10431
Tibetan | སྐྱེས་པའི་མཚན་རྟགས་བཅོ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་གཉིས་པ་རིག་པའི་གནས་ལས་ཟློས་གར་དང་། སྐྱེས་པ་བུད་མེད་བརྟགས་པའི་སྐོར་ལས་བྱུང་བ་སྟེ། །
1.རྐང་པའི་སོར་མོ་བརྟག་པ་ནི། ། རྐང་པའི་གོང་གི་སོར་མོའི་མཚན་རྣམས་ནི། ། སྐྱིད་དང་སྡུག་པ་ཐམས་ཅད་ ཤེས་པར་བྱེད། ། མཐེ་བོང་ཚེ་ན་སྡུག་བསྔལ་འཐོབ་པར་བྱེད། ། ཆུང་བ་སྐུམ་པ་ཡུལ་རྣམས་བསྐོར་ཞིང་སྡུག ། ལེབ་མོ་སྐམ་པ་སྐྱ་བོ་མི་བཟང་སྟེ། ། མཐེབ་མཛུབ་བར་དུ་ཁ་འདྲ་སྐམ་པ་ནི། ། ཉོན་མོངས་ཐམས་ཅད་སྐྱེ་བར་འགྱུར་པ་ཡིན། ། མཐེ་བོང་གྱེན་དུ་མཐོ་བ་ལེགས་པར་སྙོམས། ། སྣུམ་ཞིང་སྙོམས་པར་སྐྱེས་པ་བདེ་བའི་མཚན། ། སོར་མོ་སྣུམ་པ་སེན་མོ་ཟངས་གྱི་མདོག ། ཤིན་ཏུ་དམར་བ་ཁྲག་གི་མདོག་ཅན་ནི། ། རྒྱལ་པོར་འགྱུར་བའི་མཐེ་བོའི་མཚན་མ་ཡིན། ། རྐང་པའི་མཛུབ་མོ་སྦོམ་ཞིང་རིང་བ་ནི། ། བུད་མེད་ལོངས་སྤྱོད་ཀྱི་ནི་རྙེད་པ་ཐོབ། ། ཐོབ་པའི་བུད་མེད་མྱུར་དུ་འཆི་བར་བྱེད། ། ཡང་ན་བུ་སྐྱེས་འཆི་བར་འགྱུར་བ་ཡིན། ། མཛུབ་མོ་ཆུང་ན་ཀུན་དང་འཁོན་པར་བྱེད། ། གུང་མོ་མཐོ་ན་དོན་རྣམས་ཉམས་པར་བྱེད། ། ཆུང་ན་སྡུག་བསྔལ་ཤིན་ཏུ་འབྱུང་བར་འགྱུར། ། སྲིན་ལག་རིང་ན་རིག་པ་འཛིན་པར་བྱེད། ། ཐུང་ན་ཆུང་མ་འཆི་བར་འགྱུར་བ་ཡིན། ། མཐེའུ་ཆུང་རིང་ན་དོན་རྣམས་འགྲུབ་པར་བྱེད། ། ཆུང་ན་ཕ་རོལ་ནོར་རྣམས་འཕྲོག་པར་བྱེད། ། མཛུབ་མོ་མཐེ་ཆུང་ཤིན་ཏུ་སྦོམ་པ་ནི། །ཨ་མ་འཆི་བར་འགྱུར་བར་རྒྱ་མཚོས་བཤད། ། གུང་མོ་སྙོམས་ཤིང་ཟླུམ་པ་ལེགས་པ་ནི། ། བུ་སྐྱེས་ཆུང་ངུའི་ལོ་ལ་འཆི་བར་བྱེད། ། རྒྱ་མཚོས་བསྟན་པའི་མཚན་གཅིག་པའོ། ། 2.སོར་མོའི་སྦོམ་ཕྲ་དང་སེན་མོ་བརྟག་པ་ནི། ། སོར་མོ་མི་སྙོམས་སྦོམ་ཕྲར་གནས་པ་ནི། ། འབངས་པོའི་འབངས་ཀྱི་ལས་རྣམས་བྱེད་པར་འགྱུར། ། སོར་མོ་འཁྱོག་ཅིང་གང་གིས་དང་?། ། རྟག་ཏུ་སྡུག་བསྔལ་འབའ་ཞིག་སྤྱོད་པར་བྱེད། ། སོར་མོ་སྙོམས་པ་གཅིག་ཏུ་སྐྱེས་པ་འདྲ། ། ཟླུམ་ཞིང་འདྲིལ་བ་བྱིན་གྱིས་ཕྲ་བ་ནི། ། རྒྱལ་པོའི་མཚན་གྱིས་བརྒྱན་པའི་སོར་མོ་ཡིན། ། སེན་མོ་དཀར་བ་ཤ་དང་བཅས་པ་ནི། ། སྐྱེས་པ་སྡུག་བསྔལ་བཞིན་དུ་གནས་པར་བཤད། ། སེན་མོ་གས་པ་འདོད་པའི་ལོངས་སྤྱོད་མེད། ། སེན་མོ་འཁྱོག་པ་ཆག་པ་སྦོམ་པ་ལས། ། རྟག་ཏུ་སློང་མོ་བྱེད་པའི་དབུལ་པོར་བཤད། ། བ་བླ་ལྟ་བུ་སེན་མོ་སེར་པོ་ཡིས། ། བྲམ་ཟེ་བསོད་དམ་བཀུར་འོས་གསོད་པར་བཤད། ། སེན་མོ་དམར་བ་རྒྱལ་པོར་འགྱུར་བ་སྟེ། ། དེས་ནི་གཉེན་པོ་བྱས་པ་མི་བཟང་སྟེ། ། རང་གི་རིགས་རྣམས་སྨོད་པར་བྱེད་པ་ཡིན། ། སེན་མོ་དུང་གི་མདོག་གིས་རྒྱལ་པོར་འགྱུར། ། ཟངས་ཀྱི་མདོག་ཅན་རྒྱལ་པོའི་སེན་མོ་སྟེ། ། པད་མའི་མདོག་ཅན་ཀྱང་ནི་དེ་བཞིན་ནོ། ། སེན་མོ་ཁྲག་མདོག་མཆོག་གི་དབང་ཕྱུག་སྟེ། ། སྣུམ་པ་ལེགས་པ་ཟངས་མདོག་རྒྱལ་པོར་འགྱུར། ། རྒྱ་མཚོས་བསྟན་པ་ལས་མཚན་གཉིས་པའོ། ། 3.རྐང་མཐིལ་དང་བོལ་ཚིགས་བརྟག་པ་ནི། ། མཐེ་བོང་ནས་བཟུང་མཐིལ་གྱི་ཤ་རྒྱུད་ནི། ། སྙིམས་པ་མདོག་བཟང་རིང་བ་བདེ་བར་འཚོ། ། ཐུང་ངུ་མདོག་ངན་མཐོ་དམན་ལྡན་པ་ནི། ། བསམ་ངན་ཀུན་ལ་གནོད་ཅིང་བདེ་བ་མེད། ། རྐང་པ་ཕག་གི་ལྟ་བུ་ཡོད་པ་ལ། ། རྟག་ཏུ་གཞན་གྱིས་འཆིང་བར་འགྱུར་བ་ཡིན། ། མཉམ་སྙོམས་པས་ནི་བདེ་བ་ཐོབ་པར་བྱེད། ། བོལ་ཚིགས་མ་ཧེ་ལྟ་བུ་ཕག་བཞིན་ནོ། ། བོལ་ཚིགས་རྡོ་རྗེ་ལྟ་བུ་རྟག་ཏུ་སྡུག །བོལ་ཚིགས་རྟ་ཡི་ལྟ་བུ་དབང་ཕྱུག་ཐོབ། །རྒྱ་མཚོས་བསྟན་པ་ལས་མཚན་གསུམ་པའོ། ། 4.བྱིན་པའི་དབྱིབས་ལ་སོགས་པ་བརྟག་པ་ནི། བྱིན་པ་རི་དྭགས་ལྟ་བུས་རྒྱལ་པོར་གྱུར། ། ཅེ་སྤྱང་ལྟ་བུའི་བྱིན་པས་སྡུག་བསྔལ་འཐོབ། ། ། བྱིན་པ་སྦོམ་པོས་མཆོག་གི་དབང་ཕྱུག་ཐོབ། ། བྱིན་པ་སྦོམ་པོ་རིང་པོ་གང་གིས་ཀྱང་། ། རྟག་ཏུ་འགྲོ་བ་འབའ་ཞིག་འཐོབ་པར་བྱེད། ། བྱིན་པ་ཕག་པ་ལྟ་བུས་ལོངས་སྤྱོད་མེད། ། བྱིན་པ་ཕོ་རོག་ལྟ་བུས་སྡུག་བསྔལ་ཐོབ། ། བྱིན་པ་དོམ་མམ་སྤྲེའུ་ལྟ་བུས་འཆིང་། ། སེང་གེ་སྟག་གི་བྱིན་པ་འདྲ་བ་ལས། ། ཕ་རོལ་གྲགས་པ་ནོར་རྣམས་མང་པོར་ལྡན། ། བ་སྤུ་རེ་རེ་སྐྱེས་པ་རྒྱལ་པོར་འགྱུར། ། གཅིག་གཉིས་སྐྱེས་པ་ནོར་གྱི་བདག་པོར་འགྱུར། ། གསུམ་བཞི་ཡན་ཆད་གང་ཡང་རྙེད་པ་མེད། ། རྒྱུ་མཚོས་བསྟན་པ་ལས་མཚན་བཞི་པའོ། ། 5.འགྲོས་དང་དབུགས་བརྟག་པ་ནི། ངང་པ་ནེ་ཙོའི་གདངས་ཅན་རྒྱལ་པོར་འགྱུར། ། དེ་དག་འགྲོས་ཀྱིས་འགྲོ་བ་མཆོད་པར་འགྱུར། ། ཁྱུ་མཆོག་སེང་ངེ་གླང་གི་གདངས་དང་འགྲོས། ། ལོངས་སྤྱོད་མང་པོའི་བདག་པོ་བྱེད་པར་འདོད། ། སྣ་ཚོགས་བྱ་དང་དུད་འགྲོས་གདངས་དང་འགྲོས། ། དེ་དང་དེ་ཡི་ལོངས་སྤྱོད་ཐོབ་པར་བཤད། ། ཆུ་ནང་སེམས་ཅན་བཞིན་དུ་དབུགས་ཀྱི་བར། ། གནས་པ་མི་ཡི་འཇིགས་དང་སྡུག་བསྔལ་འཐོབ། ། ཁྱི་དང་ཕག་དང་མ་ཧེ་ལྟ་བུའི་དབུགས། ། འགྲོས་ཅན་དེ་འདྲ་སྡུག་བསྔལ་དོན་མི་ཐོབ། ། རྒྱ་མཚོས་བསྟན་པ་ལས་མཚན་ལྔ་པའོ། ། 6.བརླ་ཤའི་སྲབ་མཐུག་ལ་སོགས་པ་བརྟག་པ་ནི། ། བརླ་ཕྲའི་སྐྱེས་པ་དེ་ནི་བུ་དང་བྲལ། ། བརླ་སུལ་མཛེས་པ་སྦོམ་པོ་ལོ་བརྒྱ་འཚོ། ། ནན་ཏུར་སྦོམ་ན་སྡུག་བསྔལ་མང་པོ་ཐོབ། ། ཤ་རྒྱས་སྙོམས་པ་མི་ཡི་དབང་ཕྱུག་ཡིན། ། སྦོམ་པོ་རིང་བ་གཞན་གྱིས་འཆིང་བ་ཐོབ། ། སྲབ་མོ་ཕུག་དང་འདྲ་བ་སྡུག་བསྔལ་འཛིན། ། ཤ་སྐམ་བརླ་ནི་སྲབ་ཅིང་རྒྱུས་འདྲུལ་བྱེད། །སྦོམ་ཕྲ་མེད་པར་མཛེས་ཤིང་སྙོམས་པ་ནི། ། ཡོན་ཏན་མང་པོ་འཛིན་པར་བྱེད་པ་ཡིན།། བརླ་སྒང་ལེབ་པ་བུད་མེད་རྙེད་པ་ཐོབ། ། བརླ་སྟོད་ཕྲ་བ་བརླ་སྨད་སྦོམ་པ་ནི། ། རྟག་ཏུ་རྒྱུ་འགྲུལ་བྱེད་པར་འགྱུར་བ་ཡིན། ། རྒྱ་མཚོས་བསྟན་པ་ལས་མཚན་དྲུག་པའོ། ། 7.ཕོ་རྟགས་ཀྱི་མཚན་ཉིད་བརྟག་པ་ནི། ། སོར་མོའི་རི་མོ་གཡས་སུ་འཁྱིལ་བ་ནི། ། བུ་ཐོབ་གཡོན་པར་འཁྱིལ་པ་བུ་མོ་འབྱུང་། ། སོར་མོ་མི་སྙོམས་སྦོམ་ཕྲ་རྩ་དང་བཅས། ། དེ་འདྲ་གང་ལ་ཡོད་པ་སྡུག་བསྔལ་འཐོབ། ། སྙོམས་པ་རིང་བ་རྩ་མེད་ཤ་དང་བཅས། ། གང་ལ་ཡོད་པ་དེ་ནི་བདེ་བར་འཚོ། ། རྐང་པ་འཕོངས་ཚོས་མཉམ་པོར་འདུག་པ་ལ། ། རྟགས་ཀྱིས་ས་ལ་རེག་པ་སྡུག་བསྔལ་འགྱུར། ། དཔང་པོའི་ཚིགས་ལ་སླེབས་པས་དབང་ཕྱུག་འཐོབ། ། སེང་གེ་སྟག་གི་དབང་པོ་འདྲ་བ་ཡིས། ། ལོངས་སྤྱོད་དབང་པོའི་བདག་པོ་བྱེད་པར་འགྱུར། ། རྟ་ཡི་དབང་པོ་ལྟ་བུའང་དེ་བཞིན་ནོ། ། དབང་པོའི་ནང་དུ་པདྨའི་རི་མོ་འདྲ། ། གང་ལ་ཡོད་པ་དེ་ནི་རྒྱལ་པོར་འགྱུར། ། གསེར་དངུལ་མུ་ཏིག་རྡོ་ཡི་སྙིང་པོ་དང་། ། དམར་བ་སྣུམ་པ་ནོར་བུ་རིན་ཆེན་འདྲ། ། གང་ལ་ཡོད་པ་དེ་ནི་རྒྱལ་པོའི་མཚན། ། ལྗང་དང་སྔོ་ནག་དངུལ་དང་བཅས་པ་དང་། ། རི་མོ་སྔོ་སྐྱ་གས་པ་གང་ཀོང་ཅན། ། གང་ལ་ཡོད་པ་སྡུག་བསྔལ་མང་པོ་ཐོབ། ། བརླ་ཡི་རི་མོ་ལྟ་བུ་རྒྱལ་པོར་འགྱུར། ། མདོག་ངན་རྡུལ་དང་བཅས་པ་རི་མོ་ཅན། ། དེ་འདྲ་གང་ལ་ཡོད་པ་རྙེད་པ་མེད། ། ཡང་ན་དེ་འདྲའི་མཚན་མ་མ་ནིང་འགྱུར། ། མཆོག་ཏུ་འདོད་པ་ཆེ་བ་བུ་མོ་སྐྱེ། ། ཨུཏྤལ་སྔོན་པོ་པད་རྒྱུས་འདྲ་བ་སྙོམས། ། བཟང་པོའི་མཚན་མ་ཡིན་པར་རྒྱ་མཚོས་གསུངས། ། དྲི་ཆུ་རིང་པོར་འགྲོ་བ་བདེ་བར་བཤད། །དྲི་ཆུ་གཉིས་གསུམ་བཞི་ལྔ་ངན་པར་བཤད། ། ནན་ལྟར་མང་པོར་འགྲོ་བ་བདེ་བར་འཚོ། ། དྲི་ཆུ་སྒྲ་དང་བཅས་པ་བདེ་བར་འཚོ། ། དྲི་ཆུ་སྒྲ་མེད་སྡུག་བསྔལ་འབྱུང་བར་བཤད། ། འབབ་ཚེ་གཡས་སུ་འཁོར་བ་བཟང་པོ་བཤད། །ཕྱི་ནས་བུ་དང་ལྡན་པར་འགྱུར་བ་ཡིན། ། གཡོན་དུ་འཁོར་ན་བུ་མོ་བཟང་མོ་སྐྱེ། ། རལ་གྲི་སྔོན་པོ་ལྟ་བུ་སྡུག་ཅིང་གསོན། ། སྐྱ་བ་སྐྱིད་མེད་སྡུག་བསྔལ་མང་པོ་འཐོབ། ། རྟགས་ལ་རེག་ཚེ་ཤིང་ལྟར་གྱོང་བ་ཡིས། ། རང་གི་རིགས་རྣམས་བརླག་པར་བྱེད་པ་ཡིན། ། སྙོམས་པ་ཟླུམ་པ་འཇམ་པ་ཆུ་བ་འཛིན། ། གང་ལ་དེ་འདྲའི་རྟགས་ཅན་བདེ་བར་འཚོ། ། སོར་གསུམ་སོར་ལྔ་ལྡན་པའི་དབང་པོ་ནི། ། གང་ལ་ཡོད་པ་ས་ཡི་བདག་པོར་བཤད། ། རྒྱ་མཚོས་བསྟན་པ་ལས་མཚན་བདུན་པའོ། ། 8.ལྟེ་བ་དང་གསུས་པའི་མཚན་ཉིད་བརྟག་པ་ནི། ། ལྟེ་བ་ཡངས་པ་ཟབ་པ་ནང་དུ་ཟླུམ། །དེ་འདྲ་གང་ལ་ཡོད་པ་བདེ་བར་འཚོ། ། ནང་དུ་ཟླུམ་པ་མེད་ན་སྡུག་ཅིང་གསོན། ། ཚང་ར་ཤ་དང་བཅས་པ་བདེ་བར་འཚོ། ། ཤ་སྐམ་སྔོ་དང་བཅས་པ་སྡུག་བསྔལ་འཛིན། ། ཤ་སྐམ་རྟིང་སོང་རྐུབ་ཚོས་སྤུ་དང་བྲལ། ། རྟག་ཏུ་དེ་ལ་སྡུག་བསྔལ་མང་པོ་འབྱུང་། ། སྟག་དང་སེང་གེ་ལྟ་བུའི་འཕོངས་ཚོས་བཅས། ། རྟག་ཏུ་བདེ་ཆེན་བདག་པོ་བྱེད་པར་འགྱུར། ། དོམ་དང་སྤྲེའུ་ལྟ་བུ་བདེ་བ་མེད། ། ཤ་སྐམ་ཁྱི་ཡི་ལྟ་བུའང་དེ་བཞིན་ནོ། ། གསུས་པ་རི་དྭགས་ལྟ་བུ་བདེ་བའི་མཚན། ། གསུས་པ་རྨ་བྱ་ལྟ་བུའང་དེ་བཞིན་ནོ། ། སྟག་དང་སེང་གེ་ལྟ་བུ་རྒྱལ་པོར་འགྱུར། །གསུས་པ་ཆུང་པ་མི་ཡི་བདག་པོར་འགྱུར། ། གསུས་པ་ཤིན་ཏུ་ཆེ་བ་བདེ་བའི་མཚན། ། གསུས་པ་སྦེ་ག་ཟླུམ་པོ་ལྟ་བུ་ནི། ། དེ་ནི་ས་ཡི་བདག་པོ་བྱེད་པར་འགྱུར། ། ལྟེ་བ་ཟབ་པ་ཟླུམ་པོ་སྐྱེས་བུ་མཆོག ། ཟླུམ་པོ་ཕྱི་རུ་འཐོན་ན་ངན་པར་བཤད། ། ལྟེ་བ་གཡས་སུ་འཁྱིལ་བས་དོན་རྣམས་འགྲུབ། །གཡོན་དུ་འཁྱིལ་བས་དོན་རྣམས་སྟོང་པར་བྱེད ། སྤུ་གཉིས་སྙོམས་ཤིང་ཟབ་པ་བདེ་བའི་མཚན། ། སྤུ་གཉིས་མི་མངོན་གསུས་པ་སྙོམས་པ་ལས། །བུད་མེད་ལོངས་སྤྱོད་ཐོབ་པ་བདེ་བའི་མཚན། ། སྤུ་གཉིས་རི་བོང་ལྟ་བུའང་སྐྱིད་པའི་མཚན། ། གསུས་པ་ནས་འདྲ་རྩ་ཡིས་གང་བ་ལས། ། མཚན་ངན་སྡུག་བསྔལ་མང་པོ་འཐོབ་པར་བྱེད། ། གསུས་པ་ཟླ་གམ་སྦྲུལ་འདྲ་གྲོད་པ་ཆེ། ། སྦྲུལ་དང་ཉ་འདྲ་རང་གི་དཀའ་ཐུབ་ཉམས། ། ཁྱི་དང་ཅེ་སྤྱང་ལྟ་བུ་ལྟོགས་ཤིང་སྐོམས། ། ཚེ་རིང་ལོ་བརྒྱ་འཚོ་ཡང་སྡུག་ཅིང་གསོན། ། རྒྱ་མཚོས་བསྟན་པ་ལས་མཚན་བརྒྱད་པའོ། ། 9.ནུ་མ་བྲང་རྒྱབ་ལ་སོགས་པ་བརྟག་པ་ནི། ། ནུ་མ་མཐོ་བ་སྣུམ་ཞིང་སྙོམས་པ་ལས། ། བདེ་ཞིང་བཟང་པོའི་མཚན་གྱིས་བརྒྱན་པ་ཡིན། ། བྲང་ཞིང་སྙོམས་པ་ཟབ་པ་བདེ་བར་འཚོ། ། ཚེ་རིང་ལོ་བརྒྱ་འཚོ་ཞིང་ལོངས་སྤྱོད་། ཆེ། ། ཤ་རྒྱས་ཆེ་ཞིང་ཟླུམ་པ་རྒྱལ་པོར་འགྱུར། ། གདོང་པ་ཤ་མེད་མི་དེ་སྡུག་བསྔལ་འགྱུར། ། དབང་ཕྱུག་སྟག་དང་སེང་གེ་འདྲ་བས་ཐོབ། ། སྡེ་ཡི་བདག་དང་དཔོན་པོ་ཐོབ་པར་འགྱུར། སེང་གེའི་རྒྱབ་ཅན་འདུད་ཅིང་ཀུན་གྱིས་མཆོད། ། རྟ་ཡི་རྒྱབ་ཅན་སྐྱིད་སྡུག་ཕྱེད་མར་སྤྱོད། ། ཤིན་ཏུ་རྒྱབ་གཞུང་རིང་བ་གཉེན་དང་བཅས། ། རྟག་ཏུ་བདེ་བར་སྐྱོང་ཞིང་རང་དོན་མེད། །རྒྱུ་མཚོས་བསྟན་པ་ལས་མཚན་དགུ་པའོ། ། 10.སྙིང་གའི་སྤུ་སོགས་བརྟག་པ་ནི། ། སྙིང་གར་སྤུ་དང་བཅས་པ་བདེ་བར་འཚོ། ། སྤུ་དང་བྲལ་ཡང་བདེ་བར་འཚོ་བར་བྱེད། ། སྤུ་སྙོམས་ཅུང་ཟད་སྐྱེས་པ་མཁས་པར་འགྱུར། ། སྤུ་གཅིག་སྐྱེས་པ་ཕྱུག་པོར་འགྱུར་བར་བཤད། ། གཉིས་དང་གསུམ་དུ་སྐྱེས་པ་མཁས་པར་འགྱུར། ། སྤུ་གཅིག་སྐྱེས་པ་ཕྱུག་པོར་འགྱུར་བར་བཤད། ། གཉིས་དང་གསུམ་དུ་སྐྱེས་པ་ངན་པར་བཤད། ། སེར་སྐྱ་སྔོ་ནག་སྤྲིན་གྱི་མདོག་ཅན་དང་། ། ལྡོང་རོས་ཟླ་བའི་ཁ་དོག་པདྨ་དང་། ། འདྲ་བ་དེ་ལོ་རྒྱལ་པོའི་མཚན་མར་འདོད། ། སེར་སྐྱ་ཉི་མ་འཆར་བའི་ཁ་དོག་ཅན། ། ས་སྐྱོང་རྒྱལ་པོ་བྱེད་པར་འགྱུར་བ་ཡིན། ། རྒྱུ་མཚོས་བསྟན་པ་ལས་མཚན་བཅུ་པའོ། ། 11. ལུས་ལག་པའི་རི་མོ་ཅི་ཡོད་པ་བརྟག་པ་ནི། ། གླང་ཆེན་ལྟ་བུར་ལུས་པོ་ཤིན་ཏུ་རྒྱས། ། བདེ་བར་སོན་པ་བཟང་པོའི་མཚན་མ་ཅན། ། ཐད་ཀར་ལངས་པ་ལག་པས་པུས་མོ་སླེབ། ། ཡོན་ཏན་ཀུན་གྱིས་བརྒྱན་པའི་ལག་པ་ཡིན། ། ལག་པ་སྙོམས་ལ་མཐུག་པ་སེན་མོ་རིང་། །དམར་ལ་ཟླུམ་པ་ཤ་དང་བཅས་པ་ནི། ། འཇམ་པ་ནང་དུ་ཆུ་བླུགས་འཛིན་པར་བྱེད། ། དེ་འདྲ་གང་ལ་ཡོད་པ་རྒྱལ་པོར་འགྱུར། ། ལག་པ་ཤ་མེད་རྩེ་དང་རྡུལ་གྱིས་གང་། ། སེར་སྐྱ་སེན་མོ་སེར་བ་སྡུག་བསྔལ་འཛིན། ། མཛུབ་མོའི་དཀྱིལ་ལམ་གྱེན་དུ་ལངས་པ་ཡི། ། རི་མོ་གང་ལ་ཡོད་པ་བུ་གསུམ་འགྱུར། ། གང་དུ་སྲང་གི་རི་མོ་ཡོད་གྱུར་པ། ། ལག་པའི་རྙིང་བར་ཉའམ་རྔ་མ་འདྲ། ། གང་ལ་ཡོད་བ་སྒྲུབ་པའི་འབྲས་བུ་ཐོབ། ། དེ་ནི་བུ་མང་བདག་པོ་བྱེད་པར་བཤད། ། མཐེ་ཆུང་སྲིན་ལག་རྩ་བའི་ཚིགས་གསུམ་གྱི། ། འོག་མའི་དཀྱིལ་དུ་རི་མོ་སྙོམས་པ་གསུམ། ། ནན་ཏར་གསལ་བ་ཡོད་ན་ལོ་བརྒྱར་འཚོ། ། ལག་པ་གུར་འཆང་ལྟ་བུ་མདོག་ཅན་ནི། ། གསེར་དང་ནོར་མང་བདག་པོ་བྱེད་པ་ཡིན། ། གཞན་ཡང་རིག་པ་འཛིན་པར་བྱེད་པ་ཡིན། ། ལག་པའི་དཀྱིལ་ལམ་ཡང་ན་གནས་གཞན་དུ། ། ཧོམ་གཟར་ལྟ་བུ་གང་ལ་ཡོད་པ་དེ། ། ཀུན་གྱིས་བཀུར་རམ་མཆོད་སྦྱིན་བདག་པོར་བཤད། ། ལག་པའི་རི་མོ་མང་པོ་ཡོད་གྱུར་ན། ། བྲམ་ཟེར་གྱུར་ན་རིག་བྱེད་བཞི་ལ་མཁས། ། དབྱུག་པ་གདུགས་དང་ཆུ་བུམ་ལྟ་བུ་ཡི། ། རི་མོ་གང་ལ་ཡོད་པ་བྲམ་ཟེའི་རིགས། དེ་ཡི་རྐང་ལ་རྒྱལ་པོའི་མགོ་བོས་འདུད། ། རྡོ་རྗེ་རྩེ་གསུམ་ཤནྟི་འདྲ་བ་དང་། ། དགྲ་སྟའི་རི་མོ་རལ་གྲི་འདྲ་བའི་གཟུགས། ། ། དེ་རྣམས་ཡོད་པ་དེ་ནི་རྒྱལ་པོར་འགྱུར། ། དུང་དང་གདུགས་དང་ལྕགས་ཀྱུ་མཚན་ལྡན་དང་། ། གང་ལ་ཡོད་པ་མི་ཡི་རྒྱལ་པོར་འགྱུར། ། རི་མོ་དོད་སྙོམས་སྣུམ་པ་འཁོར་ལོ་འདྲ། ། གང་ལ་ཡོད་པ་དེ་ཡང་རྒྱལ་པོར་འགྱུར། ། རི་མོ་ཆད་པ་རྡུལ་ཅན་ཉུང་དུ་གསོན། ། སོར་མོ་རི་དང་ཤིང་སྡོང་ལྟ་བུ་དང་། ། སེན་མོ་རིང་པོ་ཟླུམ་པོ་སྙོམ་པ་ནི། ། དུད་འགྲོ་མང་པོའི་བདག་པོ་བྱེད་པར་འགྱུར། ། རི་མོ་གདུགས་དང་རྒྱལ་མཚན་འཁོར་ལོ་དག ། གང་ལ་ཡོད་པ་རྒྱལ་པོ་ངེས་པར་ཐོབ། ། འགྲོའམ་འདུག་དང་ངེས་པར་བདེ་བོར་སོན། ། རྒྱ་མཚོས་བསྟན་པ་ལས་མཚན་བཅུ་གཅིག་པའོ། ། 12.མགྲིན་པ་གདོང་མཆུ་སོ་ལྕེ་བརྟག་པ་ནི། ། ལག་པ་མཐོ་བ་ཟླུམ་པོ་ཤ་དང་བཅས། ། དེ་ནི་སྡེ་ཆེན་བདག་པོ་བྱེད་པར་འགྱུར། ། མགྲིན་པ་རིང་བ་རྔ་མོང་ལྟ་བུ་ནི། ། ཕ་རོལ་ནོར་ལ་རློམ་སེམས་བྱེད་པར་འགྱུར། ། མགྲིན་པ་སྣུམ་པ་ཀི་ར་ལྟ་བུ་དང་། ། གླང་ཆེན་ལྟ་བུ་ཡོད་ན་རྒྱལ་པོ་འགྱུར། ། བཟའ་བཏུང་ལོངས་སྤྱོད་མང་པོ་འཐོབ་པར་བྱེད། ། གདོང་པ་ཟླུམ་པོ་ཆོས་དང་ཚུལ་ཁྲིམས་ལྡན། ། གདོང་པ་ཤ་དང་བྲལ་བ་ཞ་གྱོག་ཅན། ། ཕ་རོལ་དོན་རྣམས་མང་པོ་སྨྲ་བར་བྱེད། ། མང་པོ་སྨྲ་བ་དེ་ནི་རྐུན་མར་བཤད། ། དོན་རྣམས་རྫོགས་པར་སྨྲ་བ་རྒྱལ་པོར་འགྱུར། ། ར་དང་སྤྲེའུའི་སྐད་དང་གདོང་པ་ནི། ། ཕ་རོལ་གྲགས་པ་ནོར་རྣམས་མང་པོར་འགྱུར། ། འགྲམ་མགོ་པདྨའི་འདབ་མ་ལྟ་བུ་ལ། ། དེ་ཡི་མགྲིན་པ་ལོངས་སྤྱོད་མང་པོར་ལྡན། ། ཡ་མཆུ་དམར་བ་སྲབ་པ་མི་ཡི་བདག ། ཡ་མཆུ་མཐུག་པར་གྱུར་པ་རྨོངས་པར་འགྱུར། ། ནན་ཏར་སྐམས་ན་སྡུག་བསྔལ་མང་པོ་ཅན། ། བིམ་པའི་མཆུ་ཅན་བཟའ་བཏུང་མང་བར་བཤད། ། སོ་རྣམས་ཀུ་མུ་ཏ་ལྟར་དཀར་བ་ནི། ། མཆོག་ཏུ་བཟང་པོ་མི་ཡི་རྒྱལ་པོར་འགྱུར། ། གླང་ཆེན་བོང་བུའི་སོ་ཅན་སྣུམ་པོ་རྣམས། ། བདེ་བར་འཚོ་ཞིང་བཟང་པོའི་མཚན་མ་མིན། ། དོམ་དང་སྤྲེའུ་ལྟ་བུ་ལྟོགས་པར་འགྱུར། ། རྡོ་བ་ལྟ་བུ་གདོང་ཅན་འཁྱོག་པ་ནི། །སྡུག་བསྔལ་ཐོབ་པ་སོ་ཡི་མཚན་མ་ཡིན། ། གཡས་པའི་སོ་གཉིས་སྦོམ་པ་དཔོན་པོར་འགྱུར། ། སྟོབས་དང་ལོངས་སྤྱོད་མང་པོ་ལྡན་པ་ཡིན། ། གཡོན་པའི་སོ་གཉིས་སྦོམ་པ་ཕ་མ་འཆི། ། སོ་བཞི་འཁྱོག་པ་སྡུག་ཅིང་ཕ་མ་འཆི། ། དཀར་པོ་རྣོ་བ་ལེགས་པ་ས་ཡི་བདག ། རིང་ཞིང་རྣོ་བ་མཁས་པའི་མཚན་མ་ཡིན། ། སུམ་ཅུ་རྩ་གཉིས་སོ་ཅན་རྒྱལ་པོར་འགྱུར། ། ལོངས་སྤྱོད་དག་དང་ལྡན་པར་འགྱུར་བ་ཡིན། ། སུམ་ཅུ་ཡོད་ན་བདེ་བར་འཚོ་བར་འགྱུར། ། སུམ་ཅུ་སོ་དགུ་སོ་ཅན་སྡུག་ཅིང་གསོན། ། ཉི་ཤུ་རྩ་བཞི་པ་ནི་བདེ་བར་འཚོ། ། དེས་ནི་འདོད་པའི་ལོངས་སྤྱོད་མང་པོ་རྙེད། །ཡ་སོ་མ་སོ་མཉམ་པ་ནོར་གྱི་བདག ། དམར་སྨུག་ལྕེ་ཅན་སྡིག་པ་བྱེད་པ་ཡིན། ། མཐུག་པ་རྡུལ་ཅན་ལྕེ་ནི་མི་བཟང་སྟེ། ། དཀར་པོ་ལྕེ་ཅན་སྤྱོད་པ་གཙང་བ་ཡིན། ། པད་མའི་འདབ་མ་ལྟ་བུ་རིང་བ་ནི། ། ཤིན་ཏུ་སྲབ་པ་མ་ཡིན་མཐུག་པ་མིན། ། རྒྱལ་པོར་འགྱུར་བའི་ལྕེ་ཡི་མཚན་མ་ཡིན། ། སྣུམ་དང་དམར་བ་རིག་པ་འཛིན་པར་བྱེད། ། དམར་སྨུག་དཀར་ཅན་རིགས་རྣམས་ཉམས་པར་བྱེད། ། དེས་ནི་ནོར་མེད་སྡུག་བསྔལ་མང་པོ་འཐོབ། ། སེར་ནག་དམར་སྨུག་ཅན་གང་བཟང་པོ་མིན། ། སེང་གེ་གླང་ཆེན་ལྟ་བུ་མི་ཡི་བདག ། ངང་པ་འབྲུག་གི་གདངས་ཅན་ནོར་དང་ལྡན། ། གླང་ངམ་བོང་བུའི་སྐད་ཅན་སྡུག་བསྔལ་ཆེ། ། རྟ་དང་བོང་བུ་བྱ་རོག་སྐད་ཅན་སྡུག ། ཚིག་གཏམ་ཟེར་བ་སྡིག་ཅན་ཡིན་པར་བཤད། །ཉུང་ངུ་སྨྲ་ཞིང་བདེན་པ་རྒྱལ་པོར་འགྱུར། ། རྒྱ་མཚོས་བསྟན་པ་ལས་མཚན་བཅུ་གཉིས་པའོ། ། 13.རྣ་བ་མཆུ་སྣ་བརྟག་པ་ནི། ། གླང་ཆེན་རྟ་ཡི་རྣ་ཅན་རྣོ་བ་ནི། ། འཇིག་རྟེན་འདྲེན་པ་བྱེད་པར་འགྱུར་བ་ཡིན། ། ནེ་ཙོའི་མཆུ་ཅན་དེ་ཡང་དེ་བཞིན་ནོ། ། ཤིན་ཏུ་རྣ་གོང་མཐོ་བ་ལོངས་སྤྱོད་ལྡན། ། སྣ་ཆུས་ཆོས་པ་ཚུལ་ ཁྲིམས་གཙང་མ་བསྲུང་། ། སྣ་གོང་འཁྱོག་པ་སྡིག་པ་བྱེད་པ་ཅན། ། སྣ་རྩེ་སྦོམ་པ་མཐུག་པའང་སྡིག་པ་བྱེད། ། སྣ་རྩེ་སྦོམ་པ་སྣ་གོང་རེབ་པ་ནི། ། དེ་ཡང་སྡུག་བསྔལ་མང་པོ་འབབ་པར་བྱེད། ། རྒྱ་མཚོས་བསྟན་པ་ལས་མཚན་བཅུ་གསུམ་པའོ། ། 14.མིག་གི་དབྱིབས་དང་མདོག་བརྟག་པ་ནི། ། མེ་ཏོག་དམར་པོ་ལྟ་བའི་མིག་ཅན་ནི། ། ལོངས་སྤྱོད་བདག་པོ་སྡེ་ཡི་འདྲེན་པ་བྱེད། ། གྲུ་གསུམ་མིག་ཅན་འཇིགས་པ་ཟླུམ་པ་དང་། ། ཕྱི་ལ་ངང་པ་ལྟ་བའང་དཔོན་པོར་འགྱུར། ། ཁྲག་ལྟར་དམར་བ་ནད་དང་བཅས་ཤིང་སྡུག ། མཆོག་ཏུ་མིག་འབོར་མཐོ་བ་སྡུག་པར་བཤད། ། མ་ཧེ་ལུག་དང་ར་འདྲ་འཁྲུལ་པ་རེམ། ། གཡོ་བ་མིག་ཅན་ཀུན་ཏུ་ལྟ་བ་ནི། ། ཕ་རོལ་བུད་མེད་ལ་ནི་བསམ་པ་ཅན། ། མིག་གཉིས་ནང་དུ་སོང་བ་རིང་པོར་གསོན། ། ཟླུམ་པའི་མིག་ཅན་ཉུང་དུ་གསོན་པར་བཤད། ། རི་དྭགས་རྨ་བྱ་ཅེ་སྤྱང་བ་ལང་དང་། ། གླང་ཆེན་ལྟ་བུས་ལོངས་སྤྱོད་ཐོབ་པར་བྱེད། ། མཆོག་ཏུ་ཆུང་བ་སྐེམ་པོ་ཡོ་བ་ནི། ། ཆུ་ཡིས་གང་བ་ཟག་པ་མཆི་མ་ཅན། ། ནོར་མེད་སྡུག་བསྔལ་ཅན་གྱི་མིག་ཏུ་བཤད། ། རྒྱལ་མོ་ཤིན་ཏུ་གནག་པ་བདེ་བར་འཚོ། ། རྒྱལ་མོ་དཀར་བ་འཆི་བ་འཐོབ་པར་བྱེད། ། རྒྱལ་མོ་དམར་བ་ནོར་གྱི་བདག་པོར་བཤད། ། མིག་ཀོང་ལེགས་པ་དབང་ཕྱུག་ཐོབ་པར་བྱེད། ། མིག་རྩ་དམར་བ་ལོངས་སྤྱོད་ཐོབ་པར་བྱེད། ། དམར་དང་དཀར་བའི་རི་མོ་དོད་པ་ལ། ། དེ་ནི་མཁས་ཤིང་བློ་གྲོས་བཟང་པོ་ཡིན། ། མིག་ནས་མཆི་མ་འཛག་པས་འཁོན་ཞིང་སྡུག །འགྲོ་ཚེ་ལམ་ལ་ལྟ་བ་མཁས་པའི་མཆོག ། ཀུན་ཏུ་ལྟ་བ་བ་ལང་ལྟ་བུ་ངན། ། རྒྱ་མཚོས་བསྟན་པ་ལས་མཚན་བཅུ་བཞི་པའོ། ། 15.སྐུ་མདོག་མིག་དཔྲལ་བ་མགོ་བརྟག་པ་ནི། ། པདྨ་སྐྲ་ཅན་དམར་བ་ལེགས་པ་དང་། ། མེ་ལྟར་འོད་ཟེར་འབར་བ་མདངས་དང་བཅས། ། དེ་འདྲའི་མདངས་ཅན་འཁོར་ལོས་སྒྱུར་བར་བཤད། ། གསེར་གྱི་མདོག་ཅན་དབང་ཕྱུག་ཐོབ་པར་བྱེད། ། ཕུག་རོན་ཕོ་རོག་ར་དང་ཁུ་བྱུག་དང་། ། དབང་ཕྱུག་ལོངས་སྤྱོད་མང་པོ་འཐོབ་པར་བྱེད། ། བྱི་ལ་འུག་པའི་མདོངས་ཅན་དཔལ་ཐོབ་ཅིང་། ། ཉི་མ་གླང་གི་གཟུགས་ཅན་རྒྱལ་པོར་བཤད། ། ཀ་ལ་པིང་ཀའི་སེར་སྐྱའི་མིག་ཅན་ནི། ། འཁོར་ལོས་སྒྱུར་པའི་རྒྱལ་པོ་བྱེད་པར་འགྱུར། ། རིན་ཆེན་མུ་ཏིག་མིག་ཅན་མཁས་པར་འགྱུར། ། མིག་གཉིས་འབྱེད་འཛུམ་མང་བ་ཉུང་དུ་གསོན། ། འབྱེད་འཛུམ་ཉུང་བ་རིང་དུ་གསོན་པར་བྱེད། ། བསྟུད་ནས་འབྱེད་འཛུམ་མང་བ་ཀུན་ངན་ཞིང་། ། ལན་གཉིས་འཛུམ་པ་གཡོན་དུ་འགྱུར་བ་ཡིན། ། གསུམ་དུ་འཛུམ་པ་བདེ་བར་བྱེད་པ་ཡིན། ། ལན་བཞི་འཛུམ་པ་ལྟོགས་པར་གནས་པ་ཡིན། །དེ་ནི་ཚེ་ཐུང་སྡུག་ཅིང་བཀྲེན་པར་བཤད། ། དཔྲལ་བ་སྐམ་པ་རྡུལ་དང་བཅས་པས་སྡུག ། གཉེར་མ་ལྔ་པ་ལོ་བརྒྱ་འཚོ་བར་བཤད། ། གཉེར་མ་བཞི་པ་དགུ་བཅུར་གསོན་པར་བཤད། ། གཉེར་མ་གཉིས་པ་དགུ་བཅུ་གསོན་པར་བཤད། ། གཉེར་མ་མེད་པའི་མི་རྣམས་ཚེ་ཐུང་ཞིང་། ། གཉེར་མ་ཐུང་ངུ་གཅིག་པ་ནད་མང་ཞིང་། ། གཉེར་མ་ཉི་ཤུ་རྩ་ལྔ་སྡུག་བསྔལ་མང་། ། དེ་པྲལ་བར་རྩ་གསུམ་ཡོད་པ་དབང་ཕྱུག་ཐོབ། ། གཉེན་འདུན་མང་པོའི་འཁོར་དང་ལྡན་པར་འགྱུར། ། མེ་ཏོག་པདྨ་ལྟ་བུའི་དཔྲལ་བ་ཅན། ། ཆོས་དང་ཚུལ་ཁྲིམས་འཛིན་པར་བྱེད་པ་ཡིན། །རྡོ་རྗེ་རྒྱལ་མཚན་འཁོར་ལོ་ཟླ་བ་དང་། ། དེ་འདྲ་གང་ཡོད་ས་ཡི་བདག་པོར་བཤད། ། གྱེན་དུ་རི་མོ་གཅིག་པ་འབངས་ཀྱི་བདག ། ཟླ་ཕྱེད་འདྲ་བས་དབང་ཕྱུག་ཐོབ་པར་བྱེད། ། གྱེན་ཐུར་འཕྲེད་ལ་རི་མོ་མང་པོ་ཅན། ། སྡུག་བསྔལ་འཛིན་པའི་སྐྱེས་བུའི་མཚན་མ་ཡིན། ། རི་མོ་རིང་པོ་སློབ་དཔོན་བྱེད་པར་འགྱུར། ། མགོ་བོ་གདུགས་འདྲ་མི་ཡི་བདག་པར་འགྱུར། ། དཔྲལ་བ་ཏོག་པོར་མཐོན་ནས་རྣོ་བ་ལ། ། ལྟོགས་ཤིང་རྟག་ཏུ་ནོར་མེད་དབུལ་པོར་འགྱུར། ། མགོ་བོ་གླང་ཆེན་ལྟ་བུ་རྒྱལ་པོ་འདྲ། ། དབང་ཕྱུག་དུ་མའི་བདག་པོ་བྱེད་པར་འགྱུར། ། མགོ་བོ་གྲུམ་པ་ལྟ་བུ་སྐྱེས་པ་དང་། ། རྡུལ་དང་སྐྲ་དང་ལྡན་པའང་དེ་བཞིན་ནོ། ། རྡུལ་ཅན་ཆེན་པོ་མཐུག་པོར་སྐྱེས་པས་སྡུག ། སྲབ་མཐུག་སྙོམས་པ་སྐྱེས་པ་བདེ་བར་འཚོ། ། ལེགས་པ་རྩ་བ་སྙོམས་པ་རིང་ཐུང་མེད། ། དེ་འདྲ་མི་ཡི་དབང་ཕྱུག་ཐོབ་པར་བྱེད། ། རྒྱ་མཚོས་བསྟན་པ་ལས་མཚན་བཅོ་ལྔ་པ་སྐྱེས་པའི་མཚན་བསྟན་པ་རྫོགས་སོ། ། (སྐབས་འདིར་བརྟག་པ་སོ་སོ་བདེ་བླག་ཏུ་རྟོགས་ཆེད་བརྟག་པའི་འགོ་བརྗོད་གོང་དུ་གསལ་བ་རྣམས་མདོ་རྒྱུད་མཛོད་ཀྱི་དཔེ་རིས་སུ་འཁོད་པའི་སྡོམ་ཚིག་འདིར་དྲངས་པ་ལགས་སོ།།) |
Tibetan Source | 《མདོ་རྒྱུད་མཛོད་ས་པ་》ཤ་644. 2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |