གི་དཀྱིལ་འཁོར་ལས། ། སྒོ་གསུམ་ལྷུག་པ་ཇི་བཞིན་ངང་བཞག་ན། ། ཀུན་བྱེད་ང་ཡི་དགོངས་པ་ལྷུན་གྱིས་གྲུབ། ། ཅེས་སོ། ། 9. ཆེན་པོ་གསུམ་ཡང་རྫོགས་པ་ནི། མ་ཧཱ་ཨ་ནུས་དག་བྱས་ཨི་ཏར་འདུས། ། མ་ཧཱ་ཡོ་ག་ཏན་ཏྲ་སྟེ་རྣལ་འབྱོར་ཆེན་པོ་ཕའི་རྒྱུ་དང་། ཨ་ནུ་ཡོ་ག་ཏན་ཏྲ་སྟེ་རྣལ་འབྱོར་མའི་རྒྱུད་གཉིས་ནི། གཞིའི་དཀྱིལ་འཁོར་རིག་པ་དང་། ལམ་གྱི་དཀྱིལ་འཁོར་སྣོད་བཅུད་ལྷ་གཞལ་ཡས་ཁང་དུ་གསལ་བས། དབྱིངས་དང་ཡེ་ཤེས་ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཉམས་སུ་བླངས་པས་འབྲས་བུ་བྱང་ཆུབ་མཆོག་གི་དཀྱིལ་འཁོར་ཐོབ་པར་འདོད་ལ། ཨ་ཏི་རྫོགས་པ་ཆེན་པོར་ཡང་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་དུ་ཤེས་པས། བླང་དོར་བཅོས་བསླད་མེད་པའི་དགོངས་པ་ཆོས་ཉིད་ལས་མི་གཡོ་བས། རིག་པ་གཞི་ཐོག་ཏུ་ཕེབས་པར་འདོད་པ་དེར་དོན་གྱི་སྙིང་པོ་འདུ་བའི་ཕྱིར་གསང་ཆེན་དོན་གྱི་ཐེག་པ་སྟེ། ཀུན་བྱེད་ལས། མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ། ། མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་པས། ། ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། ། ཅེས་སོ། ། 10 .ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་རྫོགས་པས་དོན་བསྡུ་བ་ནི། གཅིག་རྫོགས་ཀུན་རྫོགས་ལྷུན་གྲུབ་ཆེན་པོར་འདུས། ། ཐམས་ཅད་བྱང་ཆུབ་སེམས་ཀྱི་རྫོགས་པ་དེ་ཡང་གཅིག་རྫོགས་རིག་པའི་ངང་དུ་རྫོགས་པ། གཉིས་རྫོགས་སེམས་ཀྱི་བྱས་པར་རྫོགས་པ། ཀུན་རྫོགས་གང་ཡང་སྣང་བས་ཕུན་སུམ་ཚོགས་པར་རྫོགས་པ་སྟེ། ཀུན་བྱེད་ལས། འདི་ལ་མ་རྫོགས་གང་ཡང་མེད། ། གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པས། ། བྱ་བ་ཕུན་སུམ་ཚོགས་པར་བདེ། ། གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། ། གཉིས་རྫོགས་སེམས་ཀྱི་བྱས་པ་རྫོགས། ། ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། ། གཅིག་ལ་རྫོགས་པའི་ལུང་འདི་ཡིས། ། སངས་རྒྱས་དགོངས་པ་འདི་ལ་གནས། ། ཀུན་རྫོགས་པ་ཡི་དོན་འདི་ཡིས། ། ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། ། ཅེས་སོ། ། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་བསྔགས་པ་ནི། རྩལ་རྫོགས་ལས། བྱར་མེད་འདི་ལ་གང་གནས་པ། ། ལུས་འདི་གང་ཟག་ལྷ་མི་ཡང་། ། དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། ། ཞེས་སོ། །

Tibetan Source 《མདོ་རྒྱུད་མཛོད་མི་པ་》ཤ་136.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number