10089

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:25, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རྟེན་འབྲེལ་ཡན་ལག་བཅུ་གཉིས།
Tibetan Alternate
Tibetan Definition ཁག་ལྔ་པ།

ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ཀྱི་ཉེས་དམིགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། ཚར་མི་གཅིག་པའི་མངོན་པ་འོག་མ་མཛོད་ཀྱིས་བསྟན་པའི་གནས་སྐབས་ཀྱི་རྟེན་འབྲེལ་བཅུ་གཉིས་གྲགས་ཆེ་བས་དེ་དག་གང་ཞེ་ན།་་མ་རིག་པ། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་དང་བཅུ་གཉིས་སོ། ། དེ་ལས། 1. མ་རིག་པའི་རྟེན་འབྲེལ་དང་། 2. འདུ་བྱེད་ཀྱི་རྟེན་འབྲེལ་གཉིས་སྐྱེ་བ་སྔ་མར་འབྱུང་། 3. རྣམ་ཤེས་ཀྱི་རྟེན་འབྲེལ། 4. མིང་གཟུགས་ཀྱི་རྟེན་འབྲེལ། 5. སྐྱེ་མཆེད་དྲུག་གི་རྟེན་འབྲེལ། 6. རེག་པའི་རྟེན་འབྲེལ། 7. ཚོར་བའི་རྟེན་བྲེལ། 8. སྲེད་པའི་རྟེན་འབྲེལ། 9. ལེན་པའི་རྟེན་འབྲེལ། 10. སྲིད་པའི་རྟེན་འབྲེལ་བཅས་བརྒྱད་ནི་སྐྱེ་བ་ད་ལྟར་བ་འདི་ལ་འབྱུང་།། 11. སྐྱེ་བའི་རྟེན་འབྲེལ་དང་། 12. རྒ་ཤིའི་རྟེན་འབྲེལ་གཉིས་ནི་སྐྱེ་བ་ཕྱི་མ་ལ་འབྱུང་སྟེ། དེ་ཡང་། མཛོད་ལས། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། ། བར་དུ་བརྒྱད་ཡོངས་རྫོགས་པར་ལྡན། ། ཞེས་གསུངས། ། ཆོས་འདི་དག་ཐམས་ཅད་ནི་མིང་གིས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་ཡོད་པར་འཛིན་པའི་མ་རིག་པ་ལ་བརྟེན་ནས་སྐྱེས་པའི་ཆོས་ཀྱི་བདག་འཛིན་དང་། གང་ཟག་གི་བདག་འཛིན་གཉིས་ཡོད། འདུ་བྱེད་ཀྱི་རྟེན་འབྲེལ་ལ། ལུས་ངག་གི་ལས། བསམ་པའི་ལས། སེམས་པའི་ལས། བསོད་ནམས་མ་ཡིན་པའི་ལས། བསོད་ནམས་ཀྱི་ལས། མི་གཡོ་བའི་ལས་རྣམས་ཡོད། བར་དུ་བརྒྱད་ཡོད་པའི་དང་པོ་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་རྣམ་ཤེས་ཀྱི་རྟེན་འབྲེལ། མངལ་དུ་རིམ་བཞིན་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་།: རེག་པ་དང་ཚོར་བ་ནི། ཕྱི་རོལ་དུ་བཙས་པ་ནས་འཁྲིག་པ་སྤྱོད་མི་ནུས་པ་ཕན་ཆད་ལ་རྫོགས་ཤིང་། དེ་ནས་སྲོག་དབང་མ་འགགས་པ་ཚུན་ཆད་ཀྱི་འདོད་ཆགས་ཐམས་ཅད་ལ་སྲིད་པའི་རྟེན་འབྲེལ་དང་། ལེན་པའི་རྟེན་འབྲེལ་ཞེས་བྱ་ལ། སྲེད་པ་ལ་གསུམ་སྟེ། (1)འདོད་ཡོན་ལྔ་ལ་ཆགས་པའི་འདོད་སྲེད། (2)སྡུག་བསྔལ་གང་བྱུང་ཐམས་ཅད་དང་བྲལ་བར་འདོད་པའི་འཇིག་སྲེད། (3)གཟུགས་དང་གཟུགས་མེད་ཀྱི་སས་བསྡུས་པའི་སྲིད་པའི་སྲེད་པ་དང་གསུམ་མོ། །ལེན་པ་ལ་བཞི་སྟེ། (1)འདོད་པ་ལྔ་ཉེ་བར་ལེན་པ། (2)འཇིག་ཚོགས་ལྟ་བ་བདག་ཏུ་ལྟ་བ་ཉེ་བར་ལེན་པ། (3)ལྟ་ངན་དྲུག་ཅུ་རྩ་བཞི་གང་རུང་ཉེ་བར་ལེན་པ་ནི། ལྟ་བ་ཉེ་བར་ལེན་པ། (4)ལྟ་ངན་དེ་དག་གིས་ཀུན་ནས་བསླངས་པས་ཚུལ་ཁྲིམས་མ་ཡིན་པ་ལ་ཚུལ་ཁྲིམས་མཆོག་ཏུ་འཛིན་པ། ཟས་གཅོད་པ། མེ་ལྔ་བསྟེན་པ་བ་ལང་དང་ཁྱི་ཕག་གི་ཀུན་སྤྱོད་བྱེད་པ་སོགས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཉེ་བར་ལེན་པ་དང་བཞིའོ། །འཆི་ཁར་སྔར་བསགས་པའི་འཕེན་བྱེད་ཀྱི་ལས་དེ་མངོན་དུ་གྱུར་ནས་འགྲུབ་བྱེད་ཀྱི་ལས་སྲིད་པའི་རྟེན་འབྲེལ་དང་བརྒྱད་དོ། ། སྐྱེ་བ་ཕྱི་མ་རིགས་དྲུག་གང་རུང་དུ་ཉིང་མཚམས་སྦྱར་བ་སྐྱེ་བའི་རྟེན་འབྲེལ་དང་། རྣམ་སྨིན་གྱི་ཕུང་པོའི་རིགས་མཐུན་དོར་བའི་རྒ་ཤིའི་རྟེན་འབྲེལ་གཉིས་ནི་ཐ་མའི་རྟེན་འབྲེལ་ཏེ་བཅུ་གཉིས་སོ། ། དགེ་བའི་བཤེས་གཉེན་ཕུ་ཆུང་བས། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་ངན་སོང་གསུམ་ལ་འཁོར་ཚུལ་བསམས་པས་སྐྱེས་བུ་ཆུང་ངུའི་རྟོགས་པ་སྐྱེས། ་བདེ་འགྲོ་ལྷ་མིའི་འཁོར་ཚུལ་བསམས་པས་སྐྱེས་བུ་འབྲིང་གི་རྟོགས་པ་སྐྱེས། རང་དང་རང་འདྲ་བའི་སེམས་ཅན་ཐམས་ཅད་ཀྱི་འཁོར་ཚུལ་བསམས་པས་སྐྱེས་བུ་ཆེན་པོའི་རྟོགས་པ་སྐྱེས་པ་ཡིན་གསུངས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་449.2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number