11199

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:30, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ལྟུང་བཤགས་སངས་རྒྱས་སོ་ལྔ།
Tibetan Alternate
Tibetan Definition ཁག་གཉིས་པ། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་ལས་བྱུང་བ་སྟེ།

1.དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། ཞེས་པ་དེ་ཡང་། དེ་ལ་དང་པོ་མི་མཇེད་ཀྱི་བདག་པོ་དབུས་ན་བཞུགས་པའི་སངས་རྒྱས་དེའི་ཡོན་ཏན་ནི་དེ་བཞིན་གཤེགས་པ་ཞེས་གསུངས་ཏེ། སྒྲའི་སྟོབས་ལས་དེ་བཞིན་ཉིད་གསུང་བ་དང་། རྟོགས་པ་དང་། དེ་བཞིན་ཉིད་དུ་གཤེགས་ཤིང་སླར་བྱོན་པ་སྟེ། འདིས་ནི་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ། ། དགྲ་བཅོམ་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དགྲ་བསད་པའོ། ། དེས་ནི་བྱང་ཆུབ་སེམས་དཔའ་ལས་ཁྱད་པར་དུ་འཕགས་པའོ། ། ཡང་དག་པར་ནི་ཕྱིན་ཅི་མ་ལོག་པ་སྟེ། དེས་ནི་འཁོར་བ་དང་ཐེག་པ་དམན་པ་ལས་སོ། ། རྫོགས་པ་ནི་ཚོགས་གཉིས་དང་བདག་གཞན་གྱི་དོན་གྱི་སྐུ་གཉིས་སོ། ། སངས་རྒྱས་ནི་སྤངས་པ་དང་ཡེ་ཤེས་ཀྱི་བྱེ་བྲག་གིས་གཉིས་སོ། ། དེ་གཉིས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་གང་ཟག་ཐམས་ཅད་ལས་ཁྱད་པར་དུ་འཕགས་པར་བསྟན་ཏོ། ། དེའི་མཚན་ཉིད་ནི་ཤཱཀྱ་ཐུབ་པ་སྟེ། དེ་ནི་ཡེ་ཤེས་དང་ནུས་པ་དང་ཡོན་ཏན་ནོ། ། དེ་ལ་ཡེ་ཤེས་ནི་ཤཱ་ནི་མ་ལུས་པའོ། ། ཀྱ་ནི་རྟོག་པའོ། ། མུ་ནེ་ནི་གཉིས་སུ་མེད་པར་བསྡོམས་པའོ། ཐུབ་པ་ནི་ཤཱཀྱའི་རྒྱལ་པོའི་རིགས་ཡིན་པས་དེ་དོན་ཡོད་ཅིང་དེ་ལས་སྐྱེས་པའི་གདུག་པ་ཐུབ་པ་སྟེ་ལས་སོ། ། ཡོན་ཏན་ནི། ཤཱཀྱ་སྟེ་ཁྱད་པར་དུ་འཕགས་པའོ། ། དེའི་སྐུ་དང་གསུང་དང་ཐུགས་བསྡམས་པ་ཐུན་མོང་མ་ཡིན་པ་ནི་ཐུབ་པའོ། ། དེ་ལ་ཕྱག་འཚལ་བ་ནི་དང་བའི་དད་པས་སྒོ་གསུམ་གྱིས་ཕྱག་བྱ་བའོ། ། འདི་ཡང་དབུས་སུ་གདན་ལ། སེར་པོ་ཆོས་འཆད་པར་བསམ་མོ། ། སྔ་མ་ལྟར་ཁྱད་པར་ལྔ་དང་། བཤད་པ་གསུམ་པོ་ནི་འོག་མ་ལ་ཡང་ཤེས་པར་བྱའོ། ། ཡེ་ཤེས་ལ་སོགས་པ་ནི་དཔེ་དང་དོན་གྱིས་སྒྲའི་སྟོབས་ཚང་བ་དང་གཅིག་དང་གཉིས་ལ་ཡང་བཤད་པར་བྱའོ། ། 2.རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ་ཞེས་པའི་ཕྱག་འཚལ་བ་ནི་གཤམ་དུ་ཚང་མར་སྦྱོར་དགོས། དེ་ཡང་སྟེང་ནམ་མཁའི་སྙིང་པོའི་ཞིང་ན་བཞུགས་པ་སྔོན་པོ་རྡོ་རྗེ་གཉིས་བསྣམས་པ་ནི་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པའོ། ། དེ་ལ་རྡོ་རྗེ་ནི་རྡོ་རྗེ་ལྟར་རྟོག་པ་མེད་པའི་ཡེ་ཤེས་སོ། ། སྙིང་པོ་ནི་ཐམས་ཅད་ཀྱི་སྐྱེ་གནས་ཏེ་ཡོན་ཏན་ནོ། ། ལས་ནི་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་འཇོམས་པའོ། ། 3.རིན་ཆེན་འོད་འཕྲོ་ཞེས་པ་དེ་ཡང། རིན་ཆེན་འོད་འཕྲོ་ནི་ཤར་ཕྱོགས་རིན་ཆེན་ཡོད་པའི་ཞིང་ན་དཀར་པོ་རྡོ་རྗེ་དང་ཉི་མ་བསྣམས་པ་བཞུགས་སོ། ། དེ་ལ་རིན་ཆེན་ནི་རིན་པོ་ཆེ་ལྟར་སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འབྱུང་བས་ན་ཡོན་ཏན་ནོ། ། ཡེ་ཤེས་ནི་འོད་དེ་རང་བཞིན་གསལ་བས་མི་ཤེས་པའི་མུན་པ་མེད་པའོ། ། འཕྲོ་བ་ནི་ལས་ཏེ་དེས་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པ་འཇོམས་པར་བྱེད་པའོ། ། 4.ཀླུ་དབང་གི་རྒྱལ་པོ་ཞེས་པ་དེ་ཡང་། ཤར་ལྷོ་ཀླུ་ཡིས་ཁྱབ་པའི་ཞིང་ན་ཀླུ་དབང་གི་རྒྱལ་པོ་སྟེ་སྔོན་པོ། ཀླུ་ཤིང་དང་སྤྲུལ་སྔོན་པོ་བསྣམས་པའོ། ། དེ་ལ་ཡེ་ཤེས་ནི་ཀླུ་སྟེ་བསིལ་བར་བྱེད་པ་དང་གདུག་པ་ལྟར་ཡེ་ཤེས་ཀྱང་ཉོན་མོངས་པ་དང་བྲལ་བ་དང་མཚན་མ་གསོད་པའོ། ། དབང་པོ་ནི་ལས་ཏེ་དེས་ཐམས་ཅད་ལ་དབང་བསྒྱུར་བའོ། ། རྒྱལ་པོ་ནི་ཡོན་ཏན་ཏེ་རྒྱལ་པོ་ལྟར་ཐམས་ཅད་ཀྱི་ནང་ན་འབར་ཞིང་མཛེས་ལ་འཇིགས་པ་དང་བྲལ་བའོ། ། 5.དཔའ་བོའི་སྡེ་ཞེས་པ་དེ་ཡང། དཔའ་བོའི་སྡེ་ནི་ལྷོ་དཔའ་བ་དང་ལྡན་པའི་ཞིང་ན་སེར་པོ། པོ་ཏི་དང་རལ་གྲི་བསྣམས་པ་བཞུགས་པའོ། ། དེ་ལ་དཔའ་བོ་ནི་ཡེ་ཤེས་ཏེ་འགྲན་ཟླ་མེད་ཅིང་མི་ཚུགས་པའོ། ། ཡང་ན་དཔའ་བོ་ནི་ལས་ཏེ་སེམས་ཅན་གྱི་འཁོར་བའི་གཡུལ་ཐམས་ཅད་འཇོམས་པའོ། ། ཡོན་ཏན་ནི་སྡེ་སྟེ་ཡོན་ཏན་གྱི་ཚོགས་མང་པོ་མངའ་བའོ། ། 6.དཔལ་དགྱེས་ཞེས་པ་དེ་ཡང་། དཔལ་དགྱེས་ནི་ལྷོ་ནུབ་དགའ་བ་དང་ལྡན་པའི་ཞིང་ན། དམར་སེར་ཉི་མ་དང་པདྨ་དམར་པོ་བསྣམས་པའོ། ། དེ་ཡང་དཔལ་ནི་ཡེ་ཤེས་དང་ལས་ཏེ་སྔ་མ་བཞིན་དུ་ཤེས་པར་བྱའོ། ། ཡོན་ཏན་ནི་དགྱེས་པ་སྟེ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པ་ལ་ཐུགས་བཞུགས་པའོ། ། 7.རིན་ཆེན་མེ་ཞེས་པ་དེ་ཡང། ནུབ་སྣང་བ་དང་ལྡན་པའི་ཞིང་ན་དམར་པོ། རིན་པོ་ཆེ་དང་མེའི་དཀྱིལ་འཁོར་བསྣམས་པ་ནི་རིན་ཆེན་མེ་སྟེ། དེ་ལ་རིན་ཆེན་ནི་ཡེ་ཤེས་ཏེ་རྟོག་པ་མེད་པར་དོན་འབྱུང་བའོ། ། ཡང་ན་ཡོན་ཏན་ནི་རིན་ཆེན་ཏེ་ཏིང་ངེ་འཛིན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའོ། ། མེ་ནི་ལས་ཏེ་ཡེ་ཤེས་དང་བརྩོན་འགྲུས་ཆེན་པོས་སེམས་ཅན་གྱི་དོན་མཛད་ཅིང་ཉོན་མོངས་པ་ལ་སོགས་སྲེག་པའོ། ། 8.རིན་ཆེན་ཟླ་འོད་ཅེས་པ་དེ་ཡང། རིན་ཆེན་ཟླ་འོད་ནི་ནུབ་བྱང་འོད་བཟང་པོའི་ཞིང་ན་དཀར་པོ། རིན་པོ་ཆེ་དང་ཟླ་བ་བསྣམས་པའོ། ། དེ་ལ་རིན་ཆེན་ནི་སྔ་མ་ལྟར་ཡོན་ཏན་ནོ། ། ཟླ་བ་ནི་ཡེ་ཤེས་ཏེ་ཡེ་ཤེས་རྫོགས་ཤིང་གསལ་ལ་ཤིན་ཏུ་བསིལ་བའོ། ། འོད་ནི་ལས་ཏེ་ལས་དང་ཉོན་མོངས་པ་ལ་སོགས་པ་བསལ་ཏེ་དོན་གྱི་ཆོས་ཉིད་གསལ་བར་བྱེད་པའོ། ། 9.མཐོང་བ་དོན་ཡོད་ཅེས་པ་དེ་ཡང་། བྱང་ཕྱོགས་རྔ་སྒྲའི་ཞིང་ན་མཐོང་བ་དོན་ཡོད་ལྗང་གུ་སངས་རྒྱས་ཀྱི་སྤྱན་གཉིས་བསྣམས་པའོ། ། དེའི་ཡེ་ཤེས་ནི་མཐོང་བ་སྟེ་ཡེ་ཤེས་མ་བསྒྲིབས་པའོ། ། ཡང་ན་མཐོང་བ་ནི་ཡོན་ཏན་ཏེ། ཤེས་རབ་དང་ཐུགས་རྗེས་སྤྱན་གྱིས་ཆོས་ཉིད་དང་སེམས་ཅན་གྱི་དོན་གསལ་བའོ། ། ལས་ནི་དོན་ཡོད་པ་སྟེ། འདིས་སེམས་ཅན་ཐམས་ཅད་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་གདོན་མི་ཟ་བར་ཡོད་པར་མཛད་པའོ། ། 10.རིན་ཆེན་ཟླ་བ་ཞེས་པ་དེ་ཡང། རིན་ཆེན་ཟླ་བ་ནི། བྱང་ཤར་འོད་ཟེར་ཅན་གྱི་ཞིང་ན་དཀར་ལྗང་། རིན་པོ་ཆེ་དང་ཟླ་བ་བསྣམས་པའི་སངས་རྒྱས་སོ། ། འདིའི་ཡོན་ཏན་ནི་རིན་པོ་ཆེའོ། ། ཟླ་བ་ནི་ཡེ་ཤེས་དང་ལས་ཏེ་སྔ་མ་ལྟར་ཤེས་པར་བྱའོ། ། 11.དྲི་མ་མེད་པ་ཞེས་པ་དེ་ཡང་། འདིའི་འོག་ན་ཐལ་བས་ཁྱབ་པའི་ཞིང་ན་དྲི་མ་མེད་པ་སྟེ་དུད་ཁའམ་ཐལ་བའི་མདོག་ཅན་མེ་ལོང་དྲི་མ་མེད་པ་བསྣམས་པ་བཞུགས་ཤིང་འཚོའོ། ། དེ་ལ་དྲི་མ་མེད་པ་ནི་ཡེ་ཤེས་ཏེ་སྒྲིབ་པ་སྤངས་པའོ། ། ནུས་པ་ནི་གཞན་དྲི་མ་མེད་པར་བྱེད་པའོ། ། སྟོབས་ལ་སོགས་པ་གློ་བུར་བའི་དྲི་མ་དང་བྲལ་བས་ཤིན་ཏུ་གསལ་བ་ནི་ཡོན་ཏན་ནོ། ། 12.དཔའ་བྱིན་ཞེས་པ་དེ་ཡང། དཔའ་བྱིན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དེའི་ཡང་སྟེང་གི་ཕྱོགས་ན་དཔའ་དང་ལྡན་པའི་ཞིང་ན་དེ་བཞིན་གཤེགས་པ་དཔའ་བྱིན་དཀར་པོ་ཤིང་དཔལ་འབྲས་ཀྱི་སྡོང་བུ་ལོ་མ་འབྲས་བུ་དང་བཅས་པ་བསྣམས་པ་བཞུགས་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ལ། འདིར་སྟེང་དུ་གདན་ལ་བཞུགས་པར་བསམས་ཏེ་བདག་གིས་ཕྱག་འཚལ་བ་བྱས་པས་སྡིག་པ་དག་པར་འགྱུར་རོ། ། དེ་ལ་དཔའ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རྟོག་པ་ཐམས་ཅད་འཇོམས་པས་སོ། ཡང་ན་ཡོན་ཏན་ནི་དཔའ་བ་སྟེ། གཞན་ལ་ཕུན་སུམ་ཚོགས་པ་ཐམས་ཅད་དང་བདེ་བ་ཐམས་ཅད་ཐོགས་པ་མེད་པར་མཛད་པའོ། ། སྦྱིན་པ་ཞེས་པས་ལས་བསྟན་ཏེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཇི་ལྟར་འདོད་པའི་བྱ་བའམ་དགོས་པ་སྦྱིན་པའོ། ། 13.ཚངས་པ་ཞེས་པ་དེ་ཡང་། ཤར་ཕྱོགས་སྒྲིབ་པ་དང་བྲལ་བའི་ཞིང་ན་དཔལ་ཚངས་པ་དམར་སེར་པདྨ་དང་ཉི་མ་བསྣམས་པའོ། ། དེ་ལ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནི་ཚངས་པའོ། ། ཡང་ན་ཚངས་པ་བཞིན་དུ་སེམས་ཅན་ཐམས་ཅད་འཁོར་བ་ནས་དག་པར་བྱེད་པ་ནི་ཚངས་པ་སྟེ་ལོས་སོ། ། ཡང་ཚངས་པ་ནི་རང་ཉིད་དང་གཞན་དག་པར་བྱེད་པའི་ཡོན་ཏན་ཚད་མེད་པ་མངའ་བས་ན་ཚངས་པ་སྟེ་ཡོན་ཏན་ནོ། ། 14.ཚངས་པས་བྱིན་ཞེས་པ་དེ་ཡང། ཚངས་པས་བྱིན་ནི་ཤར་ལྷོ་མྱ་ངན་མེད་པའི་ཞིང་ན་སེར་པོ་ཟླ་བ་དང་པདྨ་བསྣམས་པའོ། ། དེ་ཡང་ཚངས་པ་ནི་ཡེ་ཤེས་དང་ཡོན་ཏན་ཏེ་སྔ་མ་དང་འདྲའོ། ། དེས་སེམས་ཅན་ཐམས་ཅད་ལ་དག་པའི་བདེ་བ་སྦྱིན་པ་ནི་ལས་སོ། ། 15.ཆུ་ལྷ་ཞེས་པ་དེ་ཡང། ཆུ་ལྷ་ནི་ལྷོ་ཕྱོགས་དྲི་མ་མེད་པའི་ཞིང་ན་སྔོན་པོ་ཆུའི་དཀྱིལ་འཁོར་ན་ཆོས་འཆད་པའི་ཕྱག་རྒྱ་ཅན་ནོ། ། དེ་ཡང་ཆུ་ནི་ཡེ་ཤེས་ཏེ་ཤིན་ཏུ་དྲི་མ་མེད་ཅིང་དང་བའོ། ། ཡང་ན་ལས་ནི་ཐུགས་རྗེ་ཆེན་པོས་དམ་པའི་ཆོས་ཀྱིས་སེམས་ཅན་གྱི་རྒྱུད་བརླན་པར་མཛད་པས་ན་ཆུའོ། ། ལྷ་ནི་ཡོན་ཏན་ཏེ་མཐུ་དང་རྫུ་འཕྲུལ་ལ་སོགས་དང་ལྡན་པའོ། ། 16.ཆུ་ལྷའི་ལྷ་ཞེས་པ་དེ་ཡང། ལྷོ་ནུབ་གསལ་བའི་ཞིང་ན་དཀར་པོ། ཆུ་ལྷའི་དཀྱིལ་འཁོར་དང་མེ་ལོང་བསྣམས་པ་ནི་ཆུ་ལྷའོ། དེ་ལ་ཆུ་ནི་ཡེ་ཤེས་ཏེ་སྔ་མ་བཞིན་ནོ། ། ལས་ནི་ལྷ་སྟེ་རྫུ་འཕྲུལ་ལ་སོགས་པས་སེམས་ཅན་ཐམས་ཅད་གྱི་དོན་མཛད་པའོ། ། དེའི་ཡང་ལྷ་ནི་ཡོན་ཏན་ནོ། ། 17.དཔལ་བཟང་ཞེས་པ་དེ་ཡང་། དཔལ་བཟང་ནི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ན་བཞུགས་པ་དམར་པོ་པད་མ་དང་དཔག་བསམ་གྱི་ཤིང་བུ་བསྣམས་པ་ཡིན་ལ། དཔལ་ནི་ཡོན་ཏན་ཏེ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། ། བཟང་པོ་ནི་ཡེ་ཤེས་དང་ལས་ཏེ། ཡེ་ཤེས་ཤིན་ཏུ་མཆོག་ཏུ་གྱུར་པ་དང་། གཞན་མྱ་ངན་ལས་འདས་པའི་ལམ་བཟང་པོས་མྱ་ངན་ལས་འདས་པར་འདྲེན་པར་མཛད་པའོ། ། 18.ཙན་དན་དཔལ་ཞེས་པ་དེ་ཡང། ནུབ་བྱང་དྲི་བཟང་པོས་ཁྱབ་པའི་ཞིང་ན་སངས་རྒྱས་ཙན་དན་དཔལ་དམར་སེར་ཙན་དན་གྱི་སྡོང་པོ་དང་དཔལ་འབྲས་བསྣམས་པ་བཞུགས་པའོ། ། དེའི་ཡེ་ཤེས་ནི་ཙན་དན་ཏེ། མ་རིག་པ་ལ་སོགས་པའི་གདུང་བ་བསིལ་ཞིང་དག་པའོ། ། ཡང་ན་ཙན་དན་ནི་ཡོན་ཏན་གྱི་སྟོབས་ལ་སོགས་པའི་ཡོན་ཏན་ཆེན་པོས་ཐམས་ཅད་དུ་ཁྱབ་པའོ། ། དཔལ་ནི་ལས་ཏེ་སྔ་མ་བཞིན་དུ་ཤེས་པར་བྱའོ། ། 19.གཟི་བརྗིད་མཐའ་ཡས་ཞེས་པ་དེ་ཡང། གཟི་བརྗིད་མཐའ་ཡས་ནི་བྱང་ཕྱོགས་གཟི་བརྗིད་དང་ལྡན་པའི་ཞིང་ན་དམར་པོ་ཉི་མ་གཉིས་བསྣམས་པ་འཁོར་མང་པོ་དང་བཅས་པ་བཞུགས་སོ། ། དེའི་ཡེ་ཤེས་ནི་གཟི་བརྗིད་དེ་གསལ་བའི་ཡེ་ཤེས་ཀྱིས་གཞན་གསལ་བར་མཛད་ཅིང་ཟིལ་གྱིས་གནོན་པའི་ནུས་པ་ཅན་ནོ། ། མཐའ་ཡས་ནི་ལས་དང་ཡོན་ཏན་ཏེ་སེམས་ཅན་གྲངས་མེད་པའི་དོན་མཛད་པ་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ། ། 20.འོད་དཔལ་ཞེས་པ་དེ་ཡང་། བྱང་ཤར་དོན་ཡོད་པ་དང་ལྡན་པའི་ཞིང་ན་འོད་དཔལ་དཀར་པོ། འོད་དཀར་པོའི་དཀྱིལ་འཁོར་བསྣམས་པ་བཞུགས་ཤིང་འཚོ་སྐྱོང་བའོ། ། དེ་ལ་འོད་ནི་ཡེ་ཤེས་ཏེ། ཉི་མ་ལྟ་བུའི་ཡེ་ཤེས་དེས་ནི་རང་དང་གཞན་གྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མུན་པ་སེལ་བའོ། ། དཔལ་ནི་ཡོན་ཏན་དང་ལས་ཏེ་སྔ་མ་ལྟར་གཉིས་སུ་ཤེས་པར་བྱའོ། ། 21.མྱ་ངན་མེད་པའི་དཔལ་ཞེས་པ་དེ་ཡང་། མྱ་ངན་མེད་པའི་དཔལ་ནི་འོག་གི་ཕྱོགས་སྒྲིབ་པ་དང་བྲལ་བའི་ཞིང་ན་སྐུ་མདོག་སྔོ་སྐྱ་ཤིང་མྱ་ངན་མེད་པ་བསྣམས་པ་བཞུགས་ཏེ། དེ་ཡང་མྱ་ངན་མེད་པ་ནི་ཡེ་ཤེས་ཏེ་འཁོར་བ་ལས་འདས་ཤིང་སྒྲིབ་པ་ཐམསཅད་དང་བྲལ་བའོ། ། ཡང་ན་ལས་ནི་སེམས་ཅན་ཐམས་ཅད་ཀྱི་མྱ་ངན་ཏེ་སྡུག་བསྔལ་དང་འཁོར་བ་བྲལ་བར་མཛད་པས་ན་དེ་དག་མེད་པའོ། ། དཔལ་ནི་ཡོན་ཏན་ནོ། ། 22.སྲེད་མེད་ཀྱི་བུ་ཞེས་པ་དེ་ཡང་། དེའི་ཡང་སྟེང་གི་ཕྱོགས་ན་སྲེད་པ་དང་བྲལ་བའི་ཞིང་ན་སྲེད་མེད་ཀྱི་བུ་སྔོན་པོ། ། རི་རབ་དང་པད་མའི་ཕྱག་རྒྱ་ཅན་འཁོར་ལ་ཆོས་འཆད་ཅིང་སེམས་ཅན་རྣམས་ལ་འཚོ་སྐྱོང་ངོ་། ། དེ་ཡང་སྲེད་མེད་ནི་ཡེ་ཤེས་ཏེ་རྟོག་པ་དང་བྲལ་བའོ། ། ལས་ནི་སྲེད་པ་མེད་པ་སྟེ་སེམས་ཅན་འཁོར་བ་ལ་ཆགས་པ་དང་བྲལ་བར་མཛད་པའོ། ། དེའི་བུ་ནི་སངས་རྒྱས་ཏེ་དེ་ལས་སྐྱེས་ཤིང་བྱམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ན་བུ་ཞེས་བཤད་དོ། ། 23.མེ་ཏོག་དཔལ་ཞེས་པ་དེ་ཡང་། ཤར་ཕྱོགས་མེ་ཏོག་ཆེར་རྒྱས་པ་ཞེས་བྱ་བའི་ཞིང་ན་སེར་པོ་མེ་ཏོག་སེར་པོ་དང་ཤིང་ཐོག་དཔལ་འབྲོས་བསྣམས་པའི་སངས་རྒྱུས་མེ་ཏོག་དཔལ་བཞུགས་ཏེ་དེའི་ཡོན་ཏན་ནི་མཚན་ལ་སོགས་པ་རྒྱས་ཤིང་མཛེས་པ་དང་ཡེ་ཤེས་མེ་ཏོག་ལྟར་རྒྱས་པའོ། ། དཔལ་ནི་ལས་ཏེ། དེ་བཞིན་དུ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱེད་པའོ། ། 24.དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ཞེས་པ་དེ་ཡང། ཤར་ལྷོ་ཚངས་པས་ཁྱབ་པའི་ཞིང་ན་དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དཀར་པོ་པད་མ་དང་འོད་ཕུང་བསྣམས་པའོ། ། དེ་ཡང་ཚངས་པ་སྟེ་ཡེ་ཤེས་སོ། ། འོད་ཟེར་ནི་ནུས་པ་སྟེ། ཤིན་ཏུ་གསལ་ཞིང་ནུས་པ་ཆེན་པོ་དང་ལྡན་པའོ། ། རྣམ་པར་རོལ་པ་ནི་ལས་ཏེ། རྫུ་འཕྲུལ་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པའོ། ། ཐུགས་ཀྱི་ཡེ་ཤེས་ཀྱིས་དོན་བྱའི་ཐབས་ལ་སོགས་པ་གསལ་བར་རྟོགས་པ་ནི་མངོན་པར་མཁྱེན་པའོ། ། 25.དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ཞེས་པ་དེ་ཡང་། ལྷོ་ཕྱོགས་པདྨ་དང་ལྡན་པའི་ཞིང་ན་དེ་བཞིན་གཤེགས་པ་པད་མའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དམར་པོ་པད་མ་དང་ཉི་མའི་ཕྱག་རྒྱ་ཅན་ནོ། ། དེ་ལ་པད་མ་ནི་ཡེ་ཤེས་ཏེ་པད་མ་ཉེས་པས་མ་གོས་ལ་ མ་ཆགས་ཤིང་རྒྱས་པའོ། ། འོད་ཟེར་ནི་ཡོན་ཏན་ནོ། ། རྣམ་པར་རོལ་པ་ལ་སོགས་པ་ནི་ལས་སོ། ། 26.ནོར་དཔལ་ཞེས་པ་དེ་ཡང། ལྷོ་ནུབ་ནོར་བུ་ཡོད་པའི་ཞིང་ན་ནོར་དཔལ་དམར་པོ་དཀར་བའི་མདངས་ཅན་ཕྱག་རྒྱ་རིན་པོ་ཆེ་གཉིས་ཅན་ནོ་དེ་ལ་ནོར་ནི་ཡེ་ཤེས་ཏེ། ཡེ་ཤེས་ཆེན་པོ་མི་ཟད་པ་དང་། ནོར་བུའི་ཡོན་ཏན་དང་འདྲ་བའི་ཡོན་ཏན་ཆེན་པོ་དང་ལྡན་པས་འདོད་པ་ཐམས་ཅད་བསྐྲད་པ་ནི་ལས་སོ། ། ཡོན་ཏན་ནི་དཔལ་ཏེ་གཉིས་སོ། ། 27.དྲན་པའི་དཔལ་ཞེས་པ་དེ་ཡང། ནུབ་ཕྱོགས་གསལ་བ་དང་ལྡན་པའི་ཞིང་ན་དྲན་པའི་དཔལ་སེར་པོ་པོ་ཏི་དང་རལ་གྲི་ཅན་ནོ། ། དེ་ལ་དྲན་པ་ནི་ཡེ་ཤེས་ཏེ། ཡེ་ཤེས་ཆེན་པོ་མི་བརྗོད་པའི་གཟུངས་དང་ལྡན་པ་དང་། ཡང་ཡོན་ཏན་ནི་དྲན་པ་སྟེ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ནོ། ། ལས་ནི་དཔལ་ལོ། ། 28.མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ཞེས་པ་དེ་ཡང། ནུབ་བྱང་མཚན་མ་མེད་པའི་ཞིང་ན་ལྗང་གུ་ཕྱག་གཉིས་ཀྱིས་དེ་བཞིན་གཤེགས་པའི་གཙུག་ཏོར་དབུའི་སྟེང་དུ་འདོགས་པ་ནི་མཚན་དཔལ་ཤིན་ཏུ་ཡོངས་གྲགས་སོ། ། དེ་ལ་མཚན་ནི་ཡེ་ཤེས་ཏེ། མི་ཟད་པའི་ཡེ་ཤེས་འཛིན་པའོ། ། དཔལ་ནི་ལས་སོ། ། ཤིན་ཏུ་ཡོངས་གྲགས་ནི་ཡོན་ཏན་ཏེ། འཇིག་རྟེན་གྱི་ཁམས་སུ་སྙན་པ་ཁྱབ་པར་གྱུར་པའི་གྲགས་པ་ཆེན་པོའོ། ། 29.དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ཞེས་པ་དེ་ཡང། བྱང་ཕྱོགས་དབང་པོ་གསལ་བའི་ཞིང་ན་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་སེར་པོ་རིན་པོ་ཆེ་ཏོག་དང་རྒྱལ་མཚན་ཅན་ནོ། ། དེ་ལ་དབང་པོ་ཏོག་ནི་ཡེ་ཤེས་ཏེ། དབང་པོས་ཡུལ་རྟོགས་པ་ལྟར་ཡེ་ཤེས་དེས་ཆོས་ཉིད་རྟོགས་ཤིང་དེ་ཉིད་མཛེས་པས་ན་ཏོག་གོ ། རྒྱལ་མཚན་ནི་ཡོན་ཏན་ཏེ་ཐམས་ཅད་འཁོར་བ་ལས་རྒྱལ་བར་བྱེད་པའི་ཡོན་ཏན་ནོ། ། ལས་ནི་རྒྱལ་པོ་སྟེ་བྱ་བ་ཐམས་ཅད་མཛད་པའོ། ། 30.ཤིན་ཏུ་རྣམ་པར་གནོན་པའི་དཔལ་ཞེས་པ་དེ་ཡང་། བྱང་ཤར་རོལ་པ་དང་ལྡན་པའི་ཞིང་ཤིན་ཏུ་རྣམ་པར་གནོན་པའི་དཔལ་དཀར་པོ་ས་གནོན་པའི་ཕྱག་རྒྱ་ཅན་ནོ། ། དེ་ལ་ཤིན་ཏུ་ནི་ཡེ་ཤེས་ཏེ་ཡང་དག་པའི་ཡེ་ཤེས་སོ། ། ལས་ནི་རྣམ་པར་གནོན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་བདུད་དང་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་འཇོམས་པའོ། ། དཔལ་ནི་ཡོན་ཏན་ཏེ་སྔ་མ་ལྟར་གཉིས་སོ། ། 31.གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ཞེས་པ་དེ་ཡང། འོག་གི་ཕྱོགས་ན་ཉོན་མོངས་པ་མེད་པའི་ཞིང་ན་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ནི་ནག་པོ་ཁྲབ་དང་རལ་གྱི་བསྣམས་པའོ། ། དེའི་ལས་ནི་རྒྱལ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་གཡུལ་ངོ་བཟློག་པའོ། ། ཤིན་ཏུ་ཡེ་ཤེས་སོ། ། ཡོན་ཏན་ནི་རྣམ་པར་རྒྱལ་བ་སྟེ་བདག་དང་གཞན་འཁོར་བ་ལས་རྒྱལ་བའི་ནུས་པ་མངའ་བའོ། ། 32.རྣམ་པར་གནོན་པས་གཤེགས་པ་ཞེས་པ་དེ་ཡང་། དེ་དག་གི་ཕྱིའི་ས་གཞི་ལ་ཤར་ཕྱོགས་དཔལ་དང་ལྡན་པའི་ཞིང་ན་རྣམ་པར་གནོན་པས་གཤེགས་པའི་དཔལ་དཀར་པོ་ས་གནོན་དང་མི་འཇིགས་པའི་ཕྱག་རྒྱ་ཅན་ནོ། ། དེའི་ལས་ནི་རྣམ་པར་གནོན་པ་སྟེ་སྔ་མ་བཞིན་ནོ། ། གཤེགས་པ་ནི་ཡེ་ཤེས་ཏེ་མཐར་ཐུག་པ་རྟོགས་པའོ། ། ཡོན་ཏན་ནི་དཔལ་ཏེ་སྔ་མ་ལྟར་རོ། ། 33.ཀུན་ནས་སྣང་བ་བཀོད་པའི་དཔལ་ཞེས་པ་དེ་ཡང། ལྷོ་ཕྱོགས་སྣང་བ་བཀོད་པའི་ཞིང་ན་ཀུན་ནས་སྣང་བ་བཀོད་པའི་དཔལ་སེར་པོ་ཉི་མ་དང་རིན་པོ་ཆེའི་སྡོང་བུ་བསྣམས་པའོ། ། དེ་ལ་ལས་ནི་ཀུན་ནས་སྣང་བ་སྟེ། ཡེ་ཤེས་ཀྱིས་སེམས་ཅན་གྱི་མ་རིག་པ་སེལ་བའོ། ། བཀོད་པ་ནི་ཡེ་ཤེས་ཏེ་དཔག་ཏུ་མེད་པའི་ཡེ་ཤེས་སོ། ། དཔལ་ནི་ཡོན་ཏན་ནོ། ། 34.རིན་ཆེན་པད་མས་རྣམ་པར་གནོན་པ། ཞེས་པ་དེ་ཡང་། ནུབ་ཕྱོགས་དཔལ་དང་ལྡན་པའི་ཞིང་ན། ། རིན་ཆེན་པད་མས་རྣམ་པར་གནོན་པ་དམར་པོ་རིན་པོ་ཆེ་དང་པད་མ་བསྣམས་པའོ། ། དེ་ལ་རིན་ཆེན་ནི་ཡོན་ཏན་ནོ། ། པད་མ་ནི་ཡེ་ཤེས་ཏེ་དྲི་མ་དང་བྲལ་བའོ། ། ལས་ནི་རྣམ་པར་གནོན་པ་སྟེ་སྔ་མ་བཞིན་ནོ། ། 35.དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པད་མོ་ལ་རབ་ཏུ་བཞུགས་པའི་རི་དབང་གི་རྒྱལ་པོ་ཞེས་པ་དེ་ཡང། བྱང་ཕྱོགས་རིན་པོ་ཆེའི་ཞིང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་པད་མའི་གདན་ལ་རབ་ཏུ་བཞུགས་པའི་རི་དབང་གི་རྒྱལ་པོ་བཞུགས་ཤིང་འཚོ་སྐྱོང་སྟེ། དེའི་གདན་པད་མ་དང་སེང་གེ་དང་རིན་པོ་ཆེ་དང་ཟླ་བའོ། ། ནམ་མཁའ་ལྟར་སྔོ་བ་ཕྱག་གཉིས་ཀྱིས་རི་རབ་བཏེག་པ་སྤྱན་དྲངས་ཏེ་བཤགས་ལ། སྒྲུབ་པ་པོས་ནི་དེ་ལྟར་བསམས་ལ་བཤགས་སོ། ། དེ་བཞིན་གཤེགས་པ་ལ་སོགས་པ་ནི་སྔ་མ་ལྟར་རོ། ། དེ་ལ་རིན་པོ་ཆེ་པད་མ་སྟེ་དེས་ནི་གདན་གྱི་ཡོན་ཏན་དང་ལས་དང་ཡེ་ཤེས་བཤད་དེ་གཞན་ལས་གདན་འདི་ཤེས་པར་བྱའོ། ། ལ་ལ་ལས་ནི་ཟླ་བ་ཞེས་པ་ཡོད་དེ་དེ་ནི་ལས་སུ་ཤེས་པར་བྱ་སྟེ། འདི་ནི་ཐམས་ཅད་ལ་ཤེས་པར་བྱའོ། ། རི་དབང་ནི་ཡེ་ཤེས་དང་ཡོན་ཏན་ཏེ་རིའི་རྒྱལ་པོ་ལྟར་མི་བསྒུལ་བའི་ཡེ་ཤེས་དང་ཡོན་ཏན་རི་རབ་ལྟ་བུའོ། ། རྒྱལ་པོ་ནི་ལས་སོ། ། དེ་ལ་སྒོ་གསུམ་དང་བས་ཕྱག་འཚལ་ལོ། ། འདི་དག་ནི་སྔོན་བྱོན་པ་སྟེ་བྱང་ཆུབ་སེམས་དཔའ་ལ་ནི་ལྟུང་བ་བྱུང་བ་མེད་ཅིང་བཅོས་མ་ཡིན་ལ། མ་འོངས་པ་ལ་གདམས་པ་སྟེ་བསམས་ལ་བཤགས་པར་བྱའོ། ། དེ་ལྟར་ཕྱག་འཚལ་བ་བཤད་ནས་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་ཏེ། དེ་ཡང་སངས་རྒྱས་དེ་དག་ལ་ཐུགས་གཏད་པར་གསོལ་བ་གདབ་པ་ནི་དེ་དག་ལ་སོགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །

Tibetan Source 《བསྟན་འགྱུར་མདོ་སྡེ་ཇི་པ་》ཤ་180ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number