9883

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:24, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan གང་ཟག་རྣམ་པར་གཞག་པ་བཅུ་གཅིག
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལ་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1. དབང་པོའི་རབ་ཏུ་དབྱེ་བ་ནི། གང་ཟག་དབང་པོ་རྟུལ་པོ་དང་། དབང་པོ་རྣོན་པོ་དག་རྣམ་པར་གཞག་གོ ། 2. སྡེ་པའི་རབ་ཏུ་དབྱེ་བ་ནི། གང་ཟག་བདུན་རྣམ་པར་གཞག་པ་སྟེ། (1)དགེ་སློང་། (2)དགེ་སློང་མ། (3)དགེ་སློབ་མ། (4)དགེ་ཚུལ། (5)དགེ་ཚུལ་མ། (6)དགེ་བསྙེན། (7)དགེ་བསྙེན་མའོ། ། 3. སྤྱོད་པའི་རབ་ཏུ་དབྱེ་བ་ནི། གང་ཟག་བདུན་རྣམ་པར་གཞག་པ་ནི། (1)གང་ཟག་འདོད་ཆགས་ཤས་ཆེ་བ་གང་ཡིན་པ་དེ་ནི་འདོད་ཆགས་སྤྱད་པའོ། ། (2)གང་ཟག་ཞེ་སྡང་ཤས་ཆེ་བ་གང་ཡིན་པ་དེ་ནི་ཞེ་སྡང་སྤྱད་པའོ། ། (3)གང་ཟག་གཏི་མུག་ཤས་ཆེ་བ་གང་ཡིན་པ་དེ་ནི་གཏི་མུག་སྤྱད་པའོ། ། (4)གང་ཟག་ང་རྒྱལ་ཤས་ཆེ་བ་གང་ཡིན་པ་དེ་ནི་ང་རྒྱལ་སྤྱད་པའོ། ། (5)གང་ཟག་རྣམ་པར་རྟོག་པ་ཤས་ཆེ་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་སྤྱད་པའོ། ། (6)གང་ཟག་ཆ་མཉམ་པར་གྱུར་པ་གང་ཡིན་པ་དེ་ནི་ཆ་མཉམ་པར་སྤྱད་པའོ། ། (7)གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་གང་ཡིན་པ་དེ་ནི་ཉོན་མོངས་པ་ཆུང་བ་སྤྱད་པར་རིག་པར་བྱའོ། ། 4. སྨོན་ལམ་གྱི་རབ་ཏུ་དབྱེ་བ་ནི། (1)གང་ཟག་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་ཡང་ཡོད་དོ། ། (2)གང་ཟག་རང་སངས་རྒྱས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་ཡང་ཡོད། (3)གང་ཟག་ཐེག་པ་ཆེན་པོ་ལ་སྨོན་ལམ་བཏབ་པ་ཡང་ཡོད་དོ། ། 5. ལམ་གྱི་རབ་ཏུ་དབྱེ་བ་ནི། གང་ཟག་ཇི་སྐད་བསྟན་ཅིང་ཡོངས་སུ་བསྒྲུགས་པ་དེ་དག་ནི། ལམ་བཞིས་ངེས་པར་འབྱུང་བ་ཡིན་ཏེ། (1) མངོན་པར་ཤེས་པ་བུལ་བ་དཀའ་བའི་ལམ་ཡང་ཡོད་པ་ནི། གང་ཟག་དབང་པོ་རྟུལ་པོ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ལམ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་བུལ་བ་དཀའ་བ་ཞེས་བྱའོ། ། (2)མངོན་པར་ཤེས་པ་མྱུར་བ་དཀའ་བའི་ལམ་ཡང་ཡོད་པ་ནི། གང་ཟག་དབང་པོ་རྣོན་པོ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ལམ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་མྱུར་བ་དཀའ་བ་ཞེས་བྱའོ། (3) མངོན་པར་ཤེས་པ་བུལ་བ་སླ་བའི་ལམ་ཡང་ཡོད་པ་ནི། གང་ཟག་དབང་པོ་རྟུལ་པོ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་བུལ་བ་སླ་བ་ཞེས་བྱའོ། ། (4)མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་ཡང་ཡོད་པ་ནི། གང་ཟག་དབང་པོ་རྣོན་པོ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་མྱུར་བ་སླ་བ་ཞེས་བྱའོ། ། 6. ལམ་དང་འབྲས་བུའི་རབ་ཏུ་དབྱེ་བ་ནི། འདི་ལྟ་སྟེ། ཞུགས་པ་བཞི་སྟེ། (1)རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ། (2)ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ། (3)ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ། (4) དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའི་ཕྱིར་ཞུགས་པ་དང་བཞིའོ། ། འབྲས་བུ་ལ་གནས་པ་བཞི་སྟེ། (1)རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ། (2)ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ། (3)ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ། (4)དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་གནས་པ་སྟེ། ཞུགས་པའི་ལམ་དུ་ཞུགས་པ་གང་དག་ཡིན་པའི་ཞུགས་པ་དེ་དག་ནི་དེ་དག་གི་ཞུགས་པའི་ལམ་གྱི་རྣམ་པར་གཞག་པ་ཡིན་ནོ། ། དེ་དག་གི་འབྲས་བུའི་དགེ་སྦྱོང་གི་འབྲས་བུ་ལ་གནས་པ་གང་དག་ཡིན་པ་དེ་དག་ནི་ལམ་གྱི་འབྲས་བུ་རྣམ་པར་གཞག་པ་ཡིན་ཏེ། དེ་ལྟར་ན་ལམ་དང་འབྲས་བུའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། ། 7. སྦྱོར་བའི་རབ་ཏུ་དབྱེ་བ་ནི། གང་ཟག་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དག་གི་སྟེ། གང་ཟག་དད་པའི་འབྲང་བས་ཞུགས་པ་གང་ཡིན་པ་དེ་ནི་དད་པའི་རྗེས་སུ་འབྲང་བ་ཡིན་ནོ། ། ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག་ཅིང་། རྣམ་པར་འབྱེད་པའི་རྗེས་སུ་འབྲང་བས་ཞུགས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། དེ་ལྟར་ན་སྦྱོར་བའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། ། 8. སྙོམས་པར་འཇུག་པའི་རབ་ཏུ་དབྱེ་བ་ནི། གང་ཟག་ལུས་ཀྱིས་མངོན་དུ་བྱེད་པ་རྣམ་པར་ཐར་པ་བརྒྱད་པོ་གཟུགས་ཅན་གཟུགས་ལ་ལྟ་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་དང་། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། འདུ་ཤེས་དང་ཚོར་བ་འགོག་པ་དག་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་། རྗེས་སུ་མཐུན་པ་དང་། རྗེས་སུ་མཐུན་པ་མ་ཡིན་པར་སྙོམས་པར་འཇུག་པ་དང་ ལྡང་བར་མི་བྱེད་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་རྗེས་སུ་ཐོབ་པ་ནི་མ་ཡིན་པ་སྟེ། དེ་ལྟར་ན་སྙོམས་པར་འཇུག་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། ། 9. སྐྱེ་བའི་རབ་ཏུ་དབྱེ་བ་ནི། གང་ཟག་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་དང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དག་གི་སྐྱེ་བས་དེ་དག་ཉིད་རྣམ་པར་གཞོག་པ་ཡིན་ཏེ། དེ་ལྟར་ན་སྐྱེ་བའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། ། 10. ཡོངས་སུ་ཉམས་པའི་རབ་ཏུ་དབྱེ་བ་ནི། དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཚེ་འདི་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པའི་སྐལ་པ་ཅན་གྱི་གང་ཡིན་པ་དང་། ཡོངས་སུ་མི་ཉམས་པའི་རབ་ཏུ་དབྱེ་བས་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་ཚེ་འདི་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་བའི་སྐལ་པ་ཅན་དུ་རྣམ་པར་གཞག་པ་གང་ཡིན་པ་སྟེ། དེ་ལྟར་ན་ཡོངས་སུ་ཉམས་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། ། 11. སྒྲིབ་པའི་རབ་ཏུ་དབྱེ་བ་ནི། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་དག་གི་སྟེ། དེ་ལ་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ནི་ཉོན་མོངས་པའི་སྒྲིབ་པ་ལས་ནི་རྣམ་པར་གྲོལ་ལ། སྙོམས་པར་འཇུག་པའི་སྒྲིབ་པ་ལས་ནི་རྣམ་པར་གྲོལ་བ་མ་ཡིན་ནོ། ། གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ནི་ཉོན་མོངས་པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་ལ། སྙོམས་པར་འཇུག་པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བ་ཡིན་པས། དེའི་ཕྱིར་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱའོ། ། དེ་ལྟར་ན་སྒྲིབ་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་70 བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number