10151

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:25, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བོད་ཟླའི་སྒང་ནས་སྒང་བར་བརྩིས་པའི་ཟླ་རེའི་གནམ་གཤིས་སྐོར་བརྟག་པ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོའི་ནང་གསེས་གནམ་གཤིས་གཏོང་ཕྱོགས་སྐོར་གྱི་ལག་ལེན་ཉམས་མྱོང་ལས་སྟེ།

1. དང་པོའི་སྒང་ནས་གཉིས་པའི་སྒང་བར་དུ། ། སྔ་དགོང་འཐིབས་ནས་ཉིན་གུང་དྭངས་པ་མང་། ། ཞོགས་པ་བྱང་ཤར་ལྷགས་པ་གྲང་ངར་ཆེ། ། ཕྱི་དྲོ་ཐལ་རླུང་དྲོ་བོ་ནུབ་ནས་ལྡང་། ། གློ་བུར་དྲོད་ཀྱིས་ཁ་འཁྱགས་ཞུ་བར་འགྱུར། ། སྟོད་བྱང་འབྲོག་སར་ཁ་བ་བུ་ཡུག་འཚུབ། ། གློ་བུར་གྲང་ངར་རུས་ཟུག་རྒྱག་བཞིན་འཕེལ། ། མཚོ་དང་མཚེའུ་ཁག་ལ་དར་ཁ་འགྲིགས། ། 2. གཉིས་པའི་སྒང་ནས་གསུམ་པའི་སྒང་བར་དུ། ། དཔྱིད་ཀའི་མཐིལ་ཟིན་སྔ་དྭངས་དགོང་འཐིབས་དང་། ། ནམ་སྟོད་ཐན་ལ་ནམ་སྨད་ཞོད་སད་ཉེན། ། སྔ་དྲོ་རླུང་སྤྲིན་བྱང་ཤར་ཕྱོགས་ནས་འཁོར། ། ཕྱི་དྲོ་རླུང་སྤྲིན་ལྷོ་དང་ལྷོ་ནུབ་ནས། ། ཡང་ཡང་འཁོར་བས་ཁ་ཆར་འདྲེས་མ་འབབ། ། ཉིན་གུང་གནམ་གཤིས་ཕལ་ཆེན་དྭངས་པ་མང་། ། 3. གསུམ་པའི་སྒང་ནས་བཞི་པའི་སྒང་བར་དུ། ། དཔྱིད་ཀའི་ཐ་མ་སོས་ཀའི་ཚ་བ་འཕེལ། ། སྔར་གྱི་ཤ་གདན་འཁོར་ན་སོས་ཆར་ཡོད། ། ཤ་གདན་མ་འཁོར་སོས་ཐན་མེད་པར་བཤད། ། འོན་ཀྱང་ཀོང་རོང་ས་ཁུལ་དྲོ་ས་ལ། །རླུང་སྤྲིན་འཁོར་ཞིང་ཆར་འབྲིང་འབབ་པ་མང་། ། དེ་མིན་ཞིང་འབྲོག་ས་ཁུལ་མང་ཆེ་བར། ། སྔ་དྭངས་དགོང་སྤྲིན་འཁོར་བས་ཆར་རྒྱུན་ཉུང་། ། 4. བཞི་པའི་སྒང་ནས་ལྔ་པའི་སྒང་བར་དུ། །་མཐའ་སྤྲིན་འཁོར་ཡང་རླུང་གིས་གཏོར་བ་མང་། ། ཆར་ནི་དུམ་བུར་འགྱུར་བས་ཆར་མི་སྙོམས། །ལོ་ནི་བཞི་དང་ལྔ་ཡི་འཁོར་མཚམས་སུ། ། ཆེ་ཆུང་མ་གཏོགས་སོས་ཐན་ངེས་པར་ཡོད། ། འོན་ཀྱང་ཆུ་ཡི་འབྱུང་ཁུངས་ཡོད་ས་ལ། ། དམིགས་བསལ་སོས་ཐོན་གནོད་འཚེ་མེད་པར་བཤད། ། 5. ལྔ་པའི་སྒང་ནས་དྲུག་པའི་སྒང་བར་དུ། ། ཆར་སྤྲིན་འཁོར་ཞིང་ཆར་ཆུ་རིམ་བཞིན་འཕེལ། ། ཞོགས་པ་སྦྲང་ཆར་འབེབས་ཤིང་ཉིན་གུང་དྭངས། ། དགོང་དྲོ་ཆར་རླུང་དྲག་ཆར་འཚུབ་ནས་དྭངས། ། འོན་ཀྱང་རི་ཤུར་གནས་པའི་ལོ་ཏོག་ལ། །དྲག་ཆར་སེར་བའི་གནོད་འཚེ་དོགས་པ་དེར། ། སྔོ་སོགས་དུ་བས་སེར་བ་སྔོན་འགོག་བྱེད། ། ལྷོ་མོན་ཀོང་རོང་ས་ཁུལ་དམའ་ས་ལ། ། ཆར་རྒྱུན་ཡང་ཡང་འབེབས་པའི་དུས་ཚོད་ཡིན། ། 6. དྲུག་པའི་སྒང་ནས་བདུན་པའི་སྒང་བར་དུ། ། ཆར་སྒང་ཆུ་སྒང་ཟེར་བ་ཆར་ཆུ་རྒྱས། ། ཉིན་མཚན་བསྟུད་མར་སྦྲང་ཆར་འབབ་ན་ཡང་། ། ཕྱི་དྲོ་སད་སེར་ཤྭ་འོད་གནོད་འཚེ་དོགས། ། དེ་དུས་གནམ་དཔྱད་འདྲ་མིན་འདི་ལྟར་ཡོད། ། སྤྲིན་དམར་བྱ་དང་ཁྱི་སད་འོང་བའི་རྟགས། ། རྟ་ཚ་ལུག་འཐིབས་སྤྲིན་སེར་འོང་བའི་རྟགས། ། དེ་ནི་ཝ་ཞག་བཅོ་ལྔའི་ཡུན་དུ་བརྟགས། ། དེ་དུས་ཆུ་ལོག་དོགས་ཟོན་ཡང་ཡང་བྱེད། ། 7. བདུན་པའི་སྒང་ནས་བརྒྱུད་པའི་སྒང་བར་དུ། ། ཆར་ཁ་འབྲི་ཞེས་ཆར་ཤུགས་ཆུང་དུ་འགྲོ། །་སྔ་དྲོ་བྱང་ཤར་གྲང་ལྷགས་ཐོག་མ་སླེབས། ། ཕྱི་དྲོ་ཤུ་ཕོའི་རྭ་སད་ཡང་ཡང་ལྡང་། ། སྒྱིད་ལུག་མི་བྱ་སྟོན་བསྡུ་མགྱོགས་པར་ལེན། ། སྐབས་དེར་ཐོ་རེངས་ལྷོ་རིའི་རྩེ་ངོས་ནས། ། སྐར་མ་རི་ཥི་ཤར་དུས་ཆར་འབབ་ན། ། བོད་དུ་སྟོན་མཇུག་རིང་ཞིང་སད་ཉེན་ཆུང་། ། འབྲོག་པའི་ཁུལ་དུ་རྩྭ་བཟང་དཀར་བཟང་ཟེར། ། གནམ་གཤིས་སྔ་དགོང་འཐིབས་ཀྱང་ཉིན་མོ་ཐན། ། 8. བརྒྱུད་པའི་སྒང་ནས་དགུ་པའི་སྒང་བར་དུ། ། གནམ་གཤིས་དྭངས་པ་མང་བས་ཆར་ཆུ་ཆུང་། ། སྔ་དྲོ་ཤར་ལྷགས་གྲང་ཟུག་རིམ་བཞིན་འཕེལ། །ཤ་གདན་འཁོར་ཞེས་ཁ་ཆར་འབབ་པ་ན། ། ཕྱི་ལོ་སོས་ཆར་ཡོད་པས་སྔ་འདེབས་བཟང་། ། སྟོད་བྱང་འབྲོག་པའི་ས་ཁུལ་མདོ་ས་ལ། ཁ་བ་རླུང་འཚུབ་ཡང་ཡང་ལྡང་ནས་གྲང་། ། རྩྭ་ཐང་སྲུང་སྐྱོབ་འབྲོག་ར་སྐྱས་སྤོ་བྱེད། ། 9. དགུ་པའི་སྒང་ནས་བཅུ་པའི་སྒྲུང་བར་དུ། ། ཞིང་པའི་ཁུལ་དུ་གནམ་གཤིས་དྭངས་པ་མང་། ། ཞོགས་པ་ཤར་ལྷགས་བསིལ་པོ་གྲང་ཟུག་འཕེལ། ། སྟོད་བྱང་ལ་སོགས་འབྲོག་པའི་ས་ཁུལ་དུ། ཁ་བ་བུ་ཡུག་འཚུབ་པའི་དུས་ཚོད་ཡིན། ། 10. བཅུ་པའི་སྒང་ནས་བཅུ་གཅིག་སྒང་བར་དུ། ། བོད་ན་ཁོ་རླུང་ཆུང་བའི་ཟླ་བ་ཟེར། ། ཉིན་རེ་གྲང་ངར་རིམ་བཞིན་ཆེ་རུ་འགྲོ། ། ཐག་ཆུ་གཏོང་ཞིང་ས་ལུད་གསོག་འཇོག་བྱེད། ། 11. བཅུ་གཅིག་སྒང་ནས་བཅུ་གཉིས་སྒང་བར་དུ། ། རླུང་སྤྲིན་འཁོར་ཞིང་འཐིབས་དྭངས་རེས་མོས་བྱེད། ། སྟོད་བྱང་འབྲོག་པའི་ས་ཁུལ་མང་ཆེ་བར། ཁ་བ་བུ་ཡུག་འབྲིང་ཙམ་ཡང་ཡང་ལྡང་། ། དབུས་གཙང་ཞིང་པའི་ཁུལ་དུ་འཐིབས་ནས་དྭངས། ། དམིགས་བསལ་ཁ་བའི་ཉེན་ཁ་ཆེ་བ་མེད། ། དགུ་གསུམ་གྲང་ན་དབྱར་དུས་ཆར་པ་ཆེ། ། དགུ་གསུམ་དྲོ་ན་དབྱར་དུས་ཆར་ཆུ་ཆུང་། ། 12. བཅུ་གཉིས་སྒང་ནས་དང་པོའི་སྒྲུང་བར་དུ། ། དྲོད་རླུང་ལྡང་ཞིང་དྲོ་གྲང་རེས་མོས་བྱེད། ། སྟོད་བྱང་གནམ་མཚོའི་ཤར་ངོས་འབྲོག་ཐང་ལ། ཁ་བ་བུ་ཡུག་འཚུབ་པའི་དུས་ཚོད་ཡིན། །དབུས་གཙང་ཞིང་པའི་ཁུལ་དུ་ནུབ་ལྷགས་ཆེ། ། ལྷོ་མོན་ཀོང་རོང་ས་ཁུལ་དྲོ་ས་ལ། ། ཁ་བ་ཆར་དུ་འགྲོ་ལ་ས་དྲོད་སླེབ། ། ཅེས་སོ། །

Tibetan Source 《བོད་ཀྱི་རྩིས་རིག་ཆེན་མོ་》དེབ་གཉིས་པ་ ཤ་371.12ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number