10111

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:25, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan སྨོན་ལམ་ཆེན་པོ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ལས་བྱུང་བ་སྟེ།

1. གང་གི་ཚེ་དག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། བདག་གི་ལུས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་ཅིང་དཔག་གིས་མི་ལང་བ་དག་ལྷམ་མེར་ལྷན་ནེར་ལྷང་ངེར་གྱུར་ཅིག སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པར་གྱུར་ཏེ། བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་བཏབ་བོ། ། 2. གང་གི་ཚེ་དག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་ལུས་ནོར་བུ་རིན་པོ་ཆེ་བིཌཱུརྱ་ཅི་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་། དྲི་མ་མེད་པ་འོད་གསལ་བ་དང་། ཁོ་ལག་ཡངས་ཤིང་ཆེ་བ་དང་། དཔལ་དང་། གཟི་བརྗིད་འབར་བ་དང་། ལེགས་པར་གནས་པ་དང་། ཉི་མ་དང་། ཟླ་བ་བས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག་། དེ་ན་སེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་དག་དང་། གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་བདག་གི་འོད་ཀྱིས་ཕྱོགས་རྣམས་སུ་དགའ་མགུར་འགྲོ་བར་གྱུར་ཅིག ། དགེ་བའི་ལས་རྣམས་ཀྱང་བྱེད་པར་གྱུར་ཅིག་ཅེས་བཏབ་བོ། ། 3. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་བདག་གི་ཤེས་རབ་དང་། ཐབས་དཔག་ཏུ་མེད་པས་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་མི་ཟད་པ་དང་ལྡན་པར་གྱུར་ཏེ། སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག་ཅེས་བཏབ་བོ། ། 4. གང་གི་ཚེ་བ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དེ་དག་བྱང་ཆུབ་ཀྱི་ལམ་ལ་དགོད་པར་བྱའོ། ། ཉན་ཐོས་དང་། རང་སངས་རྒྱུས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་གཟུད་པར་བྱའོ་ཞེས་བཏབ་བོ། ། 5. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་དག་བདག་གི་གནས་ཚངས་པར་སྤྱོད་པ་དང་། དེ་བཞིན་དུ་སེམས་ཅན་གཞན་དག་དཔག་ཏུ་མེད་ཅིང་དཔག་གིས་མི་ལང་བ་དེ་དག་ཐམས་ཅད་ཀྱང་བདག་གི་མིང་ཐོས་ནས་བདག་གི་མཐུས་སྡོམ་པ་གསུམ་གྱིས་བསྡམས་པ་དང་། ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ། ངན་འགྲོར་འགྲོ་བར་མ་གྱུར་ཅིག་ཅེས་བཏབ་བོ། ། 6. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་ལུས་ངན་པ་དང་། དབང་པོ་མ་ཚང་བ་དང་། མདོག་མི་སྡུག་པ་དང་། བེམས་པོ་དང་། ཡན་ལག་སྐྱོན་ཅན་དང་། སྒུར་པོ་དང་། ཤ་བཀྲ་ཅན་དང་། ཞར་བ་དང་། ལོང་བ་དང་། འོན་པ་དང་། སྨྱོན་པར་གྱུར་པ་དང་། གཞན་ཡང་གང་དག་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་གིས་བདག་གི་མིང་ཐོས་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བཏབ་བོ། ། 7. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ། སྐྱབས་མེད་པ། མགོན་མེད་པ།། འཚོག་ཆས་དང་། སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ། སྡུག་བསྔལ་བ་གང་དག་གི་རྣ་ལམ་དུ་བདག་རྣ་ལམ་དུ་བདག་གི་མིང་གྲགས་པ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པར་གནས་པར་གྱུར་ཅིག་ཅེས་བཏབ་བོ། ། 8. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་བུད་མེད་གང་ལ་ལ་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་པར་གྱུར་པ། བུད་མེད་ཀྱི་དངོས་པོ་ལ་སྨོད་པ། བུད་མེད་ཀྱི་སྐྱེ་གནས་ལས་ཡོང་ངས་སུ་ཐར་བར་འདོད་པ་དེ་དང་བུད་མེད་ཀྱི་དངོས་པོ་ལས་སླར་ལོག་པར་གྱུར་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་འབྱུང་བར་གྱུར་ཅིག་ཅེས་བཏབ་བོ། ། 9. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་སེམས་ཅན་བདུད་ཀྱི་ཞགས་པ་རྣམས་ལས་ཡོངས་སུ་ཐར་བར་བྱའོ། ། ལྟ་བ་ཐ་དད་ཅིང་མི་མཐུན་པ་མེད་པ་ཟིང་ངེ་ཟིང་ངེ་བས་མི་མཐུན་པར་གྱུར་པ་དག་ཡང་དག་པའི་ལྟ་བ་ལ་དགོད་པར་བྱའོ། ། མཐར་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པར་བྱའོ་ཞེས་བཏབ་བོ། ། 10. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། གང་དག་བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། གསད་པར་འོས་པ། རྒྱུ་དུ་མས་ཀུན་ཏུ་གཅེས་པ། ང་རྒྱལ་དང་བྲལ་བ། ལུས་དང་། ངག་དང་། སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་བདག་གི་བསོད་ནམས་ཀྱིས་མཐུས་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག་ཅེས་བཏབ་བོ། ། 11. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་བཀྲེས་པ་དང་། སྐོམ་པའི་མེ་རབ་ཏུ་འབར་བ་ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ། སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་། དྲི་དང་། རོ་ལྡན་པའི་ཁ་ཟས་ཀྱིས་ལུས་སིམ་པོར་བྱས་ཏེ། ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་དགོད་པར་བྱའོ་ཞེས་བཏབ་བོ། ། 12. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱུང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་སྒྲེན་མོ། བགོ་བ་མེད་པ། དབུལ་བ། སྡུག་བསྔལ་བ། གྲང་བ་དང་། ཚ་བ་དང་། སྦྲང་བུ་དང་། ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་གིས་གོས་ཡོངས་སུ་སྤྱད་པར་འོས་པ། ཚོན་སྣ་ཚོགས་སུ་ཁ་བསྒྱུར་བ་དག་སྦྱིན་པར་བྱའོ། ། ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེའི་རྒྱན་སྣ་ཚོགས་པ་དང་། སྤུད་པ་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བཏབ་བོ། །

Tibetan Source 《རྒྱུད་ཏ་པ་》ཤ་400ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number