10608

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:27, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རང་གནད་ངེས་པའི་རྣམ་གྲངས་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གཅིག་པ་ཁྲེགས་ཆོད་སྒོམ་པའི་རིམ་པ་ལས་བྱུང་བ་སྟེ། དང་པོ་ངོ་བོ་རང་བཞིན་ཐུགས་རྗེའི་གཞག་ཐབས་གསུམ་ནི། དྲན་བསམ་མི་གཡོ་སངས་རྒྱས་དགོངས་པ་མཆོག ། ཅེས་གསུངས་པའི་ངོ་བོ། རང་བཞིན། ཐུགས་རྗེ་གསུམ་ལས།

1.ངོ་བོའི་ངང་ངེས་པ་ནི། སེམས་དྲན་བསམ་མེད་པའི་དབྱིངས་སུ་འབྱུང་འཇུག་རེ་དོགས་དང་བྲལ་བར་ཕྱམ་གདལ་ནས་འཇོག་པ་སྟེ། ཁྱུང་ཆེན་ལས། མ་བསྒོམས་བཞག་པའི་འཇུག་རེ་དོགས་དང་བྲལ་བར་ཕྱམ་གདལ་ནས་འཇོག་པ་སྟེ། ཁྱུང་ཆེན་ལས། མ་བསྒོམས་བཞག་པའི་ས་སྟེ་རང་རིག་པ། ། སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང་། ། དམིགས་བཅས་རང་སོ་ཉིད་དེ་བཅོས་མི་དགོས། ། ཞེས་པ་དང་། ། ཀུན་བྱེད་ལས། བླང་དོར་མེད་པའི་བྱང་ཆུབ་ཆོས་ཉིད་ལ། ། མཁའ་ལྟར་གནས་པས་ལུས་སེམས་བཅོས་སུ་མེད། ། འདུ་ཤེས་ཞེན་འཛིན་མེད་པས་བསྒོམ་དུ་མེད། ། མཁའ་ལྟར་རབ་ཞི་རྙོག་པ་ཀུན་བྲལ་ལ། ། ཡུལ་ལ་མི་འཇུག་དགོངས་པ་དམིགས་འཇུག་བྲལ། ། ཞེས་སོ། ། 2.རིག་པ་སྟོང་གསལ་ཆེན་པོར་འགག་བཅིང་བ་ནི། རང་གསལ་རྗེན་པ་ས་ལེ་འཕྲོ་འདུ་མེད། ། རིག་པའི་རང་བཞིན་འོད་གསལ་ཉི་ཟླ་བསྒྲིབ་པ་མེད་པ་ནམ་མཁའི་དཀྱིལ་ན་སྣང་བ་ལྟར། རང་གསལ་རྗེན་ལ་བུད་པའི་ངང་ལ་རྣམ་རྟོག་འཕྲོ་འདུ་མེད་པར་ས་ལེ་བཞག་པས། ལྷུན་གྲུབ་རང་དོན་གསལ་བ་སྟེ། ཁྱུང་ཆེན་ལས། མ་བསྒོམས་ཡེ་ཤེས་ལྷུག་པ་མེད་པའི་གནད། ། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། ། རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། ། ཡེ་རྫོགས་སྙིང་པོའི་ལྷུན་གྲུབ་ཡུལ་ལ་རོལ། ། ཞེས་སོ། ། 3.རང་གྲོལ་རིས་མེད་རྗེན་པར་བཅིང་བ་ནི། འཆར་ཚུལ་མ་འགག་གཞི་བཞག་ཆོས་ཉིད་དང་། ། རིག་པའི་དྭངས་ལས་འཆར་ཚུལ་མ་འགགས་པར་འགྱུ་འཕྲོར་ཤར་ཡང་། ཆུ་དང་རླབས་ལྟར་བཟང་ངན་མེད་པས་མཉམ་པ་ཆེན་པོར་ཟང་ཐལ་བའི་རིག་པ་ངོས་བཟུང་ནས་བཞག་དུས། ཤར་བ་དང་གྲོལ་བ་དུས་མཚུངས་ཏེ་འགྱུར་བ་ཉིད་ཀྱིས་འགག་པར་སྐྱེས་པའི་མཚང་ངོ་ཤེས་པས་གང་དགར་འཆར་དུ་འཇུག་པ་གནད་དུ་ཆེ་སྟེ། ཤར་བ་ལ་ངོས་འཛིན་གྱི་གཉེན་པོས་མ་བསམས་མ་བསླད་པས་སྤང་གཉེན་མེད་པར་གྲོལ་ཟིན་པ་ཉིད། ཁྱུང་ཆེན་ལས། གནས་པས་འགགས་ལ་འགྱུས་པས་རང་སར་དག ། མེད་མཐོང་མ་སྤངས་ངོ་ལ་སངས་མེད་པ། ། ས་མེད་འདི་ཉིད་གནས་ཏེ་གང་དགའི་ཡུལ། ། འཇུག་སྟེ་གང་གིས་ཕ་རོལ་སོང་བ་མེད་པའོ། ། ཞེས་པ་དང་། ཀུན་བྱེད་ལས། རྟོག་དཔྱོད་འདས་ལ་རྟོག་དཔྱོད་བསམ་མི་བྱེད། ། མ་བཅོས་ཇི་བཞིན་པ་ལ་འཆོས་མི་བྱེད། །བྱ་བ་གང་བཏང་ཅི་སྣང་ཆོས་ཉིད་ལས། ། མ་བསམ་རང་བཞིན་བཞག་པས་གྲོལ་བར་སྟོན། ། ཞེས་སོ། ། འདིར་འགྱུ་བ་འཆར་བ་ལ་སྐྱོན་དུ་མི་ལྟ་བ་དང་། གོང་དུ་རྟོག་མེད་པར་བཤད་པ་འགལ་ལོ་ཞེ་ན། མཚར་ཆེ། ཁྱད་པར་དེ་ཙམ་བརྗོད་ནས་ད་རུང་མི་ཤེས། སྐལ་མེད་རྨོངས་ཆེན་འབར་བ། ཕག་ཡིན་ནོ་ཞེས་བརྗོད་ན་ཅིར་འགྱུར། འོན་ཀྱང་གསལ་བར་བཤད་ན། ཐུགས་རྗེའི་རྩལ་ལས་འགྱུ་འཕྲོར་ཤར་དུས་འཕྲོ་ཆ་དེ་རྟོག་པ་རླུང་གི་རྟ་ཅན་ཡིན་པས་དེ་ལ་རྗེས་མི་མཐུད་ངོ་ལ་མི་ལྟ་བར་ཅོག་བཞག་ནས། རིག་པ་རྗེན་པ་ཟང་ཐལ་དེ་ངོས་འཛིན་པས་ཟང་ངེ་རྗེན་ནེསང་ངེ་བར་མེད་གསལ་དྭངས་ཆེན་པོར་སྐྱོང་བ་ཡིན་ནོ། ། གཉིས་པ། ཐེ་ཚོམ་དང་རྟོགས་མཐའི་འཕྲང་ལ་སྒྲོལ་བའི་ཆིངས་ལྔ་ལས། 1.རྩལ་དང་རོལ་པའི་འཆར་ཚུལ་མ་འགགས་པར་དག་མཉམ་བློ་འདས་གཅིག་ཏུ་འཕྲང་བསལ་བ་ནི། རང་བབས་དང་ཟིན་ཙལ་ཤར་རྒྱ་ཡན་ཞོག ། འདི་ནི་རིག་པའི་ངོ་བོ་སྟོང་གསལ་དུ་མ་ཡེངས་དེ་ལས་རྩལ་རྒྱ་ཡན་དུ་ཤར་ཡང་སྐྱོན་མེད་ཅེས་སྟོན་པ་སྟེ། ཤེལ་གོང་ལག་ནས་མ་ཤོར་ན། འོད་ལྔ་ཕྱོགས་མཚམས་སུ་ཤོར་ཡང་འགལ་བ་མེད་ཅེས་མཚོན་པ་ཡིན་ནོ། །རྒྱ་ཡན་དུ་ཤར་བའི་ཤེས་པ་དེ་ངང་གཅིག་གིས་འཛིན་པ་ལྟ་བུ་ཡིན་གྱི་དེའི་འཆར་གཞི་རིག་པ་ཟང་ཀ་དེའི་ངང་ལས་ཟང་ངེ་ཐལ་ལེ་མ་ཡེངས་པར་བྱེད་པའོ། ། འོ་ན་འཕྲོ་བ་གང་འགར་ཤོར་བས་ཡེངས་སོ་ཡེངས་མི་སྲིད་དེ། རླུང་ཕར་གྱིས་རིག་པ་ཚུར་འདུས། གདངས་ནང་དུ་ལོག་པས་རྩལ་གཞི་ཐིམ་ལ་གྲོལ་ཏེ། ངོ་བོ་ཟང་ཀ་ཐིག་ལེ་གཅིག་ཏུ་འདུས་པའི་ངང་དེ་དང་མ་བྲལ་བའི་ཕྱིར་རོ། ། ཀུན་བྱེད་ལས། ཆོས་ཀྱི་དབྱིངས་སུ་གཅིག་པས་བགྲོད་དུ་མེད། ། སྙིང་པོའི་དོན་དང་འགྲོགས་པས་ཡེངས་པ་མེད། ། ཐིག་ལེ་གཅིག་ཏུ་འདུས་པས་གར་མི་འགྲོ། ། ཞེས་སོ། ། 2.རྟོགས་མ་རྟོགས་འཆིང་གྲོལ་གྱི་རང་བཞིན་ཡིན་པས་འཕྲང་བསལ་བའི་ཆིངས་ནི། བཅོས་མས་འཆིང་ལ་མ་བཅོས་ཟང་ཐལ་གྲོལ། ། གནད་མ་རྟོགས་ན་ལམ་དུ་འགྲོ་བར་དཀའ་སྟེ། སེམས་རྩེ་གཅིག་པའི་སྒོམ་པ་ཉིན་མཚན་འདྲེས་ཀྱང་དེ་ལ་ཞེན་འཛིན་དང་བདེ་གསལ་མི་རྟོག་པའི་ཉམས་ཆགས་ཡོད་ན་བསམ་གཏན་ལྔའི་སྒོམ་དང་གཅིག་པས་འཁོར་བ་འདི་ནས་སྔ་འདྲིས་གཅིག་གིས་ཀྱང་འཕགས་མི་ནུས་ཏེ། ཏིང་ངེ་འཛིན་ཚོགས་དམ་པའི་ལེའུ་ལས། ཏིང་ངེ་འཛིན་ཀྱང་རབ་བསྟན་ལ། ། དེ་ལ་མངོན་པར་ཞེན་བྱེད་ན། །བྱིས་པ་ཉེར་སྤྱོད་ས་ཞེས་བྱ། །མྱ་ངན་འདས་པ་ཉིད་མི་འགྱུར། ། ཞེས་སོ། ། རྣལ་འབྱོར་པ་གང་གིས་རིག་པ་ཟང་ཀར་རྟོགས་དུས་རྩལ་ལས་ཤེས་པ་ཡུལ་ལ་འཇུག་ཀྱང་ངོ་བོ་ཆོས་ཉིད་ཀྱི་ངང་ལས་མ་འདས་པས་ཆོས་སྐུ་ལྷུན་གྲུབ་ཀྱི་དགོངས་པ་ལས་མ་གཡོས་ཏེ། ཀུན་བྱེད་ལས། རྟོགས་པ་རང་སར་གྲོལ་བའི་ལྟ་བ་ལ། ། མ་ཡེངས་རང་བཞིན་བཞག་པས་བྱ་བཙལ་མེད། ། ཀུན་ཀྱང་རང་བྱུང་རང་སར་གྲོལ་བའི་ལྟ་བ་ལ། ། མ་ཡེངས་རང་བཞིན་བཞག་པས་བྱ་བཙལ་མེད། ། ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན། ། ཞེས་སོ། ། 3.དགོངས་པའི་ངོ་བོ་བློ་ལས་འདས་པར་འཕྲང་བསལ་ནས། དྲན་བསམ་འཕྲོ་འདུ་ལས་འདས་པར་བཅིང་བ་ནི། ཡི་བྱེད་སྤངས་ནས་གཞི་བྲལ་ཡངས་པར་བསླབ། ། རིག་པའི་ངོ་ལ་སྤྲོས་པའི་མཐའ་དང་བྲེལ་བས། རྣལ་འབྱོར་པ་བྱང་ཆུབ་འདོད་པས་ལམ་ཡང་ངོ་བོ་ལས་མ་གཡོས་པ་གཅེས་ཏེ་གཞི་ལམ་འཛོལ་བས་འབྲས་བུ་མི་ཐོབ་པའི་ཕྱིར་རོ། ། དེའི་ཕྱིར་རིག་པ་ཟང་ཀར་རྟོགས་པ་རང་བཞིན་དག་པའི་ཡུལ་མ་གཡོས་པ་ཙམ་ལས། ཆེད་དུ་གཏད་སོའི་སྒོམ་པ་མེད་པ་ནི། རང་བྱུང་ཡེ་ཤེས་དགོངས་པ་སྟེ། མ་སྤངས་ཡོངས་རྫོགས་ཆེན་པོར་གྲོལ་བ་ནི། ཁྱུང་ཆེན་ལས། རང་བཞིན་ཡུལ་ལ་འགག་མེད་སྙིང་པོའི་རྗེས། ། སྟོང་ཡུལ་མ་དཔྱད་རང་སར་བཞག་སྟེ་གྲོལ། ། མཐའ་བྲལ་དེ་ཉིད་གོང་མའི་སྐྱེ་གནས་དག ཅེས་པ་དང་། ཀུན་བྱེད་ལས། ཀྱེ་རྣལ་འབྱོར་དུས་གཅིག་འཇུག་པའི་སྐལ་ལྡན་ལ། ། ཀུན་བྱེད་རྒྱལ་པོའི་དགོངས་པ་བསྟན་བྱས་ན། ། རྟོགས་པའི་ཀློང་ལ་དྲན་ཞིང་འདྲིས་པ་ལས། ། བསྒོམ་ཞིང་འཇུག་ཏུ་མེད་པར་ལུང་སྟོན་ཅིག་ཅེས་སོ། ། 4.ཉག་ཅིག་སྤྲོས་པ་དང་བྲལ་བའི་རིག་པ་ལ། གང་ལྟར་ཡང་གདགས་སུ་ཡོད་པར་འཕྲང་བསལ་བའི་ཆིངས་ནི། ལྟ་སྒོམ་སྤྱོད་འབྲས་གང་ལྟར་གདགས་སུ་ཡོད། རིག་པའི་ངོ་བོ་ཟང་ཐལ་ཐིག་ལེ་ཉག་གཅིག་ལ་ཐ་སྙད་ཀྱི་ལྡོག་པས་ཕྱེ་ན། ངོ་བོ་ཟང་ཐལ་བས་ཆོས་སྐུ་ཉག་གཅིག་གོ ། དེ་ཉིད་སྤྲོས་པའི་མཐའ་དང་བྲལ་བའི་ངོས་ནས་ལྔ་པ་མཐའ་བྲལ་རྫོགས་པ་ཆེན་པོའོ། ། དེ་ཉིད་རང་ངོ་རྟོགས་པའི་ངང་ལ་བཏང་བཞག་གི་ཤེས་པ་འཕྲོ་འདུ་འགྲོ་འོང་མེད་པར་དྭངས་ལ་མི་རྟོག་པས་སྒོམ་པ་འོད་གསལ་ཉག་གཅིག་གོ ། དེ་ཉིད་ལ་བླང་དོར་གཉིས་བཅས་མེད་པས་བླང་དོར་རང་སངས་པའི་ཆེད་སྤྱོད་པ་གཉིས་མེད་ཉག་གཅིག་གི་ངོ་བོ་ལ་འཁོར་འདས་མེད་པས་སྤངས་ཐོབ་རེ་དོགས་མེད་པ་ནི་འབྲས་བུ་ཉག་གཅིག་སྟེ། སེང་གེ་རྩལ་རྫོགས་ལས། སྤྱོད་པ་འཛིན་ཆགས་གཉིས་ལས་འདས། ། སྒོམ་པ་བཏང་གཞག་གཉིས་ལས་འདས། ། ལྟ་བ་ཕྱོགས་དང་རིས་ལས་འདས། ། འབྲས་བུ་སྤུངས་ཐོབ་མཐའ་གཉིས་བྲལ། ། ཞེས་སོ། ། 5.ཐམས་ཅད་རང་བྱུང་ཡེ་ཤེས་སུ་འཕྲང་བསལ་བས་གཞི་མཉམ་ཡངས་པ་ཆེན་པོར་བཅིང་བ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ལས་མ་གཡོས། རྨི་ལམ་ན་སྣ་ཚོགས་སྣང་ཞིང་ལོ་ཟླ་དང་བསྐལ་པར་སོང་བར་སྣང་ཡང་རང་རིག་མལ་ལས་མ་གཡོས་པ་ལ་དེ་ལྟར་སྣང་བ་ཙམ་ལས་གྲུབ་པ་མེད་པ་ལྟར། ད་ལྟར་གྱི་སྣང་སྲིད་འཁོར་འདས་སུ་སྣང་ངོ་ཅོག་དང་ཡུན་རིང་པོ་ཞིག་སོང་བར་སྣང་ཡང་ངོ་བོ་དབྱིངས་ལས་མ་གཡོས་པས། གདོད་མའི་ངང་དུ་འཕོ་འགྱུར་མེད་པར་ཤེས་པར་བྱ་སྟེ། རྩལ་ཆེན་ཡོན་ཏན་རྫོགས་པའི་ལུང་ལས། སྣང་སྲིད་འཁོར་འདས་ཆོས་སོ་ཅོག ། གདོད་ནས་རང་བྱུང་ཡེ་ཤེས་དང་། ། མ་གཡོས་རྩལ་ཆེན་ལྷུན་གྱིས་རྫོགས། ། དངོས་བྲལ་སྟོང་པའི་ངང་སྣང་ངོ་། ། ཞེས་སོ། །གསུམ་པ་རིག་པ་སྒོམ་མེད་ཀྱི་ངང་ལ་བཟླ་བའི་ཆིངས་གསུམ་ལས། 1.རང་དྭངས་རྒྱ་མཚོ་དྭངས་པའི་འོད་གསལ་དུ་ལ་བཟླ་བ་ལས། མི་གཡོ་མཉམ་པ་ཆེན་པོར་རང་ས་གཟུང་བ་ནི། བཅོས་མར་མི་འཇོག་མ་བཅོས་རང་བབས་འཇོག ། རིག་པ་རང་ངོ་དང་བཅས་དུས་སྣང་ཚུལ་མི་འགགས་ས་ལེ་བའི་ངང་རང་རིག་སྤྲོ་བསྡུ་མེད་པའི་ཆོས་ཉིད་ལ་གཞག་པ་སྟེ། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། ། བྱས་མེད་རང་སར་གྲོལ་བའི་གནད་འདི་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། ། གང་ལ་མ་བརྟེན་གཅིག་གིས་གྲོལ་བའི་ཀློང་ཉིད་དོ། ། ཞེས་པ་དང་། ཀུན་བྱེད་ལས། གང་དུ་ཇི་ལྟར་གཞག་པའི་ཚུལ་མེད་པར། ། མ་བཙལ་རང་སར་བཞག་པས་སྒོམ་པ་ཡིན། ། ཞེས་སོ། ། 2.རང་གསལ་རྗེན་པར་ས་གཟུང་བ་ནི། མི་གཡོ་མི་འགུལ་མི་དགག་སྤྲོ་བསྡུ་ཆད། ། རྒྱ་མཚོ་དྭངས་པར་གཟུགས་བརྙན་ཤར་བ་ལྟར། ། ལུས་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་མིག་མི་འགུལ་ཧར་བཞག་དང་བཅས་པ། ལུས་མི་དགག་སྣ་ཚོགས་གསལ་སྣང་། སེམས་མི་རྟོག་སྤྲོ་བསྡུ་རང་ཆད། རིག་པ་ཟང་མ་ཐལ་དུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། རིག་པའི་ངོ་བོ་དེ་ཉིད་ལ། ། འགག་མེད་ཟང་ཐལ་གནས་པའི་དཔེ། ། དཔེར་ན་རྒྱ་མཚོ་དྭངས་པ་ལ། ། གཟའ་དང་སྐར་མ་ཤར་བ་བཞིན། ། བག་ལ་ཉལ་བའི་དུས་མེད་པར། ། སྣ་ཚོགས་ཟང་ཐལ་ཆེན་པོར་གནས། ། ཞེས་སོ། ། 3.རྒྱུ་གྲོལ་ཡངས་པ། ཕྱམ་གདལ་དུ་དཔངས་བསྟོད་པ་ནི། རྒྱ་བསྐྱེད་དཔངས་བསྟོད་མཁའ་དང་འདྲེས་པའི་ཉམས། ངོས་ཟིན་པ་ཙམ་གྱིས་གཏད་སོ་མི་བསྒོམ་པར། རོ་སྟོད་སེང་བྱས། ལྟ་སྟངས་ཕྱལ་བྱས། མིག་ཀྱང་ཕར་འཁྲུལ་ཚུར་འཁྲུལ་བར་སྣང་གི་དབྱིངས་དང་ཐག་རིང་པོར་གཏད་ནས། རིག་པ་རྒྱ་བསྐྱེད། སྒོ་ལྔ་རང་ཡན་དུ་འཕྱུར་བཅུག་ནས་བསྒོམས་པས་ཕྱི་ནང་བར་མེད་དུ་བྱོལ་སོང་ནས། ལུས་དང་ནམ་མཁའི་འདྲེས་པའི་ཉམས་དང་བདེ་གསལ་མི་རྟོག་ པ་ཟང་ཐལ་ཆེན་པོའི་ཉམས་དང་། རིག་པ་ཟང་ཐལ་རྗེན་པའི་ཉམས་འཆར་ཏེ། སྣང་བ་ཐམས་ཅད་སེང་སེང་ཁྲལ་ཁྲོལ་ཟང་ཐལ་བ་སྙམ་པ་དང་། ཤེས་པ་ཟང་ཐལ་རྗེས་མེད་ཕྱལ་བ་སྙམ་པ་དང་། ཐམས་ཅད་ཟང་ཐལ་རྒྱ་གྲོལ་སྟོང་པར་མཐའ་ཆོད་ནས་ཅི་ཡང་མེད་པའི་ངང་ནས་ཅི་ཡང་འཆར་བ་སྙམ་པ་དང་། ཇི་ལྟར་བརྟགས་ཤིང་བསམས་ཀྱང་རྣམ་རྟོག་བཙལ་གྱིས་མ་རྙེད་པར་ད་སྐྱེ་མི་སྲིད། སྔར་ཡང་སྐྱེས་པ་མི་འདུག ད་ལྟ་རྟོག་པ་སུ་ལ་ཡང་མི་འདུག་པ་རྣམ་རྟོག་མང་ཐར་བ་ཅི་ཡང་སྙམ་པ་ལ་སོགས་པ་ཟང་ཐལ་གྱི་ཉམས་བརྗོད་ལས་འདས་པ་འཆར་རོ། ། སེང་གེ་རྩལ་རྫོགས་ལས། དགོངས་པ་རང་གནས་ཏིང་འཛིན་ཅོག་གཞག་དང་། ། དངོས་མེད་རང་སྣང་དཀྱིལ་འཁོར་ཀུན་གྱི་གཙོ། ། འགྱུར་མེད་རང་སངས་ཆོས་ཉིད་ཀུན་གྱི་ཡུལ། ། རང་སྣང་མི་རྟོག་གཅིག་པུ་ལྷང་ངེར་གནས། ། དཔྱོད་པ་ཡིད་ཀྱི་རྣམ་རྟོག་བྲལ་བ་ནི། ། གསང་སྔགས་དོན་གྱི་གཏན་ཚིགས་ཆེན་པོ་ཡིན། ། ཞེས་སོ། ། བཞི་པ། གོལ་སྒྲིབ་སྐྱོན་སེལ་གྱི་ཤན་འབྱེད་ཆེན་པོའི་ཆིངས་ལྔ་ལས། 1.ཤན་འབྱེད་ཀྱི་འཕྱོང་ཆེན་པོས་ཐེ་ཚོམ་རྟོག་མཐའ་བསལ་བ་ལས། རང་བྱུང་གི་དགོངས་པར་བཞག་པས། འཁྲུལ་སྣང་འཁོར་འདས་ལུགས་ཀྱི་ཤན་འབྱེད་ནི། རིག་པ་སེམས་བྲལ་སེམས་སྣང་འཁོར་བ་དག །རང་རིག་གི་ངོ་བོ་གཟུང་བ་མེད་པ་དང་རོལ་པར་སྣང་ཡང་མ་གཟུང་བས་ཕྱི་སྣང་བས་རིག་པ་ལ་མ་གོས་ཏེ། ད་འཁོར་བར་སྐྱེ་བའི་ཡུལ་མེད་ལ། ནང་སེམས་སུ་རྩལ་ལས་ཤར་བ་ལ་མ་བཟུང་བས་ལས་དང་ཉོན་མོངས་པ་སྟོངས་ཏེ་འཁོར་བར་སྐྱེ་མཁན་ནམ་འཁྲུལ་དུ་འཇུག་མཁན་དེ་མེད་པས། སྣང་ཤེས་ཀྱི་འཛིན་པ་གྲོལ། གཟུང་འཛིན་གྱི་མཁར་པོ་འགྱེལ། འཁྲུལ་སྣང་དང་འཁྲུལ་འཛིན་སྟོངས་པས་རིག་པ་ཟང་ཐལ་དུ་མངོན་དུ་གྱུར་དུས་ཆོས་ཉིད་ཟད་པའི་སར་ཐུག ཀུན་ཏུ་བཟང་པོའི་ཞིང་དུ་ཕྱིན་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ཞེས་བྱའོ། །རིག་པ་སེམས་དང་བྲལ་དུས་སེམས་ཀྱི་འཁྲུལ་སྣང་དང་ཞར་ལ་བྲལ་བས། སངས་རྒྱས་ཉག་གཅིག་ལས་འགྲོ་ས་མེད་དེ། ངོ་བོ་སངས་རྒྱས་སུ་ཡིན་པ་དེ་སྒྲིབ་བྱེད་དང་བྲལ་བས་མངོན་དུ་གྱུར་པའི་ཕྱིར་ རོ། ། རིག་པ་སེམས་དང་བཅས་དུས་སེམས་ཅན་ཟེར། སེམས་ཅན་དང་བྲལ་དུས་སངས་རྒྱས་ཟེར། མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ལས། ། མཁས་པ་རྣམས་ཀྱིས་ཤེས་པར་བྱ། ། སེམས་ནི་བག་ཆགས་ཀུན་གྱི་གཞི། ། ལུས་ཅན་རྣམས་ཀྱི་དྲི་མ་ཡིན། ། གཟུང་བ་ཡུལ་ལ་འཛིན་པ་སེམས། ། དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། ། སེམས་དེ་བྲལ་ན་སངས་རྒྱས་པ། ། ལུས་ཅན་ཀུན་གྱི་དྲི་མ་ཟད། ། འགྲོ་བ་རྣམས་ནི་སེམས་དེས་འགྲོ། ། དེ་མིན་འགྲོ་བར་ནུས་མིན་ཏེ། ། དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། ། ཞེས་སོ། ། དེའང་གཟུང་བའི་སེམས་པས་གཟུང་ཡུལ་མེད་པ་གསལ་སྣང་གཟུགས་སྒྲ་དྲི་རོ་རེག་ལྔར་སྣང་ལ། འཛིན་པའི་སེམས་ལས། ལས་དང་རྣམ་སྨིན་ཉོན་མོངས་པ་དཔག་ཏུ་མེད་པར་སྣང་སྟེ། ཡུལ་མེད་ཡུལ་དུ་འཛིན་པ་དང་། སེམས་མེད་སེམས་སུ་འཛིན་པའི་འཁོར་བ་སེམས་ཅན་ལ་རྨི་ལམ་ལྟར་སྣང་བ་སེམས་གཟུང་འཛིན་གྱི་རྣམ་པ་ཤར་བ་ལས་བྱུང་བའོ། ། རྩལ་རྫོགས་ལས། མི་ཤེས་བྱིས་པའི་ངང་ཉིད་ཀྱིས། ། ནམ་གྱི་མཁའ་ལ་མདུད་པ་བོར ། ཡུལ་སྣང་མེད་ལ་སྣང་བར་བཟུང་། ། བདག་དང་གཞན་དུ་འཁྲུལ་བས་བཟུང་། ། ཞེས་སོ། ། དེ་ལྟར་སེམས་མེད་པའི་རིག་པ་ཡེ་ཤེས་ཉག་གཅིག་ལམ་དུ་བྱས་པས། སེམས་དང་བྲོལ་བའི་ཆོས་སྐུ་ཚེ་འདིར་འགྲུབ་པའི་གནད་དེ་ཡིན་ནོ། ། གཞན་དག་སེམས་ལམ་དུ་བྱེད་པས་སེམས་ཅན་ལས་མ་འདས་ཏེ་སངས་རྒྱས་ཐོབ་དུས་མེད་པ་དེ་ཡིན་ནོ། ། 2.རིག་པ་རང་མལ་དུ་ཤན་འབྱེད་པས་ཞི་གནས་རྩེ་གཅིག་དང་པོ་སོ་སོར་དབྱེ་བ་ནི། རྗེན་པའི་རིག་ཆ་མི་འཕྲོར་གནས་ཆ་དབྱེ། ། རིག་པ་རང་མལ་དུ་གནས་པ་ནི། ཟང་ཐལ་རྗེན་པའི་རིག་ཆ་ཡིན། ཞི་གནས་རྩེ་གཅིག་ནི་རྟོག་པ་མི་འཕྲོ་བར་གནས་ཆ་ཡིན་པས་ཕྱེད་པར་བྱ་སྟེ། རིག་པ་དེའི་ངང་ལ་གོམས་པས་ཡང་སྲིད་ལེན་པའི་ལས་དང་བག་ཆགས་ཟད་པ་ནི། སེམས་འགགས་པའི་ཡོན་ཏན་ལས་བྱུང་སྟེ། ད་ལྟར་རིག་པ་སེམས་དང་བྲལ་བ་དེ་གོམས་པས་མཐར་ཐུག་གི་ཆོས་སྐུ་སེམས་དང་བྲལ་བ་དེ་མངོན་དུ་བྱེད་པ་ནི། སེམས་དང་བྲལ་བའི་རིག་པ་ཐམས་ཅད་གཞི་ལས་མ་གཡོས་པར་གཅིག་པས་དར་རེ་དར་རེའི་རྒྱུན་མཐུད་པ་ལས་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་དུ་ཤར་བ་སྟེ། འཁོར་འདས་གཞི་སྣང་དུ་རྩལ་ལས་རོལ་པར་ཤར་དུས་གཞི་ལས་ རྩལ་གྱི་རོལ་པར་མེད་པ་གསལ་སྣང་དུ་མཉམ་པ་སྟེ། རིག་པ་སེམས་དང་བྲལ་དུས་ངོ་བོ་མ་གྲུབ་པར་མཉམ་པས་ན། འཁོར་འདས་གཉིས་མེད་རིག་པར་མཉམ་པ་ཞེས་བཤད་དེ། རྩལ་རྫོགས་ལས། འཁོར་བ་ཉིད་དང་མྱ་ངན་འདས། ། གཉིས་སུ་གདགས་སུ་ག་ལ་ཡོད། ། ཅེས་པ་དང་། བྱང་ཆུབ་སེམས་འགྲེལ་ལས། འཁོར་བ་མྱ་ངན་འདས་པ་ཡི། ། ཁྱད་པར་ཅུང་ཟད་ཡོད་མ་ཡིན། ། ཞེས་པ་དང་། མངོན་རྟོགས་རྒྱན་ལས། སྲིད་དང་ཞི་བ་གཉིས་མེད་དང་། ། ཞེས་སོ། ། 3.ཀུན་གཞི་དང་ཆོས་སྐུའི་ཁྱད་པར་ཤན་དབྱེ་བ་ནི། རིག་པའི་རང་ངོ་མེ་ལོང་ལྟ་བུ་རྩལ་དྭངས་ལྟ་བུ་ལས་རོལ་པ་གཟུགས་བརྙན་དང་འདྲ་བར་ཤར་དུས་རིག་པའི་ངོ་བོ་ཆོས་སྐུར་གནས་པའི་ངང་ལས་མ་གཡོས་པར་བྱ་བ་ནི་ཆོས་སྐུའོ། ། ཀུན་གཞི་ནི། རིག་པ་ཟང་ཀར་མར་རྟོགས་པའི་རྟོག་མེད་ལུང་མ་བསྟན་ཏེ། དེའི་ངང་ལ་གནས་ན་ཁམས་གོང་མའི་ལས་སོག་པའི་བསམ་གཏན་གྱི་སྒྲིབ་པའོ། ། དེའི་ངང་ལས་ཀུན་གཞི་རྣམ་ཤེས་པའི་ཆ་དང་། ཚོགས་དྲུག་ཡུལ་ལ་འཆར་བས་དབང་ཤེས་ཡུལ་ལ་ཕར་འཕྲོ་ནི་འཁོར་བ་ཟད་ཀའི་ལས་སོག་པ་སྟེ། མདོར་ན་འཁོར་བའི་ཆོས་ཐམས་ཅད་ཀུན་གཞི་ལ་བརྟེན་པའོ། ། འདིར་རྣལ་འབྱོར་པས་ཆོས་སྐུ་དང་ཀུན་གཞི་མ་ཕྱེད་ན་འཁོར་འདུས་ཀྱི་རྩ་བ་མི་ཆོད་པས། ཆོས་བྱས་ཚད་འཁོར་བའི་བསྣོན་པར་འགྲོ་བ་ལས་བཟློག་པའི་ཕྱིར་བཤད་དེ། ཆོས་སྐུ་ནི་ཐང་ཀའི་རིག་པ་རྗེན་ལ་བུད་པ་སྤྲོས་བྲལ་སྟོང་གསལ་འདི་ཡིན་པས། ལས་དང་བག་ཆགས་ཀྱི་རྟེན་མ་ཡིན། ངོ་བོ་སྟོང་པས་ཆོས་སྐུ། རང་བཞིན་གསལ་བས་ལོངས་སྐུ། ཐུགས་རྗེ་འཆར་གཞི་མ་འགགས་པས་སྤྲུལ་སྐུར་གནས་པའོ། ། 4.དེ་དག་གི་ཁོངས་ན་རྒྱུ་འབྲས་ངེས་པའི་ཤན་འབྱེད་གནས་པས་དེ་བསྟན་པ་ནི། དོན་དམ་རྒྱུ་འབྲས་མང་ལ་འཁྲུལ་ངོར་ཡོད། ཆོས་སྐུ་ཡེ་ཤེས་ཟང་ཐལ་གྱི་ངོ་བོ་རྗེན་པར་གནས་པས་དོན་དམ་པའི་བདེན་པའི་ངང་ལ་ལྟོས་ནས་རྒྱུ་འབྲས་དང་སྤང་བླང་དང་བྱ་བཙལ་སོགས་པ་རང་བཞིན་བཅུ་མེད་པར་བསྟན་གྱི་ཀུན་གཞི་དང་། དེའི་རྩལ་ལས་རྣམ་ཤེས་དུ་མ་ཤར་ནས་སྣ་ཚོགས་སུ་སྣང་བའི་འཁོར་བའི་ཆོས་ཀུན་ཏུ་རྟོག་པ་བཅས་པ་ལ་རྒྱུ་མེད་འབྲས་བུ་མེད་ལ་སོགས་པ་བརྗོད་ན། རྒྱུང་འཕེན་པ་ལྟར་ཆད་པར་ལྟ་བར་འགྱུར་ཏེ། འཁོར་བ་ཀུན་རྫོབ་པའི་ཆོས་རྣམས་ནི་རྒྱུ་རྐྱེན་རྟེན་འབྲེལ་སྒྱུ་མ་ལྟ་བུའི་མཐུ་ལས་སྣང་བ་ཡིན་ནོ། ། དག་པའི་ཞིང་དང་བདེ་བ་དང་། མ་དག་པའི་ཞིང་དང་སྡུག་བསྔལ་ནི། ནམ་མཁའི་དབྱིངས་དང་མཉམ་པར་ཁྱབ་པ་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་སྒྱུ་མ་ལྟ་བུ་སྟེ། ངོ་བོ་མེད་པས་སྟོང་པ་ཡིན་ཡང་། རྣམ་པ་སྣང་བ་དེ་རྟེན་འབྲེལ་གྱི་མཐུ་སྟེ། རྒྱུ་རིག་སྔགས་དང་རྫས་ལས་རྟ་གླང་དུ་སྣང་བ་བཞིན་ནོ། ། འཕགས་པ་ཡོན་ཏན་རིན་པོ་ཆེ་ཡོངས་སུ་སྡུད་པའི་མདོ་ལས། ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་ཡས། ། འཇིག་རྟེན་འདྲེན་པའི་ཤེས་རབ་དེ་ཡང་ཕ་མཐའ་ཡས། ། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་ཡས། ། ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ལས་བྱས་བསགས་པ་ནམ་ཡང་མི་འགྱུར། ། འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། ། 5.རྒྱུ་འབྲས་ལ་བཟླ་བའི་ཤན་འབྱེད་པ་ནི། གཤིས་ལ་རྒྱུ་དང་འབྲས་མེད་རྫོགས་པ་ཆེ། ཆོས་སྐུ་དོན་དམ་གྱི་ཡེ་ཤེས་རང་ཐོག་ཏུ་གནས་པའི་དགོངས་པའི་རང་དུས་ན་འཁོར་འདས་དང་རྒྱུ་འབྲས་ལ་སོགས་པ་གང་དུའང་མ་གྲུབ་སྟེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་གྲུབ་བསལ་མེད་ཕྱིར་རོ། ། གཤིས་དེ་ཉིད་ལ་ལས་མེད་པས་འཁོར་བར་ཆད་པ་ལྟར། དུས་ཐམས་ཅད་དུ་དེ་ལས་མ་གཡོས་པར་བྱེད་པ་ནི་རྒྱུ་འབྲས་རྫོགས་པ་ཆེན་པོར་བཟླ་བ་སྟེ། དགེ་སྡིག་རྒྱུ་འབྲས་ལས་འདས་པ་འདི་ལ་ཟེར་གྱི་གཞན་དུ་རྒྱུ་འབྲས་ལ་འཆོལ་བས་འཁོར་བ་མི་འདོད་ཀྱང་འབྱུང་སྟེ། དྲོད་གཤེར་འཛོམས་པའི་ས་བོན་ཐེབས་ནས་མྱུ་གུ་འབྱུང་བ་ལྟར། གཤིས་ལ་འཁྲུལ་ཆ་ཕྱིར་ཤོར་ན་རྣལ་འབྱོར་མ་འབྱོར་མེད་དོ། ། དེས་ན་གཏན་སྲིད་མ་ཟིན་གྱི་བར་ལ་རིག་པ་རྐྱེན་ངན་གྱིས་མ་བསླུས་པ་གལ་ཆེ་བས། ཟང་ཐལ་རིག་པའི་རྩལ་སྦྱོང་མཆོག་ཏུ་གཅེས་སོ། ། མུ་ཏིག་ཕྲེང་བ་ལས། འདི་ནི་རྫོགས་པའི་སངས་རྒྱས་ཀྱིས། ། ངོ་བོ་ཉིད་ལས་མ་གཡོས་པའོ། ། ཞེས་པ་དང་། རྩལ་རྫོགས་ལས། ཆོས་སྐུ་རྟོག་མེད་རང་སངས་སྒོམ་པ་ཡིན། ། དམིགས་པའི་ཡུལ་མེད་རང་གི་དོན་རྟོགས་ན། ། འདུ་འབྲལ་མེད་པའི་བསམ་གཏན་ཆེན་པོ་ཡིན། ། ཞེས་སོ། ། དེ་ལྟར་ཕྱི་སྣང་བ་ནང་ལུས་སེམས་དང་ཐམས་ཅད་མེད་པ་གསལ་སྣང་ཆུའི་ཟླ་བ་ལྟ་བུར་རྟོགས་པ་རྩལ་འབྱོངས་ཏེ། རིག་པ་ནམ་མཁའ་ལྟ་བུའི་དོན་ལ་བརྟན་པོ་རྣམས་ནི། ཆོས་ཟད་པས་སྣང་བ་དང་ལུས་ཆུ་ཟླ་ལྟར་འབྱོངས་ཏེ། རྩིག་པ་དང་ར་བ་ལ་སོགས་པ་ལ་ཐོགས་པ་མེད་ཅིང་། སྤྱན་དང་མངོན་ཤེས་ཚད་མེད་པ་ཐོབ།། འཕགས་པའི་བདེན་པ་མཐོང་ནས་ཡང་སྲིད་པ་རྣམ་པར་གྲོལ་ཏེ། ཀ་དག་གི་ས་ལ་གྲོལ་བ་ནི། འབྱུང་བཞིའི་རྡུལ་ཕྲན་ནུས་མེད་པོ་ཡེ་ཤེས་ཀྱི་མེས་བསྲེགས་ཏེ། ན་བུན་ཡལ་བ་ལྟར་ནམ་མཁའི་མཐོངས་སུ་སྐུའི་རྫུ་འཕྲུལ་བསྟན་ནས། དོན་དུ་འགྱུར་ན་ཡེ་ཤེས་ཀྱི་མེས་བསྲེགས་པའི་རྡུལ་ཕྲན་དེ་དག་སྐུ་གདུང་དང་རིང་བསྲེལ་དུ་བྱིན་གྱིས་རློབ་ཅིང་། མི་འགྱུར་ན་རང་དེངས་སུ་ཞི་བར་མཛད་ནས་རིག་པ་ཆོས་སྐུའི་དབྱིངས་སུ་བཞུགས་ཏེ། གཟུགས་སྐུ་འཕྲིན་ལས་དང་བཅས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ནི། ཟངས་ཡིག་ཅན་དང་། རྟགས་ཚད་ལས། སྣང་བ་བཞི་ཚད་དུ་མ་ཕྱིན་ཡང་། རྡོས་བཅས་མི་སྣང་བར་གདོད་མའི་སར་གྲོལ་བ་ཡོད་དོ་ཞེས་པའི་དགོངས་པ་སྟེ། ཁྲེགས་ཆོད་དུ་གྲོལ་བའི་ཚུལ་དུ་གསལ་བར། རིན་ཆེན་སྤུངས་པའི་རྒྱུད་ལས་གསུངས་པ། མ་བཏང་རང་སོར་བཞག་པ་ཡི། ། སེམས་ཀྱིས་འདི་ཡི་ཚིག་ཀུན་ཡང་། ། སུས་ཀྱང་བསླབས་པ་མེད་པར་ནི། ། སོ་སོའི་བློ་ལ་གོ་བར་སྣང་། ། འདི་ཉིད་རང་གི་བློར་གོ་བས། ། མི་སྣང་རྟོག་པ་མེད་པ་ཡི། ། སྣང་བ་ཐམས་ཅད་རང་དག་ནས། ། ཐམས་ཅད་ཟང་མ་ཐལ་བྱུང་དུ། ། སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། ། ས་ཆུ་མེ་རླུང་འབྱུང་བ་བཞི། ། སོ་སོའི་ནུས་པ་མི་སྣང་བར། ། ན་བུན་བཞིན་དུ་མཁའ་ལ་དེངས། ། འཁྲུལ་པའི་ཞེན་པ་སྣ་ཚོགས་ནི། །ཇི་ལྟར་བསམས་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགག་ནས། ། གང་མི་སྣང་སྟེ་ངང་ཟད་ནས། ། གསལ་བྱེད་རང་གི་ཉམས་མྱོང་བར། ། ལུས་ཅན་ཀུན་ཀྱང་དེ་བཞིན་སོང་། ། ལུས་མེད་རྣམས་ནི་སྨོས་ཅི་དགོས། ། ཞེས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཙི་པ་》ཤ་223. 17ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number