10299
Tibetan | གནམ་གཟེར་བཅུ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གསུམ་པ་སྤྱོད་པའི་རིམ་པ་ལས་བྱུང་བ་སྟེ།
1. ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ནི། ཡུལ་ཤེས་ཐུག་ཕྲད་འཛོམ་དེར་ཟང་ཀར་སྐྱོངས། ། ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཅོག་གཞག་གམ། གཞག་གམ། རང་གཞག་ཏུ་བཏང་བས། རང་ཅེར་གྲོལ་ཆོས་སྐུའི་རངས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། ། རང་སྣང་རང་གྲོལ་རང་གི་ཡུལ། ། རང་བཞིན་རང་དག་རང་གི་གདངས། ། ཅོག་གཞག་ཅེར་གཞག་རང་གཞག་གོ། ཞེས་སོ། ། 2. རྐྱེན་ངན་རིག་པའི་རྩལ་སྤྱོད་དུ་བསྟན་པའི་གནམ་གཟེར་ནི། ན་ཚ་སྡུག་བསྔལ་རང་ངོ་རྗེན་པར་འཇོག ། མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་། ཞེ་སྡང་ལ་སོགས་པ་ཞེན་པ་དྲག་པོ་སྐྱེ་དུས།, ཉན་ཐོས་ལྟར་མི་སྤོང་། བྱང་སེམས་ལྟར་གཉེན་པོས་མི་སྤོང་། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོ་ལ་མི་ལྟ། ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བར་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དྭངས་ཆེ་བར་འཆར་བའོ། ། རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། ང་ཡི་བདེ་བ་རང་ཤར་ཡིན། ། དེ་དུས་བདེ་སྡུག་དབྱེར་མེད་ན། ། ང་ཡི་ཡོན་ཏན་འདི་ལ་རྫོགས། ། ཞེས་སོ། ། 3. གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། གང་སྣང་ཐུག་ཕྲད་གྲོལ་བས་སྤང་གཉེན་སངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ་ཟང་ཀའི་གནད་མཐོང་བས་ཟང་ཀར་གྲོལ། ཡེ་བས་འབད་ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། རང་གཞག་ཏུ་ཐད་སོར་བཞག་པས་རང་སར་གྲོལ། སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ཆོས་ཉིད་ལས་ཟློག་ས་མེད་པར་ལ་ཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། ། གནད་ཀྱིས་གྲོལ་རྩོལ་ཟད།། ནས་གྲོལ་བས་བསྐྱར་མི་དགོས། ། རང་གྲོལ་ཡིན་པས་གཉེན་པོ་མེད། ། ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། ། ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་གྲོལ་བས་གོམས་མི་དགོས། ། རང་བཞིན་གྲོལ་བས་མ་བཅོས་པའོ། ། ཞེས་སོ། ། 4. དགའ་ཆེན་རང་གྲོལ་གྱི་གནམ་གཟེར་ནི། དངོས་ཟང་ཐལ་དུ་བསྡམ་པ་ནི། དགའ་བ་དེ་ངོས་གཟུང་རང་བབས་མི་གཡོར་གཞིག གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་དྭངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། ། འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། ། ཞེས་སོ། ། 5. རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི།། བར་མའི་ཤེས་པ་སྣང་འགྱུར་རང་གྲོལ་ཆེ། ། དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ་འཆའ་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤུངས་སྣང་ཐོག་ཏུ་གྲོལ་བ་དང་། ནང་འགྱུ་བ་མ་སྤངས་འགྱུ་ངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་བས་ཁལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ། ། བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་གྲོལ་བ་ཞེས་བྱའོ། ། རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དྭངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་དུ་ཡེ་ནས་གནས་པའོ། ། མདོར་ན་བློས་བཟུང་ན་འཆིང་། ཐེངས་ན་གྲོལ། གང་དུའང་མ་གྲོལ་བ་འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། ། མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། ། ངེས་པར་སྣང་བའི་སེམས་ཉིད་གྲོལ། ། གཟུགས་སུ་སྣང་བ་ཐམས་ཅད་ནི། ། ། རང་བཞིན་མེད་པའི་ངང་དུ་གྲོལ། ། གཟུགས་མེད་རྣམས་ནི་དངོས་པོར་གྲོལ། ། ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། ། མེད་པ་ལ་ཡང་མེད་པས་གྲོལ། ། གཅིག་ནི་གཅིག་གིས་གྲོལ་བ་ལ། ། གཉིས་སུ་སྣང་བ་གཉིས་གྲོལ་བའོ། ། ཞེས་སོ། ། 6. གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། གཉིད་ཚེ་རགས་ཕྲའི་སྣང་ནུབ་ཀུན་རྟོག་གྲོལ། །གཉིད་ནི་གཏི་མུག་གི་ས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། ། དེ་སྦྱང་བའི་ལམ་ཁྱེར་བསྟེན་ཏེ། རྨི་ལམ་གཟུང་བ། སྦྱང་བ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིའི་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་སྦྱང་བ་་་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱི་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང་། ངོས་བཟུང་བའི་ཟང་ཐལ་གཉིས་འདྲེས་ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་གནས་པའོ། ། གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསན་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས། ། འོད་གསལ་ཆེན་པོ་གཉིད་དང་བསྲེ། ། ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། ། དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ། །རབ་འབྲིང་ནི་ཉལ་ཀའི་ལ་ཡིད་གཞུངས་པ་རབ་དང་འབྲིང་དང་། ཐ་མའི་བྱེད་པ་ལ་ཟེར་རོ། ། རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང་། ། རབ་ལ་བརྗེད་ངས་ཐ་མ་འགག་། འབྲིང་ལ་ཤིན་ཏུ་གསལ་བ་ལ། ། ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། ། དེ་དག་རྣམས་ཀྱི་ཚད་ལ་ཕེབས། ། ཞེས་སོ། ། 7. གཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པའི་གནམ་གཟེར་ནི། གཉིད་ཀྱང་ཡེ་ཤེས་རོལ་རྩལ་རང་བྱུང་དབྱིངས། ། ཉིན་དུས་ཤེས་པ་རྩལ་ལས་རོལ་པར་འཆར་བ་དེ་རང་བྱུང་གི་ཡེ་ཤེས་ལས་ཕྱིར་གསལ་ཏུ་ཕར་ཤར་བ་ཉིད། མཚན་དུས་རོལ་པའི་སྣང་ཞེས་རྩལ་ལ་ཐིམ།་རྩལ་གཞི་ལ་ཐིམ་པས། དར་ཅིག་གང་དུའང་མི་རྟོག་པའི་འོད་གསལ་ལ་གནས་པ་ནི་གཉིད་རང་བྱུང་གི་ཡེ་ཤེས་ཏེ། འཁོར་བ་མྱང་འདས་སུ་གྲོལ་བའི་དུས་ཞེས་བྱའོ། ། ཀློང་དྲུག་པ་ལས། གཉིད་ཀྱང་སྤང་བར་མི་བྱ་སྟེ། ། སེམས་ཀྱི་གུད་དུ་བཅད་པ་མིན། ། མདོར་ན་ལུས་ངག་རང་སོ་ལ། ། ཡིད་འབྱུང་ཆ་རྣམས་ཕྱིར་མ་ཤོར། ། དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་དཔྱོད་པའི་སེམས་མ་འགྱུས། ༑ རང་སྣང་མི་རྟོག་ཆེན་པོ་ལ། ། གསལ་ལ་རྟོགས་མེད་ཉམས་སྐྱེས་པའོ། ། ཞེས་སོ། ། འདིས་གཏི་མུག་ཆོས་ཉིད་དུ་དག་པ་ཡང་། ཐལ་འགྱུར་ལས། གཉིད་ཀྱི་རྣལ་འབྱོར་སུས་བསྒོམ་པ། ། འདིས་ནི་གཏི་མུག་ལམ་དུ་བྱེད། ། ཅེས་གསུངས་སོ། ། 8. ཉོན་མོངས་རང་སར་གྲོལ་བའི་གནམ་གཟེར་ནི། ཉོན་མོངས་སྤང་གཉེན་མེད་པར་རང་སར་དག ། འཁོར་འདས་དབྱིངས་ཀྱི་ངང་ལས་མ་གཡོས་པས་གཞི་མེད་སྟོང་པའི་རང་གཟུགས་ཙམ་སྟེ། ཉོན་མོངས་པ་ཡང་ངོ་བོ་ཡོད་མ་མྱོང་རྟེན་པའི་ས་མེད། བྱུང་བའི་རྩ་བ་མེད་པས་རང་བཞིན་དུ་ཅོག་གཞག་གཅིག་གིས་རྒྱ་གྲོལ་ལ་འགྲོ་སྟེ། རིག་པའི་ངོ་བོ་ཟང་ཐལ་དུ་ངོས་ཟིན་དུས། ཉོན་མོངས་རྣམས་རང་སར་སངས་ནས་རང་གྲོལ་དུ་འགྲོ་བ་མདུད་ཀྱི་ཕུར་པ་བཏོན་པས་དོ་ཐག་སར་གྲོལ་བ་བཞིན་ནོ། ། དེ་ལྟར་མ་ཤེས་ན་སྤུངས་ཀྱང་མི་སྤོང་སྟེ་ལུས་དང་གྲིབ་མ་ལྟར་རང་འཁོར། སྦྱངས་ཀྱང་མི་སྦྱོང་སྟེ་ཤེལ་ལ་དཀར་པོ་སྦྱངས་མི་སྦྱོང་བ་ལྟར་སྦྱོང་བྱེད་སྦྱང་བྱ་ལས་ཐ་མི་དད་པ་སྒྱུར་ཡང་མི་འགྱུར་ཏེ་གཡུ་ཁ་དོག་མི་འགྱུར་བ་ལྟར་སེམས་ཀྱིས་སེམས་མི་འགྱུར། རང་ཞིར་བཏིང་བས་ཞིར་མི་བཏུབ་སྟེ་གཏོང་མཁན་རྟོག་པ་ལས་གཞན་མ་ཡིན། གཉེན་པོས་གྲོལ་དུ་མི་ནུས་ཏེ་ཆུ་དྭངས་པར་འདོད་ནས་དབྱུག་པས་རྙོག་པ་ལྟར་གཉེན་པོ་ཉིད་སྤང་བྱ་དང་བྱེད་པ་མཚུངས། ཉོན་མོངས་པ་ཉིད་ཀྱང་ཆོས་ཉིད་མ་ཡིན་ཏེ་ཐ་མལ་བླུན་པོའི་ཤེས་པ་དང་ཁྱད་མེད་པས་འཁོར་བ་ལས་འདའ་མི་ནུས་པ་ཉིད། ཉི་ཟླ་ཁ་སྦྱོར་ལས། ཉོན་མོངས་པ་དེ་རྣམས་སྤོང་བ་ལགས་སམ། ལགས་སམ། སྦྱོང་བ་ལགས་སམ། སྒྱུར་བ་ལགས་སམ། རང་ཞིར་གཏོང་བ་ལགས་སམ། དེ་དག་རེ་རེ་ལ་གཉེན་པོ་རེ་རེས་འདུལ་བ་ལགས་སམ། དེ་ཉིད་རང་ཆོས་ཉིད་ལགས་སམ། དེ་དག་རྣམས་རང་གིས་རང་གྲོལ་བ་ལགས་སམ། སྟོན་པས་གསུང་དུ་གསོལ། དེ་ནས་རྡོ་རྗེ་འཆང་གིས་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་ཐུབ་པ་ཆེན་པོ་ཉོན། ། ངས་བསྟན་པ་ཡི་ཚིག་དེ་རྣམས། ། སེམས་ཅན་ཀུན་གྱི་རྒྱུད་ལ་གནས། ། དེ་དག་རྣམས་ཀྱིས་འཁོར་བར་བཅིངས། ། བདེ་བ་ཆེན་པོ་ཉིད་པསྒྲིབས་ན། ། འདི་དག་རྣམས་ནི་སྤོང་བ་མིན། ། དེ་བཞིན་ཉིད་དུ་མ་རྟོགས་ན། ། རྣལ་འབྱོར་ལུས་དང་གྲིབ་མ་བཞིན། ། དེ་ལས་དེ་ཉིད་རང་འབྱུང་བས། ། སྤོང་བས་སྤོང་བ་མ་ཡིན་ནོ། ། དེ་བཞིན་སྦྱོང་བས་ཀྱང་ནི་མིན། ། སྒྱུར་བས་ཡང་ནི་མི་འགྱུར་རོ། ། འགྱུར་མེད་སྙིང་པོ་མ་རྟོགས་པར། ། ཤེལ་གྱི་བྲག་གམ་གཡུ་རྡོ་བཞིན། ། སྦྱང་ཞིང་སྒྱུར་བར་ནུས་མ་ཡིན། །རང་བཞིན་གྱིས་ནི་གནས་དག་ཏུ། ། རྣལ་འབྱོར་ལྡན་པ་ཡིས་ནི་བརྟག ། དེ་བཞིན་ཞི་བ་ཉིད་ཀྱང་མིན། ། མངོན་སུམ་ལྷག་མཐོང་མ་ཤེས་པར། ། རི་རབ་རི་ཡི་རྒྱལ་པོ་བཞིན། ། སུས་ཀྱང་གཞིག་པར་ནུས་པ་མིན། །གཉེན་པོ་ཡིས་ནི་གྲོལ་བ་མིན། ། མ་བཙལ་རང་དག་མ་ཤེས་པར། ། རྙོག་མ་སངས་འདོད་ཆུ་རྙོག་བཞིན། ། ཕྱི་ཕྱིར་སངས་པ་མ་ཡིན་ནོ། ། དེ་ཉིད་རང་ཡང་ཆོས་ཉིད་མིན། ། རང་སྣང་ལྷུག་པ་མ་ཤེས་པར། ། ཐ་མལ་བླུན་པོའི་སྣང་བ་བཞིན། ། མངོན་ཞེན་ལྡོག་པ་མ་ཡིན་ནོ། །ཞེས་སོ། ། དེ་ལ་ཐེག་པ་གཞན་གྱིས་འབད་ཀྱང་དག་པར་མི་ནུས་པ་ཉིད། འདིར་རང་རིག་ཟང་ཐལ་དུ་རྟོགས་པའི་གནད་ལས་མ་སྤངས་དབྱིངས་སུ་དག་པ་སྟེ། དེ་ཡང་འབད་བཅས་རང་གཞུག་གི་སྣང་བ་ཐོད་རྒལ་བསྒོམས་པས་གྲོལ་ལ། འབད་མེད་རང་གྲོལ་གྱི་རིག་པ་ཁྲེགས་ཆོད་ཟང་ཀར་རྟོགས་པས་གྲོལ་ལོ། ། དེའང་རིག་པ་ཟང་ཀས་ཉོན་མོངས་གྲོལ་བ་མིན་ཏེ་ཉོན་མོངས་པ་དེ་ཉིད་ཀྱིས་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུའོ། ། ཉོན་མོངས་ཉིད་སྐྱེ་གྲོལ་བའི་གནད་ནི་རིག་པ་ཟང་ཀར་རྟོགས་པའི་ངང་མ་བརྗེད་པ་ལ་ཐུག་པས་རིག་པ་ཉོན་མོངས་གྲོལ་བ་འདྲ་མོ་ཞིག་སྣང་ཡང་དོན་ལ་དེ་ལྟར་མིན་ནོ། ། 9. བཟང་ངན་བླང་དོར་མེད་པའི་གནམ་གཟེར་ནི། སྤང་བྱ་སྤོང་བྱེད་ངོ་ཤེས་བཅོས་མེད་འཇོག ། སྤང་བྱའི་ཀུན་ཏུ་རྟོག་པ་སྣ་ཚོགས་སུ་ཤར་བ་དང་། དེ་སྤོང་བྱེད་གཉེན་པོའི་བཟང་རྟོག་ཐམས་ཅད་རིག་པའི་རྩལ་ལས་རོལ་པར་ཤར་བར་མཉམ་པས་བཟང་ངན་དང་བླང་དོར་མེད་པར་རང་སོར་གཞག་པ་གཅེས་སོ། ། དེའང་བཟང་རྟོག་ངན་རྟོག་གཉིས་པོ་དེ་རིག་པའི་ངང་དུ་ཤར་ནས་ཡུལ་ལ་རྟོག་པར་བང་མཉམ་པས་འགག་པ་དང་རང་ཡལ་བ་ལྟར་སྣང་བ་ལ་ཁྱད་མེད། – གཉིས་པོ་དེ་ད་ལྟ་རང་སོར་རིག་པའི་ངང་ན་སྣང་བ་ལྟར་སྣང་བའི་གྲོགས་སུ་སྣང་བ་ལ་ཁྱད་མེད། དང་པོ་གཞི་ལས་གཡོས་ནས་ཕྱིར་གསལ་བར་འཆར་བའམ་སྐྱེ་བར་སྣང་བར་ཁྱད་མེད་པའི་ཕྱིར་རོ། ། བཟང་རྟོག་གཉེན་པོའི་ཆ་དང་། ངན་རྟོག་སྤང་བྱའི་ཆ་གཉིས་ཀ་རང་གྲོལ་ཅོག་གཞག་ཆེན་པོས་རིག་པའི་ངང་དུ་རྒྱུ་འབྲས་ལ་ཟློས་པ་གཅེས་ཏེ། ལམ་གཉེན་པོའི་བཟང་རྟོག་ལྟ་སྒོམ་སྤྱོད་འབྲས་དང་། སྤང་བྱ་འཁྲུལ་བའི་ངན་རྟོག་ཐམས་ཅད་ལ་དང་པོའི་གཞི་རྩ་མེད་པས་བཙལ་ཡང་མཐའ་མེད། ད་ལྟ་མེད་ལ་སྣང་བས་བརྟགས་ན་མེད་ལ་མ་བརྟགས་ན་གྲངས་བསམ་བརྗོད་པོ་ལས་འདས། མཐར་འགྲོ་འོང་མེད་པས་ངོ་བོ་རྙེད་མཐའ་དང་བྲལ་ལ། རྒྱུ་འབྲས་མུ་མཐའ་མེད་པས་མཐའ་ལ་ཐུག་པ་མེད་པའི་ཕྱིར། ཅོག་གཞག་དང་རང་གཞག་ཆེན་པོ་མ་རྟོགས་པ་མཐའི་ཆོད་པ་དང་ཟིན་པའི་དུས་མེད་དེ། ཁྱུང་ཆེན་ལས། གཞི་མེད་ལམ་ཞེས་འབྲས་བུ་སུ་འདོད་པ། ། འདོད་ཕྱིར་ཐར་པའི་ལམ་ལ་འདི་ཡིས་སྒྲིབ། ། སྟོང་མུ་བསལ་དང་ཡོད་དང་མེད་པ་ཉིད། ། རྟག་ཆད་རྒྱུ་འབྲས་བཞི་སྟེ་བརྒྱད་རྣམས་ལ། ། མཐའ་མེད་ནམ་མཁའི་དབྱིངས་དང་མཚུངས་པ་ཉིད། ། མུ་མཐའ་འཚོལ་བར་འདོད་པ་གང་ཡིན་པ། ། བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ་སྟེ་རྙེད་པ་མིན། ། མི་རྙེད་དོན་དེ་ཉིད་ལ་སུས་ཀྱང་བཅོས་མི་སྲིད། ། ཤེས་བྱ་སྤྲོས་མེད་འདི་ལ་མཐའ་མ་མི་སྲིད་དོ། ། ཞེས་སོ། ། 10. ཐེག་པ་རྒྱལ་པོའི་གདུང་རབས་འཛིན་པ་དང་བློ་དམན་ལ་གསང་བའི་གནམ་གཟེར་ནི། སྣོད་ངན་ལ་བསྟན་ཉེས་ཆེ་མཆོག་ལ་གཏད། ། ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང་། སྐལ་ལྡན་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་ལ་གཏད་པ་ལ། སྐལ་མེད་ལ། ངོ་བོ། དབྱེ་བ།་གསོང་ཚུལ། ་་མ་གསོང་བའི་སྐྱོན། གསོང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ། ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང་། བློ་ཆུང་བས་སྐྲག་ཅིང་སྔངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང་། གསང་བ་སྣོད་མིན་དང་དུས་མེད་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། ། དེ་ལས་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསོང་བར་གདམས་ཏེ། ་ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་པ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་པས་ཤིན་ཏུ་ལྕི་བའི་ཕྱིར་རོ། ། 11. མན་ངག་ངེས་པའི་དོན་ཆོས་ཉིད་ཅོག་བཞག་ཆེན་པོར་བསྡུ་བའི་གནམ་གཟེར་ནི། རྐྱེན་སྣང་རང་གྲོལ་རིག་རྗེན་གནད་ལས་འབྱུང་། ། རྐྱེན་སྣང་རང་སར་གྲོལ་བ་རང་བབས་ཅོག་གཞག་རིག་པ་རྗེན་པའི་གནད་ལས་བྱུང་བ་སྟེ། ཐ་མལ་པ་འཆིང་བ་རྣལ་འབྱོར་པའི་གྲོལ་ལམ་དུ་ཤར་བ་ནི་འདིའི་ཁྱད་པར་གྱི་ཆོས་སུ་གཞི་ནས་ཤར་ཏེ། ཁྱུང་ཆེན་ལས། སྒྲིབ་བྲལ་ཅོག་གཞག་བསླད་པ་མེད་པའི་ལམ། ། མཐོང་མེད་མཚུངས་པ་མེད་ཅིང་ཡེ་ཤེས་ཀུན་གྱི་དངོས། ་། འཁྲུལ་བ་ཡུལ་ལ་གཟུང་བའི་ལྟོས་བྲལ་ཉིད། ། རང་བཞིན་ཡུལ་ལ་འགག་མེད་སྙིང་པོའི་རྗེས། ། སྟོང་ཡུལ་མ་དཔྱད་རང་སར་བཞག་སྟེ་གྲོལ། ། ཞེས་པ་དང་། གང་གིས་མ་བསླད་རང་རིག་གྲོལ་བའི་གནད། ། ལུས་དང་སེམས་དང་ཉོན་མོངས་རང་གི་ཆོས། ། མི་ཤེས་བྱིས་པ་རྣམས་ཀྱི་རྒྱུར་སྣང་ཡང་། ། རང་གཞག་མ་བཅོས་རྣལ་མའི་རང་རིག་པ། ། ཡེ་ནས་རང་གྲོལ་སུས་ཀྱང་བཤིག་པ་མེད། ། མ་བཀྲོལ་རིང་སར་གྲོལ་བས་འབད་ཅི་དགོས། ། ཡེ་ནས་རང་གྲོལ་གྲོལ་བའི་རྒྱུ་མེད་ཉིད། ། སྡིག་སྤྱོད་མི་དགེ་རྣམ་སྨིན་བདེ་བའི་གྲོགས་ཆེ་བས། ། རང་ཤུགས་མ་བཙལ་འདི་པ་མེད་པའི་གནད། ། འདི་ཉིད་རྟེན་བྲལ་དགེ་བས་སུ་ལ་ཕན། ། སངས་རྒྱས་མེད་ཅིང་སུ་ཡིས་བཅིངས་པའི་རྒྱུ།། ། འཁྲུལ་དང་མ་རིག་སེམས་ཅན་སུ་ལ་སྲིད་མིང་མེད། ། དེ་ཕྱིར་ཡེ་ནས་མ་གྲོལ་ཕྱིས་མེད་པའོ། ། ཞེས་སོ། ། 12. བདེ་སྡུག་རོ་མཉམ་དུ་བསྲེ་བའི་གནམ་གཟེར་ནི། ཡུལ་སེམས་བདེ་སྡུག་རོ་མཉམ་གཉིས་མེད་དག །ཆུ་གཅིག་ལས་ཤར་བའི་དབའ་རླབས་གཉིས་ལ་བླང་དོར་དུ་འཛིན་ན་མི་རིགས་པ་དང་། རིག་གཅིག་ལས་ཤར་བའི་ཤེས་པ་ལ་བདེ་བ་བླང་བྱར་འཛིན་པ་དང་། སྡུག་བསྔལ་དོར་བྱར་འཛིན་པ་མི་རིགས་ཏེ། ཆགས་སྣང་འཁོར་བའི་རྒྱུར་་མཚུངས་པའི་ཕྱིར་རོ། ། དབང་རྣམ་པར་ཕྱེ་བ་ལས། བདེ་སྡུག་ཐམས་ཅད་རིག་པའི་ཆོ་འཕྲུལ་ལ། ། སྤང་བླང་གཉིས་སུ་འཛིན་པ་ཡང་རེ་འཁྲུལ། ། ཞེས་པ་དང་། ཀུན་བྱེད་ལས། བདེ་བ་མ་ལེན་སྡུག་བསྔལ་སྤངས་ཞེས་སོ། ། རིག་པ་གཅིག་གི་རྩལ་ལས་ཤར་བའི་ཤེས་པ་བདེ་སྡུག་དང་། བཟང་ངན་དང་། རྟོགས་མི་རྟོགས་ལ་སོགས་པ་ཐམས་ཅད་ཆོས་ཉིད་ཀྱི་རིག་པས་མཉམ་པ་ཉིད་དུ་གནས་ཏེ། དེ་ཡང་ཡུལ་ལ་ཤར་ནས་དབང་ཤེས་རང་གསལ་དུ་མཉམ་པ་དང་། ཤར་བ་ཉིད་ཀྱིས་ཡལ་བར་སྐྱེས་པ་ཆུའི་རི་མོ་ལྟར་མཉམ་པོ་དང་། ཡུལ་ཕྱིར་འབྲངས་པས་ཡེངས་ལ་སེམས་འཆིང་བས་གསེར་ཐག་དང་གྲེས་ཐག་ལྟར་འཕྲལ་དུ་འཆིང་བར་མཉམ་པ་དང་། དོན་ལ་གཞི་མེད་རྩ་བ་དང་བྲལ་བས་ཐམས་ཅད་མ་གྲུབ་པར་ཕུགས་མཉམ་པ་དང་། རྗེས་མེད་རང་ཡལ་ལ་འགྲོ་བས་རང་གྲོལ་དུ་ངོ་བོ་མཉམ་པ་དང་། དོན་ལ་ཡོད་མ་མྱོང་བས་གཤིས་མཉམ་པ་དང་། འཆར་གཞི་རིག་པར་གཅིག་པས་རང་བྱུང་གི་ཡེ་ཤེས་སུ་རོལ་པར་མཉམ་པ་དང་། ཡུལ་དང་སེམས་གཉིས་མེད་པ་གསལ་སྣང་དུ་རིས་མཉམ་པས། ཡུལ་ཕྱིར་མ་གྲུབ། སེམས་ནང་དུ་མ་གྲུབ་སྟེ། ནམ་མཁའི་རང་བཞིན་དུ་རྟོགས་པ་ཀུན་ཏུ་བཟང་པོའི་གདུང་འཛིན་པས་སྐལ་བཟང་རིག་པ་འཛིན་པ་སྙིང་པོའི་ས་ལ་གནས་པ་ཞེས་བྱའོ། །དེ་ཡང་གནད་མཐོང་ནས་རང་རིག་བདེ་བའི་ཞིང་ལ་སྤྱོད་པའི་ཕྱིར་ཏེ། གསང་སྙིང་ལས། དེ་ལྟར་རིགས་མཆོག་འཛིན་པ་སྟེ། ། དམ་པ་མཆོག་དང་དམ་པ་ཡིས། ། སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །འཇིག་རྟེན་གཙོ་དང་་འཁོར་གྱིས་བཀུར། ། ས་རབ་རིག་པ་འཛིན་ལ་གནས། ། ཞེས་སོ། ། 13. ཀུན་མཉམ་ཡངས་པ་ཆེན་པོའི་གནམ་གཟེར་རང་བབས་ཆོས་ཉིད་དག་པར་གདབ་པ་ནི། ཆོས་ཀུན་མཉམ་པས་དག་མཉམ་ཆེན་པོར་གདལ། །ཕྱི་སྣང་བ་ནང་ཤེས་པ་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་མཉམ་མེད་པ་གསལ་བར་སྣང་བས་སྤང་གཉེན་འཆིང་བྱེད་མེད་པར་ཕྱམ་གདལ་ལོ། ། སྟོང་མཉམ་གཞི་ནས་དག་པས་ཡུལ་མེད་ནམ་མཁའ་ལྟ་བུར་ཕྱམ་གདལ་ལོ། ། ། བདེན་བརྫུན་སྒྲོ་་བཏོགས་རང་ཤར་དུ་མཉམ་པས་རིག་པ་མཐའ་གྲོལ་ཀློང་ཡངས་སུ་ཕྱམ་གདལ་ལོ། ། དེ་ལྟར་ཕྱམ་གདོལ་བའི་རིག་པ་ནི་ཐེག་པ་རྒྱལ་པོའི་ཆེ་བ་རང་ལ་གནས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཐེག་པ་ཀུན་གྱི་གོང་མར་གྱུར་པས་ཆེ། ། གནས་ལུགས་དོན་ལ་ཡང་པ་མེད་པས་ཆེ། ། ལྟ་བ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། ། དགོངས་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། ། སྤྱོད་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། ། འབྲས་བུ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། ། འགྱུར་མེད་ངང་དུ་འགག་མེད་གསལ་བས་ཆེ། །འཛིན་མེད་ངང་ལ་རྟོག་མེད་གསལ་བས་ཆེ། ། ཞེན་མེད་ངང་ལ་ཆགས་མེད་གསལ་བས་ཆེ། ། བརྗོད་མེད་ངང་ལ་བདེ་ཆེན་གསལ་བས་ཆེ། ། བྱང་ཆུབ་གསལ་བའི་སྙིང་པོ་ཡིན་པས་ཆེ།། ། བྱ་བཙལ་བྲལ་བའི་རིག་པ་ཡིན་པ་ཆེ། །བདེ་ཆེན་ས་མལ་མི་གཡོ་མཉམ་པས་ཆེ། འཛིན་པའི་ཡུལ་མིན་ཀུན་ལ་ཡོད་པས་ཚེ། ། ཚིག་དང་ཡི་གེས་གཏན་ལ་མི་ཕེབས་ཆེ། ། ཞེས་སོ། ། |
Tibetan Source | 《མདོ་རྒྱུད་མཛོད་ཛི་པ་》ཤ་362.5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |