11399
Tibetan | གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། བཟོ་གནས་ཉེར་མཁོ་སྐྲ་རྩེའི་ཆུ་ཐིགས་ལས་བྱུང་བ་རྒྱ་གར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་མཚན་དང་། སྐུའི་བཀོད་པ་ཞིབ་པར་བསྟན་པ་ནི། །
1.ལུ་ཡི་པ། དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་མོ་ཞེས་སུ་གྲགས་པ་བཀོད་པ་ཁྱད་པར་འཕགས་པ། ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ་རི་དྭགས་ཀྲྀཥཱ་སཱ་རའི་པགས་པའི་གདན་ལ། གྲུབ་པའི་སློབ་དཔོན་ཆེན་པོ་ལྟ་ཡི་པ་རྒྱ་གར་གྱི་ཨཱ་ཙཱརླ་ནུས་ལྡན་གྱི་ཆ་བྱད་ཅན་སྐུ་མདོག་སྔོ་སྐྱ་ཅུང་ཟད་སྐེམ་ཉམས། རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་ཤིང་རས་ཀྱི་སྨད་དཀྲིས་གསོལ་བོ། སྐུའི་མདུན་ཕྱོགས་སུ་ཉའི་ཤ་སྤུངས་པ་ལས་ཕྱག་གིས་བླངས་ཏེ་གསོལ་བའི་ཚུལ་ཅན། ཞབས་ཕྱེད་སྐྱིལ་གྱིས་བཞུགས་ཤིང་སྐུ་ཟིལ་ཅན་ནོ། ། 2.ལཱི་ལ་པ་རིན་པོ་ཆེའི་ཁྲི་སྟན་བཟང་ཞིང་བཀོད་ལེགས། རྒྱལ་པོའི་འབྱོར་པ་ཆེན་པོས་ཁྱད་པར་དུ་བརྒྱན་པའི་སྟེང་དུ། གྲུབ་པའི་སློབ་དཔོན་ཆེན་པོ་ལི་ལ་པ། འཕགས་ཡུལ་མི་བདག་གི་ཆ་བྱད། དཀར་ལ་དམར་བའི་མདངས་ཆགས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱི་སྤྲོས་པ། སྲས་དང་བཙུན་མོ། བློན་པོ་ལ་སོགས་པ་འཁོར་ཚོགས་མང་པོའི་དབུས་ན་རྒྱལ་པོའི་གཟི་བརྗིད་དང་བཅས་པར་བཞུགས་པའོ། ། 3.བི་རཱུ་པ། མཆོད་པའི་བྱེ་བྲག་དུ་མའི་དབུས་སུ་ཀྲྀཥྛ་སཱ་རའི་པགས་པའི་གདན་ལ་རྗེ་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་བིརླ་པ་འམ་བི་རཱུ་པ། སྐུ་མདོག་སྨུག་ནག་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། དབུ་སྐྲ་ཅོ་བྲེགས་ལ་མེ་ཏོག་གི་ཕྲེང་བས་བརྒྱན་པ། སྤྱན་ལྟ་སྟངས་ཕུར་ཚུགས་སུ་གཟིགས་པ། ཕྱག་གཡས་སྡིག་མཛུབ་ནམ་མཁར་གདེངས་པ། ཕྱག་གཡོན་བ་མེན་གྱི་རྭ་ཞལ་བདུད་རྩིས་གང་བ། ཤ་ནའི་གོས་ཀྱི་འདོམས་དཀྲིས་གྲུ་གསུམ་ཅན། ཞབས་རོལ་པའི་སྟབས་ཀྱིས་བཞུགས་ཤིང་། གཡོན་གྱི་ཕྱོགས་ནས་མཁའ་འགྲོ་ཞིང་གི་རྣལ་འབྱོར་མ་མི་མོའི་ཚུལ་ཅན་གྱིས་བདུད་རྩིའི་བུམ་པ་འཛིན་པས་མཆོད་པའོ། ། 4.ཌོམྦྷི་ཧེ་རུ་ཀ ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ་དཔལ་གྲུབ་པའི་དབང་ཕྱུག་ཌོམྦྷི་ཧེ་རུ་ཀ་སྐུ་མདོག་དཀར་དམར། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྦྲུལ་རེག་པའི་དུག་ཅན་གྱིས་རྒྱན་དུ་མཛད་ཅིང་། མཐོང་བའི་དུག་ཅན་ལྕག་ཚན་གྱི་ཚུལ་དུ་བསྣམས་པ། ཁ་རླངས་ཀྱི་དུག་ཅན་བདུན་གྱིས་དབུའི་སྟེང་དུ་གདེངས་ཀར་བྱས་ཤིང་། སྟག་མོ་འཇིགས་སུ་རུང་བར་ཆིབས་པ། སྐུའི་བརླ་གཡོན་པའི་སྟེང་ནས་གསང་བའི་ཡུམ་གཡུང་མོ་རྣལ་འབྱོར་མ་མཛེས་ཤིང་ལྟ་བ་མི་ངོམས་པ་པདྨ་ཅན་གྱི་མཚན་ཉིད་ལྡན་པས་འཁྱུད་ཅིང་བདེ་བ་མཆོག་ལ་དགྱེས་རྒུར་རོལ་པའོ། ། 5.ཤཱ་ཝ་རི་པ། ལྷ་རྫས་གོང་ལྟར་བརྒྱན་པའི་དབུས་ཀྱི་ཀྲྀཥཱ་སཱ་རའི་པགས་པའི་སྟན་ལ། གྲུབ་པའི་དབང་ཕྱུག་ཤཱ་ཝ་རི་པ་སྐུ་མདོག་ནག་པོ། སྤྱན་འབྲུ་ཚུགས་སུ་གཟིགས་པ། ཕྱག་གཡས་མདའ་དང་། གཡོན་ན་འོད་མའི་གཞུ་བསྣམས་པ། གཞུ་མཆོག་ལ་ཕག་གི་ཁོག་སྟོད་དང་ཁོག་སྨད་བཀལ་བ། རྨ་བྱའི་སྒྲོ་མདངས་གཤིབས་པའི་སྨད་གཡོག་གསོལ་བ། མེ་ཏོག་དང་འབྲས་བུའི་རྒྱུན་སྣ་ཚོགས་པས་བརྒྱན་པ། སྐུའི་གཡས་གཡོན་ན་རིག་མ་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པ་མདའ་དོང་ཐོགས་པ་གཉིས་ཀྱིས་བསྟེན་པའོ། ། 6.ས་ར་ཧ་པ། མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས་མཆོད་པའི་དབུས་ཀྱི་རི་དྭགས་ཀྲྀཥྛ་སྭཱ་རའི་གདན་ལ། དཔལ་གྲུབ་པའི་དབང་ཕྱུག་ཆེན་པོ་ས་ར་ཧ་པའམ་མདའ་བསྣུན་ཞབས། སྐུ་མདོག་དཀར་དམར་དབུ་སྐྲ་ཅོ་བྲེགས། ཚངས་སྐུད་ཅན། རས་དམར་པོའི་ཨརྒ་རག་གསོལ་བ། ཕྱག་གཉིས་ཀྱིས་མདའ་སྲོང་བའི་ཚུལ་གྱིས་ལྷན་སྐྱེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ནོར་དང་ཐད་དུ་སྟོན་པའི་བརྡ་མཚོན་ཞིང་། སྐུའི་གཡོན་ཕྱོགས་ནས་ཞིང་གི་རྣལ་འབྱོར་མ་མདའ་མཁན་མོའི་ཚུལ་གྱིས་བསྟེན་པའོ། ། 7.ཀངྐ་ལི་པ། དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀངྐ་ལི་པ་སྐུ་མདོག་སྔོ་སངས། དབུ་སྐྲ་ཅོ་བྲེགས། ཕྱག་མཉམ་བཞག་གིས་བཞུགས་ཤིང་རྒྱུན་དང་བྲལ་བ། མདུན་ན་བུད་མེད་ཀྱི་རོ་ཤ་མེད་པ་ཀེང་རུས་ཉལ་སྟབས་སུ་གནས་པའོ། ། 8.དཔལ་གྲུབ་པའི་དབང་ཕྱུག་ཆེན་པོ་མཱི་ན་པ་ནི། སྐུ་མདོག་སྔོ་སངས། གཅེར་བུ། རྒྱུན་སྤུངས་ཤིང་དབུ་སྐྲ་འཛིངས་པ། ཕྱག་གཉིས་གར་བསྒྱུར་བའི་ཚུལ། མཱི་ན་སྟེ་ཉ་ཆེན་པོའི་ཁོག་པ་གཤགས་པའི་དབུས་ནས་ཐོན་པའི་ཚུལ་གྱིས་ཞབས་གཉིས་གར་སྟབས་ཀྱིས་བཞེངས་པའོ། ། 9.ཤྲཱི་གོ་རག་ན་ཐ། ལྷའི་མཆོད་རྫས་སོགས་སྔ་མ་ལྟར་བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཤྲཱི་གོ་རཀྵ་ནཱ་ཐ་སྐུ་མདོག་དཀར་པོ། སྤྱན་ལྟ་སྟངས་ཅན། སྙན་ལ་མུ་དྲ་ནག་པོ་དང་། མགུལ་དུར་དུང་བཏགས་པ། སྐུ་ལུས་གཅེར་བུའམ་ཙཀྲ་ཀུནྟ་སྟེ་འཁོར་ལོ་ལྟ་བུའི་བེམ་པོ་གསོལ་བ། སྒོམ་ཤིང་ལ་ཀོས་ཀོ་བརྟེན་པའི་ཚུལ་གྱིས་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུའི་ཉེ་སྐོར་དུ་གླིང་གི་ཁྱུའི་ཚོགས་མང་པོས་བསྐོར་བའོ། ། 10.ཙོ་རརྨི་པ། མཆོད་རྫས་སོགས་གོང་ལྟར་གྱི་དབུས་སུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཙོ་རཏྲི་པ་ཤིང་ལྗོན་པ་ལ་སྐུ་རྒྱབ་བརྟན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཆུང་ངུ་དང་ལྡན་ཞིང་། སྐུ་ཤ་སྔོ་སངས་རས་ཀྱི་སྨད་དཀྲིས་ཅན། ཕྱག་མཉམ་བཞག ཞབས་སྐྱིལ་ཀྲུང་གིས་བཞུགས་པའོ། ། 11.ཝཱི་ན་པ། མཆོད་པའི་བྱེ་བྲག་མཐའ་ཀླས་པའི་དབུས་སུ། རིན་པོ་ཆེའི་ཁྲི་དང་སྟན་བཟང་པོ་ལ་གྲུབ་པའི་སློབ་དཔོན་ཆེན་པོ་ཝི་ན་པ་སྐུ་མདོག་དཀར་དམར་དར་ཟབ་ཀྱི་ན་བཟའ་དང་ཐོད་བཅིངས་པ་རྒྱལ་པོའི་ཆ་བྱད་ཅན། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕྱག་གཉིས་ཛནྟར་དུར་བར་གྲགས་པ་ཀུ་བ་གསུམ་པའི་རྒྱུད་མངས་བརྡུང་བའི་སྒྲ་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བའི་ཚུལ་ཅན་ནོ། ། 12.ཤཱནྟི་པ། འཕགས་པ་དཀོན་མཆོག་གསུམ་གྱི་གཙུག་ལག་ཁང་ཆེན་པོ་བཀོད་པ་ཁྱད་པར་འཕགས་པའི་ནང་དུ། ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པ་བརྒྱན་པའི་དབུས་ཀྱི་རིན་པོ་ཆེའི་ཁྲི་དང་གདིང་བའི་སྟན་ལ་དཔལ་གྲུབ་ པའི་སློབ་དཔོན་ར་ཨ་ཀ་ར་ཤཱནྟི་པ་སྐུ་མདོག་དཀར་སྔོ་ཅུང་ཟད་བགྲེས་པའི་རྣམ་པ་ཅན། ཆོས་གོས་རྣམ་པ་གསུམ་དང་། པཎྜི་ཏའི་ཅོད་པན་གསོལ་བ། ཕྱག་གཡས་བཤད་པའི་ཕྱག་རྒྱུ། གཡོན་གླེགས་བམ་བསྣམས་པ། ཟབ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཅན་ནོ། ། 13.ཏནྡྲི་པ། ལྷ་རྫས་སོགས་གོང་ལྟར་གྱི་དབུས་སུ་གྲུབ་ཆེན་ཏནི་པ། སྐུ་མདོག་སྔོ་སངས་ཤིན་ཏུ་སྨིན་པའི་ན་ཚོད་ཅན། ཨག་ཚོམ་དང་སྨ་ར་རིང་དུ་འཕྱང་བ། དབུ་སྐྱེས་ཐམས་ཅད་ཀུཎྜ་ལྟར་དཀར་བ། རས་ཀྱི་སྨད་དཀྲིས་གསོལ་ཞིང་། ཁྲི་ཐགས་ཀྱི་བྱ་བ་ལ་བརྩོན་པའི་ཚུལ་དུ་ཆོས་ཀྱི་ངེས་གནས་བརྡ་ཐབས་ཀྱིས་སྟོན་པའོ། ། 14.ཙ་མ་རི་པ། རྫས་སོགས་གོང་ལྟར་གྱི་དབུས་སུ། དཔལ་གྲུབ་པའི་དབང་ཕྱུག་ཙ་མ་རི་པ་སྐུ་མདོག་སྔོ་སངས་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཉིས་ལྷམ་བཟོའི་བྱ་བ་མཛད་པས་ཀུན་རྫོབ་བརྡས་གཉུག་མོ་སེམས་ཀྱི་དོན་མཚོན་པ། ཞབས་གཉིས་ཅི་བདེར་བཞུགས་པའོ། ། 15.ཁཎྜ་པ། གྲུབ་པའི་སློབ་དཔོན་ཆེན་པོ་ཁ་ཆ་པ་སྐུ་མདོག་སྔོ་སངས། རས་ཀྱི་ཨང་རག་གསོལ་བ། ཕྱག་གཡས་གྲུབ་པའི་རལ་གྲི་ཡེ་ཤེས་ཀྱི་མེ་འབར་བ་བསྣམས་ཏེ་ནམ་མཁའ་ལ་འཕུར་བའི་ཚུལ་ཅན་ནོ། ། 16.ཀླུ་སྒྲུབ། མཆོད་པའི་བྱེ་བྲག་མཐའ་ཡས་པའི་དབུས་ཀྱི་རིན་པོ་ཆེའི་ཁྲི་དང་སྟན་བཟང་པོ་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་མདོག་སྔོ་སངས་ནོར་བུ་རིན་པོ་ཆེ་རྒྱལ་པོའི་མདོག་ལྟ་བུ། དྭངས་ཤིང་དྲི་མ་མེད་པ་ཤིན་ཏུ་ངོ་མཚར་བ། མཚན་དཔེས་བརྒྱན་ཅིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཐུགས་ཀར་མཛད་ཅིང་། ན་བཟའ་ཆོས་གོས་རྣམ་གསུམ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཀླུའི་རྒྱལ་པོས་སྦྲུལ་གྱི་གདེངས་ཀ་ཕུལ་བའམ་སྦྲུལ་གྱི་རྣམ་པས་མཆོད་ཅིང་བསྙེན་བཀུར་བའི་ཕྱིར་སྦྲུལ་གྱི་གདེངས་ཀའི་གྲིབ་མ་ལ་སྐུ་རྒྱབ་བརྟེན་པའོ། ། 17.ནག་པོ་སྤྱོད་པ། མཆོད་རྫས་གོང་ལྟར་གྱི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཀཉྩི་པའམ་བརྟུལ་ཞུགས་སྤྱོད་པ་ནག་པོའི་ཞབས་སྐུ་མདོག་ནག་པོ། ཕྱག་གཡས་ཅང་ཏེའུ་འཁྲོལ་ཞིང་། གཡོན་ཐོད་པ་བདུད་རྩིས་གང་བོ་ཐུགས་ཀར་འཛིན་པ། མཆན་ཁུང་དུ་ཁཎྞཾ་ག་སྐུ་ལ་རུས་པའི་རྒྱན་དྲུག་དང་སྟག་ཤམ་གསོལ་བ། བི་ཤྭ་རཱུ་པ་ཞེས་པའི་སྲིན་མོའི་གཙོ་མོ་འཇིགས་སུ་རུང་བའི་གཟུགས་གདན་དུ་བཏིངས་བའམ་བཞོན་པའི་ཚུལ་གྱིས་སྲིན་མོའི་སྟེང་ཕྱེད་སྐྱེལ་གྱིས་བཞུགས་ཤིང་། རེས་འགའ་རོ་ལངས་ཆེན་པོ་མེ་ཏོག་གི་ཕྲེང་བས་བརྒྱན་པ་ལ་ཆིབས་པ་སོགས་སྣ་ཚོགས་རྫུ་འཕྲུལ་རོལ་པ་སྟོན་པ་སྟེང་གི་ནམ་མཁར་གདུགས་བདུན་འཛིན་མཁན་མེད་ཅིང་རྟེན་མེད་པར་འཁོར་ཞིང་། ཌ་མ་རུ་བདུན་འཁྲོལ་བ་མེད་པར་སྒྲ་གྲགས་བཞིན་པ། རེས་འགའ་གདུགས་བདུན་བརྒྱ་དང་ཌ་མ་རུ་བདུན་བརྒྱུར་འཕེལ་བའི་ཆོ་འཕྲུལ་ཅན། སྣང་བ་དང་མི་སྣང་བའི་འཁོར་གྲུབ་པ་དང་རིག་འཛིན་གྱི་རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པ་འདུ་ཞིང་རྟག་ཏུ་སྤྱོད་པའོ། ། 18.འཕགས་པ་ལྷ། སྣ་ཚོགས་མཆོད་པའི་སྤྲིན་གྱི་དབུས་སུ། དགེ་སློང་གི་ཡོ་བྱད་གདིང་བའི་སྟན་ལ་སློབ་དཔོན་ཆེན་པོ་ཀརྨ་རི་པའམ་ཨཱཆ་དེ་ཝ་སྟེ་འཕགས་པ་ལྷ། སྐུ་སྔོ་སངས། དགེ་སློང་གི་ཆ་བྱད་ཆོས་གོས་རྣམ་གསུམ། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཀརྣ་རི་ཞེས་པའི་ཤིང་ཆེན་པོ་ཕྱག་ན་བསྣམས་པའོ། ། 19.ཐ་ཀ་ན་པ། མཆོད་རྫས་གོང་ལྟར་གྱི་དབུས་སུ་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཐ་ག་ན་སྐུ་མི་ཤ་ཁ་སྔོ་སངས། ཤིང་ལྗོན་པ་ལ་སྐུ་རྒྱབ་བརྟེན་པའི་ཕྱེད་སྙེས་ཀྱིས་བཞུགས་ཤིང་ཕྱག་ས་གནོན་སོགས་ཅི་བདེར་སྤྱོད་པའོ། ། 20.ནཱ་རོ་པ། ལྷ་རྫས་ལ་སོགས་མཆོད་པའི་རྫས་མཐའ་ཀླས་པས་བརྒྱན་པའི་དབུས་སུ། རི་དྭགས་ཀྲྀཥཱ་སཱ་རའི་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཆེན་པོ་དཔལ་ནཱ་རོ་པ། སྐུ་མདོག་སྨུག་ནག གཟི་བྱིན་མཚུངས་པ་མེད་པའི་ཟིལ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཚུགས། སྐུ་ལ་རུས་པའི་རྒྱན་དྲུག་སོགས་ཀྱིས་སྤྲས་པ། དར་གྱི་ཨངྒ་རིག་གསོལ་བའམ་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། མི་ལྤགས་ཀྱི་སྟོད་གཡོགས་མཛད་པའི་རྐང་ལག་གཉིས་ཕྱག་གིས་བཟུང་སྟེ་ཕན་ཚུན་དུ་བརྒྱུངས་པའམ། ཕྱག་གཡོས་ཀྱི་མི་ལྤགས་བརྒྱངས་ཤིང་། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གར་སྟབས་སམ་བརྐྱངས་བསྐུམ་གྱི་ ཚུལ་དུ་བཞུགས་ཤིང་། མདུན་དུ་གསང་ཡུམ་མཁའ་འགྲོ་མ་མི་མོའི་རྣམ་པ་ཅན་མཛེས་སྡུག་ཕུན་སུམ་ཚོགས་པས་བདུད་རྩི་འབུལ་བ་བཅས་སོ། ། 21.ཤུ་ལི་པ། དུར་ཁྲོད་ཀྱི་གཞི་འཇིགས་རུང་བར་པགས་པའི་སྟན་ལ་གྲུབ་པའི་དབང་ཕྱུག་ཆེན་པོ་བྱཱ་ལི་པ་སྐུ་མདོག་སྔོ་སངས། རས་ཀྱི་ཨང་རག་གསོལ་ཞིང་། ཅེ་སྤྱང་གི་རོ་ཕྲག་པར་བཀལ་བའོ། ། 22.ཏིལླིང། མཆོད་པའི་བྱེ་བྲག་མཐའ་ཀླས་པས་བརྒྱན་པའི་དབུས་སུ། གྲུབ་པའི་སློབ་དཔོན་ཆེན་པོ་ཏིལླི་པ་སྐུ་ཤ་སྔོ་ནག་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིས་ཀྱི་ཨང་རག་གསོལ་ཞིང་ཏིལ་རྡུང་བའི་རྣམ་པ་ཅན། མདུན་དུ་རིག་མ་ཞིང་གི་རྣལ་འབྱོར་མ་ཏིལ་མཁན་མའི་རྣམ་པ་ཅན་གྱིས་ཏིལ་ལུགས་པའི་བྱ་བ་ལ་བརྩོན་པས། གཉུག་མའི་ཡེ་ཤེས་རང་ལ་རང་ཆས་སུ་བཞུགས་པ་ངོ་སྤྲོད་པའི་བརྡ་མཚོན་པ་བཅས་སོ། ། 23.ཙ་ཏྲ་པ། ལྷ་མིའི་ཡོ་བྱད་ཕུན་སུམ་ཚོགས་པས་བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཙ་ཏྲ་པ་སྐུ་མདོག་དཀར་དམར། རབ་བྱུང་གི་ཆ་བྱད་ཅན། རྒྱབ་ཏུ་གླེགས་བམ་གྱི་ཁུར་བུ་བསྣམས་ཤིང་། ཕྱག་ཏུ་གླེགས་བམ་ཆུང་ངུ་འཛིན་པའོ། ། 24.བྷ་དྲ་པ། རྒྱུན་དང་མཆོད་རྫས་དཔག་ཏུ་མེད་པ་བརྒྱན་པའི་དབུས་སུ་ཀྲྀཥྛ་སཱ་རའི་པགས་པའི་གདན་ལ། གྲུབ་པའི་སློབ་དཔོན་གུ་རུ་བྷ་དྲ་པ་སྐུ་ཤ་དཀར་དམར་ལང་ཚོ་རྒྱས་པའི་ཉམས་དང་ལྡན་པ། དབུ་སྐྲ་ཤད་པ་བཅིངས་པའི་ཐོར་ཅོག་ཅན། ཚངས་སྐུད་དང་རིན་པོ་ཆེའི་རྒྱན་གྱི་རིགས་ཀྱི་ཐོར་བུས་སྤྲས་པ། ཕྱག་མཉམ་པར་བཞག་པའི་ཕྱག་རྒྱ། ཞབས་སྐྱིལ་ཀྲུང་། སྐུའི་མདུན་ངོས་སུ་ཕག་གི་ཤ་དང་མྱོས་བྱེད་ཀྱི་བུམ་པོ་བཅས་ཡོད་པ། དེའི་གཡས་ཕྱོགས་བྲག་སྟེང་མཐོ་ས་ན་བླ་མ་རྣལ་འབྱོར་པ་རལ་པའི་ཐོར་ཚུགས་ཅན་མཉམ་བཞག་ལ་བཞུགས་པའོ། ། 25.དྷུ་ཁནྟི་པ། པགས་པའི་གདན་ལ་གྲུབ་པའི་དབང་ཕྱུག་ཆེན་པོ་རླུ་ཁནྟི་པ་སྐུ་མདོག་སྔོ་སངས། དབུ་སྐྲ་ཅོ་བྲེགས། ཕྱགས་དར་ཁྲོད་ཀྱི་གོས་ཧྲུལ་པོ་སྣ་ཚོགས་གཅིག་ཏུ་བསྡུས་ནས་འདྲུབ་པའི་ཚུལ་གྱིས། ཆོས་ཅན་ཐམས་ཅད་ཆོས་ཉིད་གཅིག་ཏུ་འདུ་བའི་བརྡ་སྟོན་པ། ཞབས་གཡས་མདུན་དུ་བརྐྱངས་ཞིང་། གཡོན་ཕྱེད་སྐྱིལ་གྱིས་བཞུགས་པའོ། ། 26.ཨ་ཛོ་གི་པ། དུར་ཁྲོད་གྱི་ས་གཞི་མི་མགོ་སྐམ་རྙིད་རློན་པས་གང་བའི་གཞི་ལ། གྲུབ་པའི་སློབ་དཔོན་ཨ་ཛོ་གི་པ་སྐུ་མདོག་སྔོ་སྐྱ། རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་པ་འཕྲེད་ཉལ་སྟབས་ཀྱིས་གཟིམས་པའི་ཚུལ་ཅན་ ནོ། ། 27.ཀ་ལ་པ། ལྷ་རྫས་སོགས་མཐའ་ཀླས་པས་བརྒྱན་པའི་དབུས་སུ། གྲུབ་ཐོབ་ཆེན་པོ་ཀ་ལ་པ་སྐུ་མདོག་དཀར་དམར་མཛེས་ཤིང་ལྟ་བས་མི་ངོམས་པ། རྣལ་འབྱོར་གྱི་ཆས། རལ་པའི་ཐོར་ཚུགས་ཆུང་ངུ་ཅན། ཕྱག་མཉམ་བཞག ཞབས་སྐྱིལ་ཀྲུང་གིས་བཞུགས་པའོ། ། 28.དྷུ་བི་པ། མཆོད་རྫས་སོགས་གོང་ལྟར་བརྒྱན་པའི་དབུས་སུ། པགས་པའི་གདན་ལ་གྲུབ་པའི་དབང་ཕྱུག་རྒྱུ་བི་ར་ཛ་སྐུ་མདོག་སྔོ་སངས། རས་ཀྱི་སྨད་དཀྲིས་གསོལ་ཞིང་ཞབས་པུས་བཙུགས། མདུན་དུ་ཆུ་རྒྱུན་ལ་གོས་རྙིང་པ་སྣ་ཚོགས་པ་འཁྲུད་པའི་ཚུལ་གྱིས་སེམས་ཀྱི་དྲི་མ་སྦྱོང་བའི་བརྡ་སྟོན་པ། གཡོན་དུ་རིག་མས་བསྟེན་པའོ། ། 29.ཀརྐ་ན་པ། མཆོད་པའི་ཡོ་བྱད་མཐའ་ཡས་པས་བརྒྱན་པའི་དབུས་ཀྱི་རིན་པོ་ཆེའི་ཁྲི་བཀོད་ལེགས་དང་དར་ཟབ་ཀྱི་འབོལ་ལ། གྲུབ་ཐོབ་ཆེན་པོ་ཀརྨ་ན་སྐུ་མདོག་དཀར་དམར་གདངས་ལྡན། རྒྱལ་པོའི་ཆ་བྱད་དར་དང་རིན་པོ་ཆེས་སྤྲས་པ། ཕྱག་གཡས་པའི་གདུ་བུ་ནོར་བུ་རིན་པོ་ཆེ་འོད་འབར་བ་ལ་རྩེ་གཅིག་ཏུ་གཟིགས་པའི་ཚུལ་ཅན་ཞབས་རོལ་སྟབས་སུ་བཞུགས་པ། མཐའ་སྐོར་བཙུན་མོ་དང་བློན་འབངས་ཀྱིས་བསྐོར་ཞིང་། སྟེང་གི་ནམ་མཁའ་ནས་ལྷ་དང་ལྷ་མོ་ཚོགས་ཀྱིས་མཆོད་པ་འབུལ་བའོ། ། 30.ཀསྨྲ་ལ་པ། ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ། རི་དྭགས་ཀྲྀཥཱ་སཱ་རའི་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཆེན་པོ་ལྭ་ཝ་པའམ་ཀམྤ་ལ་པ། སྐུ་མདོག་དཀར་དམར་དགེ་སློང་གི་ཆ་བྱད་ཅན། སྐུ་ལ་ལཱ་བའི་ན་བཟའ་གསོལ་ཞིང་། ཕྱག་མཉམ་བཞག་གི་ཕྱག་རྒྱས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་བཞིན་བཞུགས་པའོ། ། 31.ཌིདྷི་པ། ལྷའི་རྫས་སོགས་མཆོད་པའི་བྱེ་བྲག་ཕུན་སུམ་ཚོགས་པའི་དབུས་སུ་ཀྲྀཥཱ་སཱ་རའི་པགས་པའི་གདན་ལ། སློབ་དཔོན་ཆེན་པོ་ཌིདི་པ་སྐུ་ལ་སྨད་དཀྲིས་གསོལ་ཞིང་རལ་པའི་ཐོར་ཚུགས་ཅན། ཕྱག་གཉིས་ཀྱིས་སྣོད་དུ་འབྲས་བླུགས་ཏེ་གཏུན་ཤིང་གིས་འབྲས་སྤུ་ཞིང་ཆུ་ལ་འཁྱུད་པས་སྙིང་པོ་དོན་གྱི་བརྡ་སྟོན་པ། ཞབས་པུས་བཙུགས་ཀྱི་རྣམ་པ། སྐུའི་གམ་ནས་རིག་མ་བཟང་མོས་ཆུའི་རྒྱུན་ལུག་པའོ། ། 32.བནྡྷེ་པ། མཆོད་པའི་ཡོ་བྱད་གོང་ལྟར་བརྒྱན་པའི་དབུས་སུ། རིན་པོ་ཆེའི་ཁྲི་དར་ཟབ་འབོལ་དང་བཅས་པའི་སྟེང་དུ་གྲུབ་པའི་སློབ་དཔོན་ཆེན་པོ་བརྙེ་པ་རྒྱལ་པོའི་ཆ་བྱད། སྐུ་དཀར་དམར་མདངས་ལྡན། དར་གྱི་མ་དང་ཐོད་བཅིངས་ཤིང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཕྱེད་སྐྱིལ་ལམ་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། ། 33.ཏནྟེ་པ། མཆོད་རྫས་གོང་ལྟར་བཤམས་པའི་དབུས་སུ་གྲུབ་པའི་དབང་ཕྱུག་ཏནྟེ་པ་སྐུ་སྔོ་སངས་རྒྱ་གར་ཕལ་པའི་ཆ་བྱད། རས་ཀྱི་སྨད་དཀྲིས་དང་ཐོད་བཅིངས་པ། ཕྱག་གཉིས་རྒྱ་གར་གྱི་ལུགས་དང་མཐུན་པའི་ཤོ་བསྣམས་ཏེ་ཤོ་སྟེགས་ཀྱི་སྟེང་དུ་རོལ་རྩེད་མཛད་པའི་ཚུལ་ཅན་ནོ། ། 34.ཀུ་ཀུ་རི་པ། ལྷ་མིའི་འདོད་ཡོན་སྣ་ཚོགས་ཀྱིས་བརྒྱན་པའི་དབུས་སུ། ཀྲྀཥཱ་སཱ་རའི་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཆེན་པོ་ཀུ་ཀུ་རི་པ། སྐུ་མདོག་མི་ཤ་ཁ་སྔོ་མདངས་ཅུང་ཟད་ཡོད་པ། རལ་པའི་ཐོར་ཚུགས་དང་། རུས་པའི་རྒྱུན། རས་ཀྱི་སྨད་དཀྲིས་ཅན། ཕྱག་གཡོན་ཀ་པ་ལ་བདུད་རྩིས་གང་བ་འཛིན་ཅིང་། སྐུ་པང་དུ་རྡོ་རྗེ་རྣལ་འབྱོར་མ་ཀུ་ཀུ་རཱི་གཞོན་ནུ་མ་ལང་ཚོ་གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་ཅིང་། སྐུ་པང་དུ་རྡོ་རྗེ་རྣལ་འབྱོར་མ་ཀུ་ཀུ་རཱི་གཞོན་ནུ་མ་ལང་ཚོ་དང་ལྡན་པའི་གཟུགས་ཅན་ཕྱག་གཡས་ཀྱིས་བཟུང་སྟེ་དགྱེས་རྒུར་རོལ་བའི་ཚུལ་དུ་བཞུགས་པའོ། ། 35.ཀུ་ཛི་པ། པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཀུ་ཛི་པ་སྐུ་མདོག་སྔོ་སངས། རྣལ་འབྱོར་པའི་ཆ་བྱད་རས་ཀྱི་ཨང་རག་གསོལ་བ། ལྟག་པའི་ཕྱོགས་སུ་ཝ་བས་མཚན་པ། མདུན་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པ་ལ་གུས་པ་དང་བཅས་བསྙེན་པའི་ཚུལ་ཅན་ནོ། ། 36.དྷ་མ་པ། མཆོད་པའི་བྱེ་བྲག་མཐའ་ཡས་པས་བརྒྱན་པའི་དབུས་སུ། ཀྲྀཥཱ་སཱ་རའི་པགས་པའི་གདན་ལ་གྲུབ་ཆེན་དྷ་མ་པ། སྐུ་ཤ་དཀར་སྔོ། བྲམ་ཟེའི་ཆ་བྱད་ཚངས་སྐུད་རིལ་བ་གཙུག་ཕུད་དང་བཅས་ཤིང་། རས་ཀྱི་སྨད་དཀྲོས་ཅན། ཕྱག་ན་གླེགས་བམ་བསྣམས་ཤིང་། སྐུའི་ཉེ་སྐོར་དུ་པོ་ཏི་མང་པོ་དང་བཅས་པའོ། ། 37.མ་ཧི་ལ། མཆོད་རྫས་གོང་ལྟར་གྱི་དབུས་སུ་ཀྲྀཥཱ་སཱ་རའི་པགས་པའི་གདན་ལ་གྲུབ་ཆེན་མ་ཧི་ལ་སྐུ་ལུས་ཡན་ལག་སྦོམ་ཞིང་ཤ་སུལ་ཅན། གཞན་ལ་ལུས་སྟོབས་འགྲན་པའི་ཚུལ་ཅན་ནོ། ། 38.ཨ་ཙིནྟ་པ། ནགས་ཚལ་གྱི་ཕྲེང་བར་མཆོད་རྫས་ཀྱི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཨ་ཙིནྟ་པ། རས་ཀྱི་འདོམས་དཀྲིས་གསོལ་ཞིང་། ཤིང་ཕུང་དང་སྟ་རེ་བསྣམས་ནས་ཤིང་གཅོད་པའི་ཚུལ་གྱིས་འཁྲུལ་པའི་དྲ་བ་གཅོད་པའི་བརྡ་སྟོན་པའོ། ། 39.པ་བྷ་ཧི། དབུས་སུ་རིན་པོ་ཆེའི་ཁྲི་དང་དར་ཟབ་བཟང་པོའི་འབོལ་སྟན་ལ། གྲུབ་པའི་སློབ་དཔོན་ཆེན་པོ་བ་བྷ་ཧི། མི་བདག་གི་ཆ་བྱད། སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ལ། ན་བཟའ་སྨད་གཡོགས་ལས་གཞན་མེད་པ། དབུ་རྒྱན་དང་ཕྱག་ཞབས་ཀྱི་རིན་པོ་ཆེའི་གདུ་བུ་སོགས་ཀྱིས་མཛེས་པ། སྐུའི་གཡོན་ཕྱོགས་ནས་མཚར་སྡུག་ཕུན་སུམ་ཚོགས་པའི་བཙུན་མོས་འཁྱུད་པས་འཕོ་མེད་བདེ་ཆེན་རོ་ལ་དགྱེས་པས་རོལ་པའོ། ། 40.ནཱ་ལི་ནཱ་པ། མཆོད་པའི་རྫས་ཕུན་སུམ་ཚོགས་པའི་དབུས་སུ་པགས་པའི་གདན་ལ་གྲུབ་པའི་དབང་ཕྱུག་ནཱ་ལི་ནཱ་པ་སྐུ་མདོག་དཀར་དམར། བྲམ་ཟེའི་ཆ་བྱད། མཚོའི་དབུས་ན་མེ་ཏོག་པདྨའི་སྡོང་བུ་རྩ་བ་དང་བཅས་ཏེ་སྐུ་མདོག་དཀར་དམར། བྲམ་ཟེའི་ཆ་བྱད། མཚོའི་དབུས་ན་མེ་ཏོག་པདྨའི་སྡོང་བུ་རྩ་བ་དང་བཅས་ཏེ་གཅོད་པའོ། ། 41.ཞི་བ་ལྷ། མཆོད་རྫས་སྔ་མ་ལྟར་བརྒྱན་པའི་དབུས་སུ། སེང་གེས་བཏེགས་པའི་ཁྲི་བཟང་པོར་འབོལ་སྟན་གདིང་བས་བཀབ་པའི་སྟེང་དུ། གྲུབ་པའི་སློབ་དཔོན་ཆེན་པོ་བྷུ་སུ་ཀུ་པའམ། ཤཱནྟ་དེ་ཝའམ་སློབ་དཔོན་ཞི་བ་ལྷ་ནི། སྐུ་མདོག་དཀར་དམར་ཤ་ཉམས་རྒྱས་པ། དགེ་སློང་གི་ཆ་བྱད་ཆོས་གོས་གསོལ་བ། ཞབས་སྐྱིལ་མོ་ཀྲུང་བཅས་ཏེ་དགེ་སློང་གི་དགེ་འདུན་ཆེན་པོའི་དབུས་སུ། འཇིགས་པ་མེད་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུང་བཞིན་དུ་སྐུ་ལུས་ནམ་མཁའ་ལ་ཇེ་མཐོར་འཕགས་པའི་ཚུལ་ཅན་ནོ། ། 42.ཨིནྡྲ་བོ་དྷི། གཞལ་ཡས་ཁང་ཡིད་དུ་མཆིས་པར་མཆོད་རྫས་སྣ་ཚོགས་ཀྱིས་བརྒྱན་པའི་དབུས་སུ། རིན་པོ་ཆེའི་ཁྲི་དང་དར་ཟབ་ཀྱི་འབོལ་ལ། གསང་བ་སྔགས་ཀྱི་བདག་པོ་ཆེན་པོ་གྲུབ་པ་ཀུན་གྱི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་ཨིནྡྲ་བོ་དྷི་སྐུ་མདོག་དཀར་ལ་དམར་བའི་མདངས། བརྗིད་ཅིང་མཛེས་པ། འཁོར་ལོ་བསྒྱུར་བ་ཆེན་པོའི་ཆ་བྱེད། ཁམས་གསུམ་དབང་ཕྱུག་ཆེན་པོའི་འབྱོར་པས་གཏམས་ཤིང་། རྡོ་རྗེ་རྣལ་འབྱོར་མ་མིའི་བུ་མོའི་ཚུལ་བཟུང་བའི་མཚར་སྡུག་ཕུན་སུམ་ཚོགས་པ་ལྔ་བརྒྱས། གླུ་དང་། གར་དང་། རོལ་མོ་དང་། རེག་བྱ་ལ་སོགས་ཀྱིས་རྟག་ཏུ་མཆོད་ཅིང་། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དགའ་སྟོན་ལམ་དུ་ཁྱེར་བའི་སྤྲོས་བཅས་ཀྱི་སྤྱོད་པ་ཆེན་པོ་བརྩམས་པའི་ཚུལ་ཅན་གྱིས་དགྱེས་རྒུར་རོལ་པའོ། ། 43.མེ་ཀོ་པ། མཆོད་རྫས་གོང་ལྟར་བརྒྱན་པའི་དབུས་སུ། གྲུབ་པའི་སློབ་དཔོན་མེ་ཀོ་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཁྱིམ་པ་ཐ་མལ་པའི་ཆ་བྱད། གོས་ཕུ་དུང་ཅན་དང་ཐོད་བཅིངས་པ། ཕྱག་གཉིས་སྣུམ་ཁུ་བཟོ་བའི་བྱ་བ་མཛད་ཅིང་། སྐུའི་མདུན་ཕྱོགས་སུ་ཁ་ཟས་ཀྱི་བྱེ་བྲག་སྣ་ཚོགས་བཤམས་ཤིང་། རིག་མཛེས་མས་གཡོས་ཀྱི་བྱ་བ་མཛད་པའི་ཚུལ་ཅན་ནོ། ། 44.ཏོག་ཙེ་པ། ལྷ་རྫས་སོགས་གོང་ལྟར་གྱི་དབུས་སུ་གྲུབ་པའི་དབང་ཕྱུག་ཏོག་ཙེ་པ། སྐུ་མདོག་སྔོ་ནག་དབུ་ལ་ཐོད་བཅིངས་ཤིང་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཉིས་ཀྱིས་ཏོག་ཙེའམ་འཇོར་བསྣམས་ཏེ་ཞིང་ཐ་རེངས་བརྐོ་བའི་ཚུལ་གྱིས། རང་རྒྱུད་རེངས་པོའམ་གྱོང་པོ་འདུལ་དགོས་པའི་བརྡ་མཛད་པའོ། ། 45.ཀནྡྷ་རི་པ། མཆོད་རྫས་གོང་ལྟར་གྱི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཀམྦྷ་རི་པ་སྐུ་མདོག་སྔོ་ནག ཤ་ནའི་གོས་ཀྱི་སྨད་དཀྲིས་ཅན་ཐོད་བཅིངས་པ། ཕྱག་གཉིས་ཀྱིས་ཐོ་བ་དང་སྐམ་པ་བསྣམས་ཏེ། ལྕགས་མགར་གྱི་ལས་ལ་བརྩོན་པས་དུག་གསུམ་ཆོས་ཀྱི་སྐུ་རུ་སྦྱངས་པའི་བརྡ་སྟོན་པའོ། ། 46.ཛ་ལནྡྷ་ར་པ། མཆོད་པའི་ཡོ་བྱད་གོང་དང་འདྲ་བའི་དབུས་སུ་ཀྲྀཥཱ་སཱ་རའི་པགས་པའི་གདན་ལ་གྲུབ་པའི་དབང་ཕྱུག་ཆེན་པོ་ཛ་ལནྡྷ་ར་པའམ་ཆུ་འཛིན་ཞབས། སྐུ་མདོག་དཀར་དམར་རལ་པའི་ཐོར་ཚུགས་དང་རུས་རྒྱུན་ཅན། རས་དམར་གྱི་འདོམས་དཀྲིས་གསོལ་བ། ཞབས་ཡ་གཅིག་རྒྱབ་ནས་དཔུང་པར་བཀལ་ཞིང་། ཡ་གཅིག་གིས་པུས་མོ་པགས་པའི་གདན་ལ་བཙུགས་ཏེ་བཞེངས་པའི་ཚུལ་ཅན། ཕྱག་གཉིས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ལྡོག་སྟེ་སྤྱི་བོར་འཆིང་བ། གཡོན་གྱི་ཕྱོགས་ནས་རིག་མ་རྣལ་འབྱོར་མའི་ཆ་བྱད་ཀྱིས་འདུད་བཞིན་པའོ། ། 47.རཱ་ཧུ་ལ་པ། ཀྲྀཥཱ་སཱ་རའི་པགས་པའི་གདན་ལ། གྲུབ་པའི་སློབ་དཔོན་རཱ་ཧུ་ལ་པ་སྐུ་མདོག་སྔོ་སངས་ཅུང་ཟད་བགྲེས་ཉམས། དབུ་སྐྲ་ཅོ་བྲེགས། ། ཕྱག་མཉམ་བཞག ཞབས་གཉིས་སྐྱིལ་ཀྲུང་གིས་དུར་ཁྲོད་ཀྱི་གཞི་ལ་བཞུགས་ཤིང་། དུར་ཁྲོད་ཀྱི་མི་རོ་ལ་གཟིགས་པའོ། ། 48.རྨ་པ། དགེ་སྦྱོང་གི་ཡོ་བྱད་གདིང་བའི་སྟན་ལ། གྲུབ་པའི་དབང་ཕྱུག་རྨ་པ་སྐུ་སྔོ་སངས་ཆེས་ཆེར་སྨིན་པའི་ན་ཚོད་ཅན་དགེ་སྦྱོང་གི་ཆས་ལྡན། པོ་ཏི་ཕྱག་ན་བསྣམས་ཤིང་ཞབས་སེམས་སྐྱེལ་གྱིས་བཞུགས་པའོ། ། 49.དྷོ་ཀ་རི་པ། མཆོད་པའི་བྱེ་བྲག་མཐའ་ཀླས་པའི་དབུས་སུ་སློབ་དཔོན་ཆེན་པོ་དྷོ་ཀ་རི་པ། སྐུ་མདོག་སྨུག་ནག་སློང་མོ་པའི་ཆ་བྱད། ཕྱག་གཉིས་ཞེས་པའི་དྲ་བའི་སྣོད་དུ་ཁ་ཟས་ཀྱི་སྣོད་ཆེན་པོ་དབྱུག་པའི་དཔྱང་ཐག་ཅན་བསྣམས་ཏེ། སློང་མོ་སློང་བའི་ཚུལ་དུ་བཞེངས་པའོ། ། 50.མེ་དྷི་ནི་པ། དཔལ་གྲུབ་པའི་དབང་ཕྱུག་ཆེན་པོ་མེ་དྷི་ནི་པ་སྐུ་མདོ་སྔོ་སངས། རྨོས་མཁན་གྱི་ཆ་བྱད། རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་པ། རས་ཀྱི་སྨད་དཀྲིས་ཅན། རྨོས་གླང་གཉིས་ལ་གཉའ་ཤིང་བཙུགས་ཏེ། ཞིང་རྨོ་བའི་ཚུལ་གྱིས་ཆོས་ཀྱི་ངེས་གནས་སྟོན་པའོ། ། 51.པངྐ་ཛ་པ། མཆོད་པའི་ཡོ་བྱད་དཔག་ཏུ་མེད་པའི་དབུས་སུ་སློབ་དཔོན་ཆེན་པོ་པངྐ་ཛ་པ། སྐུ་མདོག་དཀར་དམར་གཞོན་པའི་ཉམས་དང་ལྡན་པ། བྲམ་ཟེའི་ཆ་བྱད། ཞབས་གར་སྟབས་ཀྱིས་བཞེངས་ཤིང་། པདྨའི་རྫིང་བུའི་འགྲམ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ལ་བསྙེན་བཀུར་མཛད་བཞིན་པའི་ཚུལ་ཅན་ནོ། ། 52.རྡོ་རྗེ་དྲིལ་བུ་པ། མཆོད་རྫས་གོང་ལྟར་གྱི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་གྷཱནྡེ་པའམ་རྡོ་རྗེ་དྲིལ་བུ་པ། སྐུ་མདོག་མི་ཤ་ཁ་སྔོ་སངས་ཞལ་ཞི་མ་ཁྲོ། རལ་པའི་ཐོར་ཚུགས་དང་རུས་པའི་རྒྱུན་དྲུག་གིས་བརྒྱན་པ།་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་ཅིང་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་རྒྱ་ལྔ་ལྡན་ཤིན་ཏུ་མཛེས་མ་ལ་མཉམ་པར་སྦྱོར་བའི་བདེ་བས་དགྱེས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱི་སྟབས་ཀྱིས་མཁའ་དབྱིངས་མཐོན་པོར་འཕགས་པའོ། ། 53.ཛོ་གི་པ། མཆོད་པའི་ཡོ་བྱད་མཐའ་ཡས་པའི་དབུས་སུ་གྲུབ་ཆེན་ཛོ་གི་པ་རྣལ་འབྱོར་གྱི་ཆ་བྱད་སྐུ་སྔོ་སངས་གཅེར་བུ། འཁར་བ་ཐོགས་པ། ཡོ་བྱད་རྣམས་ཕྲག་དབྱུག་གི་རྩེར་བཏགས་ཤིང་། ཕྲག་ཁུར་ཐོགས་པའི་རྣམ་པ་ཅན་བྱེད་པའམ། ཡང་ན་ཕྱག་ཐོད་པ་འཛིན་པར་བྱས་ཀྱང་རུང་བར་བཤད། ། 54.ཙ་ལུ་ཀི་པ། མཆོད་རྫས་གོང་ལྟར་གྱི་དབུས་སུ་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཙ་ལུ་ཀི་པ། རྣལ་འབྱོར་གྱི་ཆ་བྱད། ལ་ཊི་ཞེས་པའི་འབོལ་སྟན་སྔས་སུ་བཅུག་ནས་གཟིམས་པ། མདུན་དུ་སྒོམ་ཞིང་ཅི་བདེར་བསྒྱུར་བའི་ཚུལ་ཅན། གཡོན་ཕྱོགས་ནས་རིག་མས་བརྟེན་པའོ། ། 55.གུ་དྷུ་རི་པ། ལྷ་རྫས་ལ་སོགས་མཆོད་པའི་བྱེ་བྲག་མཐའ་ཡས་པ་བརྒྱན་པའི་དབུས་སུ་དཔལ་གྲུབ་པའི་སློབ་དཔོན་ཆེན་པོ་གུ་དྷུ་རི་པ། སྐུ་མདོག་སྔོ་སངས། སྐུ་སྨད་ཤིང་ལོའི་གོས་ཅན། དབུ་སྐྲ་ཅོ་བྲེགས། སྙི་བཙུགས་ཏེ་བྱ་སྣ་ཚོགས་པ་གཤོར་བའི་རྣམ་པ་ཅན་ནོ། ། 56.ལུ་ཙི་ཀ་པ། མཆོད་རྫས་གོང་ལྟར་བརྒྱན་པའི་དབུས་སུ་གྲུབ་ཆེན་ལུ་ཙི་ཀ་པ་སྐུ་མདོག་དཀར་ཉམས། བྲམ་ཟེའི་ཆ་བྱད་ཅན། སྐྲ་དང་ཁ་སྤུ་རྣམས་འཇབ་ཚེས་འཐོག་སྟེ་ཟད་པའི་རྣམ་པ་ཅན་ནོ། ། 57.ན་གུ་ཎ་པ། མཆོད་རྫས་དང་རྒྱུན་མཐའ་ཡས་པས་བརྒྱན་པའི་དབུས་སུ་གྲུབ་ཆེན་ན་གུ་ཎ་པ། ཁྱིམ་པའི་ཆ་བྱད། སྐུ་མདོག་དཀར་ལ་དམར་མདངས་ཅན། མལ་ཁྲི་ལ་རྒྱབ་བསྙེས་ནས་ཟས་ཟ་བའི་ཚུལ་ཅན་ནོ། ། 58.ཛ་ཡཱ་ནཟིགས་པ། མཆོད་རྫས་སོགས་གོང་ལྟར་གྱི་དབུས་སུ་ཀྲྀཥཱ་སཱ་རའི་པགས་པའི་གདན་ལ། གྲུབ་པའི་སློབ་དཔོན་ཆེན་པོ་ཛ་ཡ་ནནྡི་པ་བྲམ་ཟེའི་སློབ་དཔོན། དགེ་བསྙེན་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། རས་ཀྱི་སྨད་དཀྲིས། ཕྱག་ཏུ་ཏིང་ཤག་བསྣམས་ཏེ་བརྡུང་བའི་ཚུལ་གྱིས་གཏོར་མ་སྣ་ཚོགས་གཏོང་བའི་རྣམ་པ་ཅན། སྐུའི་མདུན་དུ་བྱ་སྣ་ཚོགས་འདུས་ཤིང་། འཁོར་སློབ་མ་སྐྱེས་པ་དང་བུད་མེད་ཚོགས་ཀྱིས་ཀྱང་རྫ་རྔ་རྡུང་བ་དང་། གླིང་བུ་འབུད་དཀྲོལ་གྱི་བྱ་བ་བྱེད་པ་ལ་བརྩོན་པ་མང་པོས་བསྐོར་ནས་བཞུགས་པའོ། ། 59.པ་ཙ་རི་པ། མཆོད་པའི་ཡོ་བྱད་གོང་ལྟར་བརྒྱུན་པའི་དབུས་སུ། གྲུབ་ཆེན་པ་ཙ་རི་པ་རྣལ་འབྱོར་གྱི་ཆ་བྱད། དབུ་སྐྲ་བྲེགས་པ། ཤིང་ལྗོན་པའི་དྲུང་ན་བཞུགས་ཤིང་མདུན་དུ་མེ་བཏང་ སྣུམ་ཁུར་བཙོས་པ་ལ། སྣུམ་ཁུར་གཅིག་གི་ཕྱེད་ཞལ་དུ་གསོལ་བའི་རྣམ་པ། ན་བཟའ་འདོམས་དཀྲིས་གྲུ་གསུམ་ཙམ་མ་གཏོགས་ གཞན་མེད་པ། མདུན་དུ་སྤྱན་རས་གཟིགས་བཞེངས་ཏེ་ཆོས་སྟོན་པའི་ཚུལ་ཙན་ནོ། ། 60.ཙམ་པ་ཀ་པ། མཆོད་པའི་བྱེ་བྲག་མཐའ་ཀླས་པས་བརྒྱན་པའི་དབུས་སུ་རིན་པོ་ཆེའི་ཁྲི་དང་དར་ཟབ་ཀྱི་འབོལ་སྟན་ལ། གྲུབ་ཆེན་ཙམ་པ་ཀ་པ་སྐུ་མདོག་དཀར་དམར། ལང་ཚོ་རྒྱས་པ། དར་གྱི་ན་བཟའ་ཕུ་ཐུང་ཅན་དང་རིན་པོ་ཆེས་བརྒྱན་པ། ཕྱག་ན་མེ་ཏོག་གི་ཕྲེང་བ་བསྣམས་པ། མཐའ་སྐོར་གྱི་སྐྱེད་ཚལ་རྣམས་ཙམ་པ་ཀའི་ཤིང་སྟེ། ཡལ་ག་རྣམས་ཟླུམ་པོར་སྐྱེས་པ། ལོ་མ་ལྗང་ནག མེ་ཏོག་སེར་སྐྱ། ཤིང་གོང་གི་སྐྱེད་ཚལ་གྱི་དབུས་ན་བཞུགས་པའོ། ། 61.བྷིཀྵ་ཎ་པ། མཆོད་རྫས་གོང་ལྟར་གྱི་དབུས་སུ་པགས་པའི་གདན་ལ་སློབ་དཔོན་ཆེན་པོ་བྷིཀྵ་ཎ་པ་སྐུ་སྔོ་སངས། ཕྱག་ན་ཀུ་བའི་སྣོད་བསྣམས་ཤིང་། ཕྱག་གཅིག་གིས་རང་གི་ཚེམས་གཅིག་བླངས་ཏེ། མདུན་མཁན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཞི་བ་རུས་རྒྱུན་ཅན་གྱིས་ཆོས་སྟོན་པ་ལ་འབུལ་བའི་ཚུལ་ཅན་ནོ། ། 62.དྷི་ལི་པ། མཆོད་རྫས་སྔ་མ་དང་མཚུངས་པའི་དབུས་སུ་གྲུབ་པའི་སློབ་དཔོན་དྷི་ལི་པ། རས་ཀྱི་ཐོད་དཀྲིས་དང་སྟོད་གཡོགས་སྨད་གཡོགས་ཅན། མདུན་དུ་མར་ནག་གི་སྣོད་ཆེན་པོ་མང་པོ་དང་། ཁ་ཟས་ཀྱི་རིགས་སྣ་ཚོགས་བཤམས་ཏེ་འཚོང་བའི་ཚུལ་ཅན་ནོ། ། 63.ཀུནྡྷ་རི་པ། མཆོད་པའི་བྱེ་བྲག་གོང་ལྟར་གྱི་དབུས་སུ་གྲུབ་པའི་སློབ་དཔོན་ཀུམྦྷ་རི་པ། རྫ་མཁན་གྱི་ཆ་ལུགས། རྫ་བཟོའི་འཕང་ལོ་བསྐོར་ཏེ་རྫ་མ་བཟོ་བའི་ཚུལ་ཅན་ལ་རྣལ་འབྱོར་མ་ཤེས་རབ་ཀྱི་དབང་མོས་རྫ་བཟོའི་གྲོགས་བྱེད་པའི་ཚུལ་གྱིས་མཐའ་ནས་བསྟེན་པའོ། ། 64.ཙ་ཊི་པ། མཆོད་རྫས་གོང་ལྟར་གྱི་དབུས་སུ་གྲུབ་ཀྱི་ཆེན་ཙ་ཊི་པ། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ན་བཟའ་མེ་ཁ་ལི་ཞེས་བོད་ཀོང་པོ་ཡུལ་གྱི་གོས་དང་ཆེ་འོདྲི་བ་དབུས་ཀྱི་བུག་པ་ནས་མགུལ་བཏོན་ཅིང་། གཡས་གཡོན་ཆ་མཐུན་ལ། མདུན་རྒྱབ་ཆ་མཐུན་གྱི་གོས་ཕྱར་བའི་དབྱིབས་ཅན་ལ་སྐུ་རགས་བཅིངས་པ། ཕྱག་གཉིས་བཅུད་ལེན་གྱི་སྣོད་གསེར་འགྱུར་གྱི་རྩིས་གང་བ་བུམ་པ་བསྣམས་པ་ལས་ཤིང་ལོའི་འཐོར་གཡོབ་ཀྱིས་གཏོར་བས། སྐྱེས་པ་དང་བུད་མེད་མཐའ་ཡས་པ་དོན་ཆེན་པོ་ལ་ཡུད་ཀྱིས་འགོད་པའོ། ། 65.རྣལ་འབྱོར་མ་མ་ཎི་བྷ་དཱ། ལྷ་དང་མིའི་འདོད་ཡོན་ས་དཔག་ཏུ་མེད་པས་བརྒྱན་པའི་དབུས་སུ། རྣལ་འབྱོར་གྱི་དབང་ཕྱུག་མ་ཆེན་མོ་མ་ཎི་བྷ་དྲྭ་བུ་མོ་གཞོན་ནུ་མ་ལང་ཚོ་ཅན། ལུས་ཕྲ་མོ་མཛེས་པའི་མཚན་མ་བཅོ་བརྒྱད་སོགས་རང་བཞིན་གྱིས་མཛེས་པ་དང་། དར་དང་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་བརྒྱན་ཅིང་མཁའ་ལ་འཕུར་ཏེ། འོག་གི་ས་གཞིར་ཆུའི་སྣོད་རྫ་མ་ཆག་པ་ལ་གཟིགས་པའི་རྣམ་པ་ཅན་ནོ། ། 66.མེ་ཁ་ལི། མཆོད་པའི་བྱེ་བྲག་གོང་ལྟར་ལ། རྣལ་འབྱོར་གྱི་དབང་ཕྱུག་མ་མེ་ཁ་ལི་སྐུ་མདོག་དཀར་ལ་དམར་བའི་མདངས་ཚོགས་པ། བཞིན་མཛེས་ལང་ཚོ་རྒྱས་ཤིང་དབུ་སྐྲ་སིལ་བུར་གྲོལ་བ། གཅེར་བུ་རུས་པའི་རྒྱན་ཅན། མཆན་ཁུང་དུ་རྡོ་རྗེ་ཁ་ཊཾ་ཀ་བཟུང་བ། ནམ་མཁའ་ལས་ཡེ་ཤེས་ཀྱི་རལ་གྲི་ཕྱུངས་ཏེ་ཕྱག་གཡས་ཀྱིས་འཛིན་ཅིང་། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཉིས་གར་སྟབས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པའོ། ། 67.ཀ་ན་ཁ་ལ། ། རྒྱུན་དང་མཆོད་རྫས་གོང་དང་མཚུངས་པའི་དབུས་སུ། རྣལ་འབྱོར་མ་ཀ་ན་ཁ་ལ་སྐུ་མདོག་དཀར་དམར་ལང་ཚོ་རྒྱས་པ། རུས་པའི་རྒྱན་ཅན། ཕྱག་གཡས་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་ལྡན་པས་རང་གི་དབུ་བཅད་དེ་ཕྱག་གཡོན་ན་འཛིན་པ་ཕག་མོ་དབུ་བཅད་མའི་ཚུལ་ལྟར། ཞབས་བརྐྱང་བསྐུམ་གར་སྟབས་ཀྱིས་ནམ་མཁའ་ལ་གར་མཛད་པའོ། ། 68.ཀི་ལི་ཀི་ལི་པ། གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོར། དུར་ཁྲོད་ཆེན་པོའི་ས་གཞི་འཇིགས་སུ་རུང་བའི་དབུས་སུ། རྣལ་འབྱོར་གྱི་དབང་ཕྱུག་ཀི་ལ་པའམ་ཀི་ལི་ཀི་ལི་པ་སྐུ་མདོག་སྔོ་ནག་གཅེར་བུ། ཏིང་ངེ་འཛིན་ལ་བཞུགས་པ། དེའི་མདུན་མཐོ་ས་ནས་རྣལ་འབྱོར་དབང་ཕྱུག་རུས་རྒྱན་ཅན་ཞིག་གིས་ཆོས་སྟོན་པའོ། ། 69.ཀནྡྷ་ལི་པ། མཆོད་པའི་བྱེ་བྲག་མཐའ་ཀླས་པས་བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཀནྡྷ་ལི་པ། སྐུ་མདོག་སྔོ་སངས་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཉིས་ཁབ་སྐུད་དང་བེམ་པོ་བསྣམས་ཏེ་ཚེམ་བུ་འདྲུབ་པའི་ཚུལ་ཅན་ནོ། ། 70.དྷ་ཧུ་ལི་པ། མཆོད་རྫས་སོགས་གོང་ལྟར་གྱི་དབུས་སུ་གྲུབ་པའི་སློབ་དཔོན་དྷ་ཧུ་ལི་པ་སྐུ་མདོག་སྔོ་སངས་རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་པ། རས་ཀྱི་སྨད་དཀྲིས་ཅན། རྩྭ་ཐག་གྲིམས་པའི་ཁུར་པོ་འཆོས་པའི་ཚུལ་ཅན་ལ། གཡོན་ནས་རིགས་མས་འདུད་པའོ། ། (འདི་ལ་དྷ་གུ་ལི་པ་ཞེས་བྲིས་པའང་སྒྲ་འགྱུར་གྱི་ཁྱད་པར་ཙམ་ལས། རྣམ་ཐར་མཐུན་པས་དོན་གཅིག་པར་སྣང་ངོ་།) 71.ཨུ་དྷི་ལི་པ། ལྷ་རྫས་གོང་ལྟར་གྱི་དབུས་སུ་གོས་སྟན་བཟང་པོ་ལ་སློབ་དཔོན་གྲུབ་བརྙེས་ཨུ་དྷི་ལི་པའམ་ཨོཌི་ལི་པ། སྐུ་མདོག་དཀར་སྨུག་གི་ཤ་ཉམས་ཅན་སྨ་ར་བཟང་པོ་དང་ལྡན་པ། གོས་ཕུ་དུང་ཅན་གསོལ་ཞིང་དབུ་ལ་རོས་ཀྱི་ཐོད་བཅིངས་པ་སོགས་ཁྱིམ་པའི་ཆ་བྱད། རིན་པོ་ཆེའི་» རྒྱན་གྱིས་སྤྲས་པ། སྤྱན་ནམ་མཁའ་ལ་གཟིགས་པ། ནམ་མཁའི་མཐོངས་སུ་སྤྲིན་ཁ་དོག་སྣ་ལྔ་ལ་གླང་པོ་ཆེ་དང་། རྟ་དང་། བྱ་ལ་སོགས་ཀྱི་གཟུགས་བརྙན་འཆར་བ་དང་། བྱ་ངང་པ་ནམ་མཁའ་ལ་འཕུར་བ། དེའི་མདུན་དུ་རྣལ་འབྱོར་པ་ཤིང་ལོ་ཐོགས་པ་ཞིག་གིས་ཆོས་འཆད་པའི་ཚུལ་ཅན་ནོ། ། 72.ཀ་པཱ་ལི་པ། མཆོད་རྫས་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་སྙིང་པོར་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བའི་དབུས་སུ་གྲུབ་ཆེན་ཀ་པཱ་ལི་པ། སྐུ་མདོག་སྔོ་ནག་རྣལ་འབྱོར་པའི་ཆ་བྱད་ཅན། འདོམས་དཀྲིས་ཙམ་ལས་ན་བཟའ་གཞན་མེད་པ། གཅེར་བུ་རུས་པའི་རྒྱུན་གྱིས་སྤྲས་པ། མདུན་དུ་བུད་མེད་བཟང་མོའི་རོ་བཞག་པའི་ཐོད་པ་བྲེགས་ཏེ་ཕྱག་ཏུ་བསྣམས་པའོ། ། 73.ཀི་ར་པཱ་ལ། མཆོད་པའི་བྱེ་བྲག་མཐའ་ཡས་བརྒྱན་པའི་དབུས་སུ་རིན་པོ་ཆེའི་སྟན་ལ་གྲུབ་པའི་སློབ་དཔོན་ཀི་ར་པཱ་ལ། སྐུ་མདོག་དཀར་སྨུག་ཅུང་ཟད་ཁྲོས་པའི་ཉམས་ལྡན། སྨ་ར་བཟང་པོ་ཅན། དབུ་ལ་ཅོད་པན་དབུས་དང་ཕྱོགས་བཞི་བཅས་རྩེ་མོ་ལྔ་ལ་རིན་པོ་ཆེའི་ཏོག་ཅན་གསོལ་བ། སྐྲ་མཚམས་སུ་དཔའ་པོའི་དར་དཔྱངས་ཞེས་པ། རིན་པོ་ཆེ་གསེར་གྱི་འཁྱུད་མོ་ལས་རྣ་ལྟག་གཡས་གཡོན་ནས་མར་དར་དཔྱངས་འཕྱངས་པ། ཕྱག་གཡས་རལ་གྲི་དང་། གཡོན་ཕུབ་བཟུང་སྟེ་རོལ་སྟབས་ཀྱིས་བཞུགས་པའོ། ། 74.ས་ཀ་ར་པ། མཆོད་རྫས་གོང་ལྟར་གྱི་དབུས་སུ་སློབ་དཔོན་ཆེན་པོ་ས་ཀ་ར་པ་དགེ་སློང་གི་ཆ་བྱད་ཅན། ཆོས་གོས་རྣམ་གསུམ་དང་ལྡན་པ། མདུན་ནི་འཕགས་པ་སྤྱན་རས་གཟིགས་སྐུ་བཞེངས་སྟབས་ཀྱིས་བཞུགས་པ་ལ་གུས་པས་མཆོད་པའི་ཚུལ་ཅན་ནོ། ། 75.སརྦ་བྷ་གླུ་པ། མཆོད་པའི་བྱེ་བྲག་གོང་ལྟར་གྱི་དབུས་སུ་གྲུབ་པའི་དབང་ཕྱུག་སརྦ་བྷ་ཀླུ་པ། སྐུ་མདོག་སྔོ་སངས་དམངས་རིགས་ཀྱི་ཆ་བྱད་རས་ཀྱི་འདོམས་དཀྲིས། སྐྲ་བཅིངས་པ། མདུན་དུ་སྣོད་གཅིག་གི་ནང་དུ་ཟས་རིགས་བཟང་ངན་སྣ་ཚོགས་པ་ཡོད་པ་ལ་ལོངས་སྤྱོད་པའི་ཚུལ་ཅན་ནོ། ། 76.ནཱ་ག་བོ་དྷི། མཆོད་རྫས་སྣ་ཚོགས་ཀྱི་དབུས་སུ་དགེ་སྦྱོང་གི་ཡོ་བྱད་གདིང་བའི་སྟན་ལ་སློབ་དཔོན་ཆེན་པོ་ནཱ་ག་བོ་དྷིའམ་ཀླུའི་བྱང་ཆུབ་སྐུ་མདོག་མི་ཤ་ཁ་སྔོ་སངས་དགེ་སློང་གི་ཆས་ཅན། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱུ་མཛད་ཅིང་ཏིང་ངེ་འཛིན་ལ་བཞུགས་པའོ། ། 77.དཱ་རི་ཀ་པ། མཆོད་པའི་བྱེ་བྲག་གོང་ལྟར་བརྒྱན་པའི་དབུས་སུ་གྲུབ་པའི་དབང་ཕྱུག་དཱ་རི་ཀ་པ། སྐུ་སྔོ་སངས། ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་ཤིང་། འཇའ་འོད་དང་བཅས་ནམ་མཁའ་ལ་འཕུར་ཞིང་ལྡིང་བའི་ཚུལ་གྱིས་གཤེགས་པ། འཁོར་དུ་མཆོག་ཏུ་གྱུར་པའི་བུད་མེད་གཟུགས་དང་ལང་ཚོགས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང་བཅས་མཁའ་ལ་བགྲོད་པའི་ཚུལ་ཅན་ནོ། ། 78.པུ་ཏ་ལི་པ། མཆོད་པའི་ཡོ་བྱད་གོང་ལྟར་གྱི་དབུས་སུ་ཀྲྀཥཱ་སཱ་རའི་པགས་པའི་གདན་ལ་སློབ་དཔོན་ཆེན་པོ་པུ་ ཏ་ལི་པ་སྐུ་སྔོ་སངས། རྣལ་འབྱོར་གྱི་ཆ་བྱད། དབུ་སྐྲ་ཅོ་བྲེགས། སྒོམ་ཐག་དང་ཨང་རག་གསོལ་བ། མདུན་དུ་དཔལ་དགྱེས་པ་རྡོ་རྗེའི་སྐུ་རས་བྲིས་བཤམས་པ་ལ་རྩེ་གཅིག་ཏུ་གཟིགས་པའོ། ། 79.ཨུ་པ་ན་ཧ། མཆོད་རྫས་གོང་ལྟར་གྱི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཨུ་པ་ན་ཧ་སྐུ་མདོག་དཀར་སྔོ་རས་ཀྱི་སྨད་དཀྲིས་དང་ཐོད་ཅན། ཕྱག་གཉིས་དཀུར་བརྟེན་པ། ཨག་ཚོམ་ཅན། ཞབས་ལ་ལྷམ་ཡུ་བཅད་གཡེར་ཁ་སོགས་རྒྱུན་མང་པོ་བཏགས་ཏེ་སིལ་ཁྲོལ་གྱི་སྒྲ་དང་བཅས་རྒྱག་པའི་ཚུལ་གྱིས་བདེ་ཆེན་གྱི་སར་རིངས་པར་འགྲོ་བ་ལ་བརྩོན་དགོས་པའི་བརྡ་སྟོན་པའོ། ། 80.ཀོ་ཀི་ལི་པ། མཆོད་པའི་རྫས་མཐའ་ཀླས་པའི་དབུས་སུ་གྲུབ་པའི་སློབ་དཔོན་ཀོ་ཀི་ལི་པ། སྐུ་མདོག་དཀར་དམར། དར་ཟབ་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལ་བཞུགས་པའི་མཐའ་སྐོར་དུ་སྐྱེད་མོས་ཚལ་འབྲས་བུ་ཅན་གྱི་ཤིང་གིས་གང་བ། གཞོན་ནུ་མ་མཆོག་གི་མཛེས་སྡུག་ཅན་མང་པོས་གླུ་དང་། གར་དང་། རླུང་གཡབ་དང་། ཁྲུས་གསོལ་བའི་རྣམ་པ། ཤིང་རྣམས་ལ་བྱ་ཀོ་ཀི་ལི་སྟེ་ཁུ་བྱུག་ནག་པོ་མང་པོས་སྙན་པའི་སྒྲ་སྐད་འབྱིན་པའི་ཚུལ་ཅན་ནོ། ། 81.ཨ་ནརྒྱ་པ། མཆོད་རྫས་གོང་ལྟར་ལ། དབུས་སུ་སློབ་དཔོན་ཆེན་པོ་ཨ་ནངྒ་པ། སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། མཚན་དཔེས་ཤིན་ཏུ་མཛེས་པས་བལྟ་བས་ཆོག་མི་ཤེས་པ། ཞབས་སྐྱིལ་མོ་ཀྲུང་། ཕྱག་མཉམ་བཞག་དང་ས་གནོན་གྱི་ཚུལ་གྱིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་རྩྭའི་སྤྱིལ་པོར་གནས་པའོ། ། 82.རྣལ་འབྱོར་མ་ལ་ཀཱ་མཱ་ཀ་ར། ཕྱི་རིམ་སྲུང་བའི་འཁོར་ལོ་གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོར། དུར་ཁྲོད་ཆེན་པོ་འཇིགས་སུ་རུང་པའི་གནས་སུ་མི་རོའི་གདན་ལ་རྗེ་བཙུན་རྣལ་འབྱོར་མ་ལ་ཀླུ་མཱ་ཀ་ར། སྐུ་མདོག་དཀར་དམར་བདེ་བའི་ཉམས་མཆོག་ཏུ་རྒྱས་པའི་ལང་ཚོའི་གང་པ་ཅན། མཛེས་སྡུག་གི་ཕུལ་དུ་ཕྱིན་པ། སྐུ་གཅེར་མོ་ནུ་འབུར་དང་བྷ་ག་རྒྱས་པ། ཁྲོ་འཛུམ་ཆགས་པའི་ཉམས་ལྡན། ཕྱག་གཡས་རྡོ་རྗེ་གྱི་གུག་འཕྱུར་ཞིང་། གཡོན་ཐོད་ཁྲག་འཛིན་པ། མཆན་ཁུང་དུ་ཁ་ཚོ་ག་བསྣམས་ཤིང་རུས་པའི་རྒྱུན་གྱིས་མཛེས་པ། ཞབས་བརྐྱང་བསྐུམ་རོལ་སྟབས་ཀྱིས་བཞུགས་པའོ། ། 83.ས་མུ་དྲ་པ། ཕྱི་རིམ་སྲུང་བའི་འཁོར་ལོ་གཞོམ་དུ་མེད་པས་གོང་ལྟར་བསྐོར་བའི་དབུས་སུ་རྒྱུ་མཚོ་ཆེན་པོ་གཏིང་དཔག་དཀའ་བར། གྲུ་པོ་ཆེ་བཀོད་པ་དང་མཐོ་ཁྱད་ཕུན་སུམ་ཚོགས་པ་ནོར་བུ་རིན་པོ་ཆེས་ཡོངས་སུ་གང་བའི་ནང་དུ། གྲུ་པའི་སློབ་དཔོན་ས་མུ་དྲ་པ་སྐུ་མདོག་དཀར་དམར་དེད་དཔོན་གྱི་ཆ་བྱད་གོས་ཙོ་མ་དང་ཐོད་བཅིངས་། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། འཁོར་དུ་མས་བསྐོར་བ། སྟེང་གི་ནམ་མཁའ་ལ་གྲུབ་ཐོབ་ཨ་ཙིན་གཅེར་བུ་རལ་པ་ཅན་གྱིས་ཆོས་སྟོན་པའི་ཚུལ་ཅན་ནོ། ། 84.བྱཱ་ལི་པ། ལྷ་དང་མིའི་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་བརྒྱན་པའི་དབུས་སུ་པགས་པའི་གདན་ལ། གྲུབ་པའི་དབང་ཕྱུག་བྱཱ་ལི་པ་སྐུ་མདོག་དཀར་དམར་ནོར་བུའི་ཁ་དོག་ལྟར་འོད་ཟེར་འབར་བ། བྲམ་ཟེའི་ཆ་བྱད་ཚངས་སྐུད་དཀར་པོ་ཕྲག་པར་ཐོགས་པ། རས་ཀྱི་སྨད་དཀྲིས་གསོལ་བ། ཕྱག་གཉིས་བཅུད་ལེན་གྱི་སྣོད་ཐོགས་ཤིང་། སྐུའི་ཉེ་ལོགས་སུ་གསེར་འགྱུར་གྱི་རྩིས་གང་བའི་གཞོང་པ་དང་། ལྕགས་མང་པོ་གསེར་དུ་བསྒྱུར་བའི་རྣམ་པ་ཅན། སྐུའི་གཡོན་ཕྱོགས་སུ་ཆུང་མ་བུ་དང་མནའ་མ་བཅས་ པ། མདུན་དུ་རྟ་མཆོག་སྟེ་ཐམས་ཅད་རིག་པ་འཛིན་པའི་རྟེན་ཅན་རྒྱན་གྱིས་སྤྲས་པ་བཅས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའོ། ། དེའི་བཀའ་སྲུང་ཆོས་སྐྱོང་མགོན་པོ་ནག་པོ་ཕྱག་བཞི་པ་ནི། ཕྱི་རིམ་སྲུང་པའི་འཁོར་ལོ་གཞོམ་དུ་མེད་པས་ཡོངས་ སུ་བསྐོར་བའི་སྙིང་པོར་དུར་ཁྲོད་ཀྱི་གཞི་འཇིགས་སུ་རུང་བའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་བསྒྲལ་བའི་བམ་རོའི་གདན་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་སྐུ་མདོག་དུས་མཐའི་སྤྲིན་དང་མུན་པ་ལྟར་ནག་པ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དྲག་པོར་ཁྲོས་པ་ཞལ་གཅིག་ཕྱག་བཞི་པ། སྤྱན་གསུམ་མེ་སྟག་ལྟར་དམར་ཞིང་ཟླུམ་ལ་གཡོ་བ། སྨ་ར་དང་སྨིན་མ་ཨག་ཚོམ་དམར་སེར་མེ་ལྟར་འབར་བ། ཕྱག་བཞི་གཡས་ཀྱི་དང་པོ་མཆོག་སྦྱིན། གཉིས་པ་ན་རལ་གྲི་མེ་འབར་བ། གཡོན་གྱི་དང་པོས་ཐོད་ཁྲག གཉིས་པས་རྩེ་གསུམ་དར་དཔྱངས་ཌཱ་མ་རུའི་རྒྱན་དང་ལྡན་པ་འཕྱར་བ། རྡོ་རྗེ་ནག་པོའི་རྩེ་ཕྲན་གྱི་མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ། གདུག་པའི་སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཞབས་གཉིས་བརྐྱང་བསྐུམ་རོལ་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། འཇིགས་པར་བྱེད་པའི་ཧེ་རུ་ཀ་དཔལ་ཆེན་དྲག་པོའི་འཁོར་ལོས་བསྒྱུར་བའི་ཚལ་ཅན་དུ་བཞུགས་པའོ། ། དེ་ལྟར་ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ། མོ་རྟོགས་ཤིང་གྲུབ་པ་བརྙེས་པ་བཞི་བཅས་འཕགས་ཡུལ་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཆོས་སྐྱོང་དང་བཅས་པའི་སྐུའི་བཀོད་པ་བཟོ་བོ་ལ་ཉེར་མཁོ་ཉུང་བསྡུས་ཤིག་བྲིས་ལ། བྲིས་སྐུ་འབྲི་ན་རབ་ལོ་རྒྱུས་རྣམ་ཐར་དང་བསྟུན་ནས་གྲུབ་པ་བརྙེས་ཚུལ་དང་། ཆོས་དང་། རྣམ་འགྱུར་སོགས་མི་འདྲ་བ་སོ་སོ་མ་འདྲེས་པར་བསྒྲུབ། དེ་ལྟར་མ་བྱུང་ན་སྔོན་གྱི་བྲིས་རྒྱུན་ཚད་ལྡན་ལ་བརྟེན་པར་བྱའོ། ། གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་དང་འབྲི་ཐབས་ཀྱི་བསྟན་བཅོས་གཙོ་བོ། བསྟན་འགྱུར་ལས་བལ་པོའི་དགེ་སློང་དཔལ་གྱི་སྡེས་མཛད་ཅིང་། ལོ་ཙཱ་བ་བུ་སྟོན་རིན་ཆེན་གྲུབ་ཀྱིས་བསྒྱུར་བའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་མངོན་པར་རྟོགས་པ་དང་། སྒྲུབ་ཐབས་ཀུན་བཏུས་ལས། རྒྱ་གར་ཙམ་པཎའི་བླ་མ་ཆེན་པོ་མི་འཇིགས་པ་སྦྱིན་པ་དཔལ་གྱི་ཞལ་ནས་གསུངས་པ་ལྟར་དགེ་སློང་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་སོགས་ཚད་ལྡན་གྱི་གཞུང་དུ་མ་ཡོད་པ་ལས། འདི་ནི་གཞུང་ཕྱི་མའི་རྒྱུ་བོད་ཀྱི་ཚད་མར་གྱུར་པའི་བསྟན་བཅོས། པཎྜི་ཏ་དཔའ་བོ་འོད་གསལ་གྱི་ལུགས་གྲུབ་ཐོབ་བརྒྱད་ཅུའི་བྱིན་རླབས་བྱ་ཚུལ་མཆོག་གི་བྱིན་རླབས་ཡེ་ཤེས་བཅུད་ལེན་བྱ་བར་གཞིར་བྱས། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ལས་དགོས་ངེས་ཀྱི་གསལ་ཁ་ཅུང་ཟད་དང་བཅས་བསྒྲུབས་ལ། རྒྱས་པ་ཤེས་པར་འདོད་ན་གོང་གསལ་གྱི་གཞུང་དག་ལས་འབྱུང་ངོ་། ། |
Tibetan Source | 《བཟོ་གནས་ཉེར་མཁོ་སྐྲ་རྩེའི་ཆུ་ཐིགས་》དེབ་ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |