11475

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:30, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan གཏེར་སྟོན་ཡོངས་ཀྱི་ཐོག་མ་སངས་རྒྱས་བླ་མ་ནས་རིམ་པར་བྱོན་པའི་གཏེར་གྱི་ཁ་བྱང་དང་ལུང་བསྟན་པ་གཏེར་སྟོན་པདྨ་མདོ་སྔགས་གླིང་པ་བར་ཞལ་གསལ་བ་བརྒྱ་དང་དྲུག་ཅུ་རྩ་གཅིག
Tibetan Alternate
Tibetan Definition དེ་ཡང་། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་བཻཌཱུརྱའི་ཕྲེང་བ་ལས་བྱུང་བ་སྟེ།

1.ཐང་ཡིག་ལས། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་ལྷག་ན༔ ལ་སྟོད་མཚོ་བར་གྱམ་ནག་ཅེས་བྱ་བར༔ མུ་གེ་ནད་ཡམས་མི་ཐོག་བུད་པ་འབྱུང་༔ གློ་བོ་དགེ་སྐར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང་༔ ཞེས་ལུང་བསྟན་པ་གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་སངས་རྒྱས་བླ་མ་ནི། རྒྱལ་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་བཅུ་གསུམ་བཞེས་པའི་དང་པོ་སྟེ། ལོ་ཆེན་བཟང་པོའི་སྐུ་ཚེའི་སྟོད་ཙམ་ལ། ལ་སྟོད་མཚོ་བར་དུ་འཁྲུངས། རྟེན་སྔགས་བཙུན་ཅོ་བྲེག་གི་རྣམ་པར་བཞུགས། 2.དེ་རྗེས་རིམ་པར་བྱོན་པ་ནི། བལ་བོད་མཚམས་ནགས་མེ་ཤོར་མི་མང་ཚིག༔ པུཎྜ་རྫ་རིར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་རྒྱུ་ལོ་ཙཱ་ཞེས་བྱ་བ་འབྱུང་༔ ཞེས་པའི་གཏེར་སྟོན་རྒྱ་ལོ་ཙཱ་ནི། སངས་རྒྱས་བླ་མའི་ཡང་སྲིད་དེ་མ་ཐག་པ་བལ་བོད་ཀྱི་མཚམས་ཀྱི་འཛུམ་ལང་དུ་རྒྱའི་རིགས་སུ་འཁྲུངས། འཕྲལ་སྐད་མཁྱེན་པས་ལོ་ཙཱར་ཐོགས། མཚན་དངོས་རྡོ་རྗེ་བཟང་པོ་ཡིན། རྟེན་སྔགས་བཙུན། རྗེ་མར་པ་དང་དུས་མཚུངས། 3.དེ་ནས་ཐང་ཡིག་ཆེན་མོར་ལུང་བསྟན་གོ་རིམ་མཐར་ཆགས་སུ་མི་སྣང་ཡང་གཞུང་སོར་ལྟར་རིམ་པར་བརྗོད་ན། དེ་ཉིད་ལས། ཁམས་ཀྱི་རྨེ་མདོར་བྱ་ཁྱི་ལྷ་ཁང་འཁྲུགས༔ ཀློང་ཐང་སྒྲོལ་མར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་སྣ་ནམ་པ་ཞེས་བྱ་བ་འབྱུང་༔ ཞེས་པའི་གཏེར་སྟོན་སྣ་ནམ་པ་ནི། བཻ་རོའི་རྣམ་འཕྲུལ། མདོ་ཁམས་དགེ་རྒྱལ་བྱང་རོང་གི་མཚམས་སུ་ཞང་སྣ་ནམ་པའི་རིགས་སུ་འཁྲུངས། མཚན་གཞན་འབྲོག་པ་སྣ་ནམ་ཐུབ་པ་རྒྱལ་པོར་ཡང་གྲགས། རྟེན་སྔགས་དཀར་དཀྱུས་མ། ཀློང་ཐང་སྒྲོན་མར་ཕེབས། ། 4.ལ་སྟོད་གཅུང་པ་དྲིལ་ཆེན་ཆུ་ལྟར་འཁྲུགས༔ གཡུ་ཕུ་རྫ་ལྷུད་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟོགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་དུམ་རྒྱ་ཞིང་ཁྲོམ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་ནི། གནུབས་ཆེན་སངས་རྒྱས་ཡེ་ཤེས་བསམ་བཞིན་དུ་སྐྱེ་བ་བཞེས་པ་སྟེ། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། དེ་དུས་བསྐལ་པའི་ཐ་མ་ལ༔ ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ བོང་ནི་ཐུང་ལ་ལག་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅནུ༔ སོ་ནི་དཀར་ལ་སོ་ཚག་དམ༔ སྨེ་བའི་ག་ཤ་ཡོད་པ་ཡི༔ ལོ་ནི་ཁྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག ཅེས་གནུབས་ཆེན་གྱིས་སྨོན་ལམ་མཛད་པ་དང་མཐུན་པར་གཙང་རོང་དུམ་པ་ཆུ་ཚན་ཁར་སྐུ་འཁྲུངས། རྟེན་ཁྱིམ་སྔགས་དཀྱུས་མ། རུས་རྒྱ། བླ་དྭགས་ཀྱི་མཚན་ཞང་ཁྲོམ། གསང་མཚན་རྡོ་རྗེ་འོད་འབར་དུ་གྲགས། 5.དེ་ནས། མང་ཡུལ་ནམ་མཁའ་ཁྲག་མདོག་སྔོ་དམར་འགྲོ༔ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབས༔ བྱམས་པ་སྤྲིན་དུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་སཱུརྱ་སིང་ཧ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ཉི་མ་སེང་གེ་ནི། རྒྱ་ལོ་ཙཱ་བའི་སྐྱེ་བ་དེ་མ་ཐག་པ་སྟེ། མང་ཡུལ་དཔལ་མཚོ་དང་ཉེ་བར་འཁྲུངས། རྟེན་སྔགས་བཙུན། མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་ཅི་རིགས་མཛད། ། 6.དེ་ནས། ཤོད་གསུམ་ས་ལ་རོ་འདྲེན་འཇག་ཀྱ་འཕྱོ ༔ མི་རེའི་ལག་ན་ཕུབ་རེ་མདའ་གཞུ་རེ༔ བྱང་གཏེར་གཏེར་ཕྲན་འགའ་ཞིག་སྨྲས་པ་འདི་མི་བཞག་འདོན་པའི་རྟོགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་དབུ་རུ་སྟོན་ཤཱཀ་ཅེས་བྱ་འབྱུང་༔ ཞེས་པའི་གཏེར་འདོན་དབུ་རུ་ཤཱཀྱ་འོད་ནི། དབུ་རུ་ཕན་ཡུལ་ཕྱོགས་སུ་འཁྲུངས། དྲག་སྔགས་ཀྱི་བཀའ་བབས་བཻ་རོ་དང་ལང་གྲོ་ཟུང་དུ་འཇུག་པའི་སྐྱེ་མཐར་གསལ། རྟེན་སྔགས་བཙུན་དཀྱུས་མ། 7.སྤ་གྲོ་གནམ་ཐང་དཀར་པོ་སོག་དམག་འཇོམས༔ ལས་སུ་དམེ་འཁྲུགས་བྱེད་ཅིང་ལྕགས་ཆ་གྱོན༔ བུམ་ཐང་རྩིས་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་བོན་པོ་བྲག་ཚལ་ཞེས་པ་འབྱུང་༔ ཞེས་གཏེར་སྟོན་འདི་གཙང་རོང་ཟར་གྱི་ཕྱོགས་སུ་འཁྲུངས། རུས་བོན་པོ་ཡིན་ས་དེར་གྲགས། བི་རོ་དཔལ་སེང་ཟུང་དུ་འཇུག་པའི་རྣམ་འཕྲུལ། རྟེན་སྔགས་འཆང་། སྐུ་གཟུགས་ཆེ་སྟོབས་ལྡན་པ་ལ་བླ་དྭགས་མཚན་བྲག་ཚལ་དང་། གསང་མཚན་རྡོ་རྗེ་འབར་དུ་གྲགས། 8.གཙང་གི་ཉང་སྟོད་ཉ་རི་འུག་པ་ལུང་༔ བསྟན་པ་གཉིས་འཁྲུགས་ཆོས་ཀྱི་དད་པ་ཡལ༔ ཆོས་དང་གང་ཟག་ཡ་བྲལ་ཆོམ་པོས་ཁྱེར༔ སྙིང་དྲུང་ཤང་བྲག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་སྙེ་མོ་ཞུ་ཡས་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་སྙེ་མོ་ཞུ་ཡས་ནི། འཁྲུངས་ཡུལ་གཙང་སྙེ་མོ། ཞུ་ཡས་ནི་བོན་པོའི་གདུང་རིགས་སུ་འཁྲུངས་པས་རུས་ཀྱི་མཚན། མཚན་དངོས་གནོད་སྦྱིན་འབར། ལོ་ཆེན་བཻ་རོའི་སྐྱེ་མཐར་གསལ། 9.འཛིམ་གྱི་བྱར་འདབས་འདྲ་དཀོན་མཆོག་མཚན༔ སྡེ་དགོན་ཟ་འོག་ཁ་ཕྱེ་འདྲ་བ་འབྱུང་༔ གཙང་གི་རི་བོ་ཆེར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ནི། ལོ་ཆེན་བཻ་རོའི་རྣམ་འཕྲུལ་གཙང་དུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོར་སྣང་། མི་ཡུལ་དུ་ལོ་སུམ་བརྒྱར་བཞུགས་ཤིང་འཆི་མེད་ཚེའི་རིག་འཛིན་ཆེན་པོར་གྲགས། 10.ལ་སྟོད་བཙན་ཡུལ་མཚོན་ལ་སོ་ནམ་བྱེད༔ འཛམ་གླིང་རྒྱལ་པོའི་དབོན་རྒྱུད་འབངས་ཀྱིས་ནོན༔ ལྷོ་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་ཀུས་སྨན་པ་ཞེས་བྱ་བྱུང་༔ ཞེས་པའི་གཏེར་སྟོན་ཀུས་སྨན་པ་ནི། བོ་རོའི་སྐྱེ་མཐའ་ལྷོ་བྲག་གི་ཕྱོགས་སུ་འཁྲུངས། རྟེན་སྔགས་དཀྱུས་མ། དབེན་གནས་རྣམས་སུ་སྒྲུབ་པ་མཛད་པས་ཀུན་སྤངས་ཟླ་འོད་དང་སྨན་པ་པདྨ་སྐྱབས་སུ་གྲགས། 11.བྱང་གི་ཕྱི་གོང་རུ་བ་འཚུབ་མས་ཁྱེར༔ བོད་འདིར་དམ་ཆོས་བསྟན་པ་གསུམ་དུ་གྱེས༔ བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང་༔ གཙང་གི་རུ་མཚམས་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨ་ཡ་བོན་པོ་ལྷ་འབུམ་ཞེས་བྱ་སྦྱོང་༔ ཞེས་པའི་གཏེར་སྟོན་བོན་པོ་ལྷ་འབུམ་ནི། བེ་རོ་ཙ་ན་དང་དྲན་པ་ནམ་མཁའ་ཟུང་དུ་འཇུག་པའི་རྣམ་འཕྲུལ་གཙང་གི་རྟ་ནག་གི་ཕྱོགས་སུ་འབྲོམ་སྟོན་པ་སོགས་དང་དུས་མཉམ་དུ་འཁྲུངས། རྟེན་བོན་སྔགས།མཚན་ལྷ་འབུམ་མམ་བོན་གྱི་ཕྱོགས་སུ་གུ་རུ་རྣོན་རྩེར་གྲགས། 12.དབུས་གཙང་ཁམས་སུ་དུག་ལྔའི་ཆོས་ཞིག་འབྱུང་༔ ལྟ་ལོག་ཆོས་སྟོན་བསྟན་པ་ཐབས་ཀྱིས་བསྣུབས༔ ཞབས་འོག་ཡིན་ཟེར་བསྟན་ཞབས་ཐག་པ་འདོགས༔ མོན་ཁ་བུམ་ཐང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་ཁྱུང་པོ་དཔལ་དགེ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ཁྱུང་པོ་དཔལ་དགེ་ནི། བོ་རོའི་རྣམ་འཕྲུལ་གཙང་ལ་སྟོད་དུ་འཁྲུངས། རུས་ཁྱུང་པོ། མཚན་དཔལ་དགེ། རྟེན་སྔགས་བཙུན་དཀྱུས་མའི་ཚུལ། 13.བོད་ཀྱི་གནས་དགོན་ཀུན་ལ་འཐབ་ར་བཅའ༔ ལྷོ་ས་དམར་པོའི་རི་ལ་ལྷ་ཁང་འབྱུང་༔ ངང་ངུར་མཚོ་སྐེམ་ནེ་ཐང་བྱེ་མས་གནོན༔ དགེ་རྒྱས་ཧོས་པོ་རིར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་ཤ་མི་རྡོར་རྒྱལ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ཤ་མི་རྡོ་རྗེ་རྒྱལ་པོ་ནི། གཉགས་ལོ་ཆེན་པོའི་བྱིན་རླབས་ལས་ལོ་ཙཱ་བ་ཤ་མི་གོ་ཆའི་སྐྱེ་བར་ཤོངས་སྐྱེ་ཤ་མི་པྲ་དུ་རུ་འཁྲུངས། རུས་ཤ་མི། རྟེན་སྔགས་བཙུན་། མདོ་སྔགས་ལ་སྦྱངས་པ་ཅི་རིགས་མཛད་པས་ཤ་མི་སྟོན་པར་གྲགས། 14.ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་བཏོན༔ དམ་ཉམས་གང་དུ་མི་བྲིམ་ཐམས་ཅད་འདུས༔ ཉ་མའི་མགོ་བསྐོར་འབྲེལ་མེད་ཆོས་བཤད་བྱེད༔ བསྟན་པའི་རྐུན་པོས་གཏེར་ཆོས་དཀྲུག་ཅིང་སྤེལ༔ བཀའ་ལོག་མང་པོར་ཁྱུ་ཙམ་པ་འབྱུང་༔ པད་འབྱུང་བདག་ཀྱང་ཡི་མུག་ག་ཆད་དེ༔ ཞྭ་ཡི་ལྷ་ཁང་བི་མའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ལྡང་མ་ལྷུན་རྒྱལ་བི་མའི་སྤྲུལ་པ་འབྱུང་༔ ཞེས་པའི་གཏེར་སྟོན་ལྡང་མ་ལྷུན་རྒྱལ་ནི། ཉང་ཏིང་འཛིན་བཟང་པོ་ལྷག་མེད་འོད་སྐུར་གཤེགས་ནས་ལོ་བརྒྱ་ལོན་པར་བི་མ་རང་ཉིད་སྙིང་ཐིག་ཟབ་མོ་གཏེར་དུ་རྒྱས་བཏབ་པ་རྒྱ་ཆེར་སྤེལ་བའི་དུས་སུ་བབས་པར་གཟིགས་ནས་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་བའི་བྱིན་རླབས་ཀྱི་རྣམ་པར་འཕྲུལ་པ་ལས། དབུ་སྟོད་འབྲི་གུང་དང་ཉེ་བ་གཞོའི་ལུང་པར་ལྡང་མ་གེ་མཆོག་གི་སྲས་སུ་འཁྲུངས། མཚན་ལྷུན་གྱིས་རྒྱལ་མཚན་ཅེས་གྲགས། རྟེན་སྔགས་བཙུན་ཅོ་བྲེག་གི་ཚུལ་གྱིས་དབུ་རུ་ཞྭའི་ལྷ་ཁང་གི་གནས་བརྟན་ཏེ་དཀོན་གཉེར་དཀྱུས་མའི་རྣམ་པར་ཡུན་རིང་དུ་བཞུགས། 15.ཇིང་དང་རྒྱུ་རྣམས་གྲོག་མའི་ཚང་བཤིག་འདྲ༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གྱི་པ་མངོན་ཤེས་ཞེས་བྱ་བྱུང་༔ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱུད་འགེངས༔ གྲ་མདའ་འདི་ལ་གཙུག་ལག་ཁང་ཞིག་འབྱུང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ ཞེས་པའི་གཏེར་སྟོན་གྲ་པ་མངོན་ཤེས་ནི། ཤུད་བུ་དཔལ་སེང་གི་སྐྱེ་བར་གྲགས་ཤིང་བི་རོའི་རྣམ་འཕྲུལ་དུའང་བགྲང་། གང་ལྟར་ཡང་རབ་བྱུང་དང་པོའི་ཆུ་ཕོ་བྱི་བའི་ལོ་ལ་གཡོ་རུ་གྲའི་སྐྱིད་རུ་ཞེས་པར་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་གདུང་རྒྱུད་དུ་འཁྲུངས། སྐུ་གཞོན་ནུ་ནས་དམ་པའི་ཆོས་ཀྱི་རིགས་སད་པས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང་། ཡུལ་གྲུ་ཡིན་པས་གྲ་པ། མངོན་པ་ལ་མཁྱེན་པ་རྒྱས་པས་མངོན་ཤེས། རབ་ཏུ་བྱུང་བའི་མཚན་དབང་ཕྱུག་འབར་དུ་གྲགས། 16.ཨོ་རྒྱུན་ང་ཉིད་གཉལ་སྨད་ལྷ་རྗེར་སྤྲུལ༔ དྭགས་སྒོམ་སྙིང་པོའི་དོན་སྒོམ་ཁྱུ་གཅིག་འབྱུང་༔ མཆིམས་ཕུ་མཁོ་མཐིང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ར་ཤག་གཏེར་སྟོན་མདོས་ལ་མཁས་པ་འབྱུང་༔ ཞེས་པའི་སྤྲུལ་སྐུ་ར་ཤག་ཆེན་པོ་ནི། བཻ་རོ་དང་འབྲོག་མི་དཔལ་ཡེ་ཟུང་དུ་འཇུག་པའི་ རྣམ་པར་འཕྲུལ་པ་སྟེ། ཡུལ་ཡར་འབྲོག་སྒང་དུ་གཉན་གྱི་རིགས་ལས་འཁྲུངས། མཚན་ར་ཤག་ཆོས་འབར་དང་བསོད་ནམས་རྡོ་རྗེར་གྲགས། 17.ཡུལ་ཆེ་ས་ཡང་འཁྲུགས་པའི་བསྐལ་པ་འབྱུང་༔ སྔགས་པས་མཐུ་སྒྲུབ་སྐྱེ་བོས་ཟློག་པ་སློབ༔ མི་བསད་སྟོང་ལ་སྐུ་དང་གསུང་རབ་འཇལ༔ གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཁྲིད༔ སྲིན་མོ་སྤང་རྗེས་མཐོ་མཐིང་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ མངའ་བདག་སྤྲུལ་པ་ཉང་རལ་ཞེས་པ་འབྱུང་༔ ཅེས་པ་ནི། སློབ་དཔོན་ཆེན་པོས། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར༔ ཞེས་ལུང་བསྟན་པའི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་གྲགས་པའི་དང་པོ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་བསམ་བཞིན་སྲིད་པ་བཟུང་བ་ཉང་རལ་ཉི་མ་འོད་ཟེར་ནི། ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཇོད་ས་སེར་གྱི་དགོན་ཞེས་པར་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་གི་ལོར་སྐུ་བལྟམས། 18.པུ་རོང་རྒྱལ་པོས་དབུས་ལ་གསེར་འདོད་འབྱུང་༔ སྡེ་པ་གྱེས་ཤིང་གནས་གཞི་ཐོབ་ཤ་བྱེད་གྲོམ་པ་རྒྱང་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་དབོན་གསས་ཁྱུང་ཐོག་ཅེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་དབོན་གསས་ཁྱུང་ཐོག་ནི། འདིའི་དུས་རྟགས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བོད་བཙུན་རྣམས་ལ་ཤམ་ཐབས་མགོ་ཁྲལ་གྱི་གསེར་བསྡུས་ནས་ཇོ་བོ་རྗེ་སྤྱན་དྲངས་པའི་དུས་དེ་ཡིན་པར་འདོད། འཁྲུངས་ཡུལ་གཏེར་འབྱུང་སྔ་མ་རྣམས་སུ་མི་གསལ་ཡང་སྔར་གྱི་ཡིག་རྙིང་ཐོར་བུ་འདྲ་དང་བསྟུན་ན། ལ་སྟོད་ལྷ་རྩེ་དང་ཉེ་བའི་ཕྱོགས་སུ་དབོན་གསས་ཞེས་བོན་གྱི་བླ་བརྒྱུད་ཅིག་ཏུ་འཁྲུངས། མཚན་ཁྱུང་ཐོག་རྩལ། རྟེན་བོན་གྱི་སྔགས་འཆང་། 19.རྒྱ་གར་མ་ཕྱིན་ཀུན་ཀྱང་ལོ་ཙཱ་ཞེས༔ བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱེར༔ ཧོར་དང་ཡོན་མཆོད་ཁྲིམས་གསར་སྦྲེལ་བ་འོང་༔ ནང་གནག་ཕྱི་དཀར་དུང་དཀར་སྙེ་མ་བཞིན༔ བོད་ཀྱི་བསོད་ནམས་མར་མར་བྲི་བའི་དུས༔ པདྨ་ཤེལ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ར་མོ་ཤེལ་སྨན་ནི། གཉགས་ཛྙཱ་ན་ཀུ་མ་རའི་རྣམ་འཕྲུལ་ཏེ་ཡར་ལུང་ནུབ་སྟོད་ཀྱི་ར་མོ་སྨན་ཆུ་ཁར་འཁྲུངས། རྟེན་སྔགས་སྨན་དཀྱུས་མའི་ཚུལ། བླ་དྭགས་མཚན་ར་མོ་ཤེལ་སྨན་དང་། མཚན་དངོས་ཡེ་ཤེས་བཟང་པོར་གྲགས། 20.སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང་༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ མི་ལ་སྲིད་བཅད་སྲིད་སྲུང་མང་དུ་ཡོད༔ སེམས་ཅན་ས་འོག་གནོན་པའི་དུས་ཙམ་ན༔ གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པ་ལས་གཉིས་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་མངའ་བདག་ཉང་རིན་པོ་ཆེ་ནས་འབྲས་བུའི་མཐར་སོན་ཏེ་པདྨ་ཅན་དུ་སང་ས་རྒྱས་པའི་གསུང་གི་རྣམ་འཕྲུལ་དུ་བསྟན་པ་སྟེ། ལྷོ་བྲག་ཏུ་ཆོས་རྒྱལ་ཁྲི་སྲོང་གི་དུས་ནས་ནུས་པ་ཅན་བར་མ་ཆད་དུ་བྱོན་པའི་གདུང་རིགས་ཡབ་སྤང་སྟོན་གྲུབ་པའི་སྙིང་པོ་དང་། ཡུམ་མཁའ་འགྲོའི་བརྒྱུད་པ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་སྤྲེལ་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ཉི་ཤར་ལ་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་སྐུ་བལྟམས། སྐབས་དེར་མཚན་བརྗོད་གསེར་གྱིས་བྲི་ཞིང་ཡོད་པའི་ཚིག་མཚམས་ཀྱི་རྟེན་འབྲེལ་ལྟར་མཚན་ཆོས་ཀྱི་དབང་ཕྱུག་ཏུ་གསོལ། 21.བྱ་རོག་རྫོང་དུ་དམག་གི་ཁྲིམས་རྔ་བརྡུངས༔ སྙིང་མེད་པོ་རྣམས་གསེར་ཕྱེ་ཆུ་ལ་འཕོ༔ ཟངས་ཡག་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གུ་རུ་ཇོ་ཚེ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་གུ་རུ་ཇོ་ཚེ་ནི། གཏེར་སྟོན་རང་གི་ལུང་བྱང་ལས་མུ་ཏིག་བཙད་པོའི་སྤྲུལ་པར་གསུངས་ཤིང་སངས་རྒྱས་གླིང་པའི་གཏེར་ལུང་དུ་ཉིད་ཀྱི་སྐུ་སྐྱེ་བ་སྔ་མར་གསལ་བ་ལྟར་ན་མུ་རུབ་བཙད་པོའི་སྤྲུལ་པར་སྣང་། གང་ལྟར་ཡང་ཐུགས་རྗེ་ཡས་སྤྲུལ་གྱི་ཟུང་འཇུག་སྤྲུལ་པའི་རྣམ་རོལ་འདི་ཉིད་འཁྲུངས་ཡུལ་ནི། སྐྱི་སྨད་སྙེ་མདར་སྔགས་བརྒྱུད་དཀྱུས་མ་ཞིག་ཏུ་འཁྲུངས། རྟེན་ཡང་དེ་ལྟར་བཞུགས་པས་གུ་རུ་ཇོ་བོ་ཞེས་བླ་དྭགས་དང་། མཚན་དངོས་ཚེ་དབང་དར་པོ། 22.ལྷ་ཁང་ནང་དུ་འབྲི་ལ་རྟ་ཆུ་ལྡུད༔ གཞོ་ལུང་ནང་དུ་མེ་ཡི་འཇིགས་པ་འབྱུང་༔ དཔལ་མོ་དཔལ་ཐང་མཚོན་གྱིས་ཆར་པ་འབབས་གངས་བར་ཕུག་མོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་པདྨ་དབང་ཕྱུག་ཅེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་པདྨ་དབང་ཕྱུག་ནི། བྱུང་ཡུལ་སྟོད་དུ་འཁྲུངས། རུས་རྒྱུ། མདོ་སྔགས་ཅི་རིགས་མཁྱེན་པས་སྟོན་པ། མཚན་དངོས་པདྨ་དབང་ཕྱུག་ཏུ་གྲགས། རྟེན་རབ་བྱུང་གི་རྣམ་པར་བཞུགས། ། 23.སིལ་མ་ལ་དཀར་འཇག་མའི་མི་ཆུང་སྐྱེ༔ སྨོན་ལ་ལ་ཀར་ཤེལ་གྱི་ཕ་ཝང་བརྡོལ༔ གཡའ་མ་སྤ་གོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་དོ་བན་རྒྱ་མཚོ་ཞེས་བྱ་འབྱུང་ཞེས་པའི་གཏེར་སྟོན་དོ་བན་རྒྱ་མཚོ་ནི། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་མཐའ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པའི་བཞི་པ་སྟེ། ཡར་འབྲོག་མཚོ་གླིང་ཡོན་པོ་དོར་ལྗགས་ཀྱི་རུས་ལས་འཁྲུངས་ཤིང་། རྟེན་སྔགས་བན་དུ་བཞུགས་པས་དོ་བན། མཚན་རྒྱ་མཚོ་འོད། 24.རྒྱལ་པོའི་མངའ་ཚུད་བོད་ཀྱི་མི་རྣམས་ཀུན༔ རང་གི་ལྟོ་གོས་བསྲན་ནས་ས་ཧོར་གསོ༔ གནས་བརྟན་དམག་དཔོན་ཧོར་ལས་བྱེད་པ་འབྱུང་༔ རྡོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་རཀྟི་སྟོན་པའི་མིང་ཅན་འབྱུང་༔ ཞེས་པའི་གཏེར་སྟོན་རཀྟི་སྟོན་པ་ནི། རླངས་ཆེན་དཔལ་སེང་གི་སྐྱེ་མཐའ་གཉལ་གྱི་ཕྱོགས་སུ་འཁྲུངས། རྟེན་སྔགས་པར་གསལ། 25.ས་ཡི་ཡ་སོ་ཇིང་གིར་མ་སྲོ་བཅད བྲོས་ཐོར་མང་ཞིང་ཡུལ་སྟོང་རྒུད་པ་འབྱུང་༔ ལྷོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ བྱར་རོང་ཨེ་ཡི་སྨན་པ་ཉི་འོད་གསལ༔ ད་ལྟ་ཤི་ཡང་སྲོག་མཐུད་ཤེས་པ་འབྱུང་༔ ཞེས་པའི་བྱར་རོང་ཨེ་ཡི་སྨན་པ་ནི། བྱར་གྱི་རོང་ཨེ་ཡུལ་རིག་པའི་འབྱུང་གནས་སུ་འཁྲུངས། གཉགས་ཆེན་པོའི་སྤྲུལ་པ་གཉིས་ཀྱི་ཡ་གྱལ་ཏེ། རྟེན་སྔགས་སྨན་དཀྱུས་མའི་ཚུལ་དུ་བཞུགས། མཚན་སྨན་དཔྱད་མཛད་པས་སྨན་པ། དངོས་ཀྱི་མཚན་ཉི་འོད་གསལ། 26.དུས་ནི་ལོ་རེ་ལོ་རེས་ངན་དུ་འགྲོ༔ མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུར༔ ལྐོག་ཏུ་བུ་སྨད་ཁྱི་ཕག་ཙམ་པ་འབྱུང་༔ སྡེ་འཁྲུག་ནང་དམེ་རྒྱབ་རྟེན་དུག་ལ་རེ༔ བུ་ཚལ་གསེར་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་གྲ་སྒོམ་ཆོས་རྡོར་ནི། རྒྱལ་སྲས་ལྷ་རྗེའི་སྐྱེ་མཐའ་ལྔ་པ་ཁྱུང་ནག་ཤཱཀྱ་དར་ཏེ་འདིས་ཀྱང་ཆོས་དང་སྨན་དང་ཁྱད་པར་རྩིས་ཀྱི་སྐོར་སོགས་ཅི་རིགས་སྤྱན་དྲངས་པའི་གཏེར་སྟོན་ནོ། ། དེའི་ཡང་སྲིད་དྲུག་པ་འདི་ཉིད་གྲ་ནང་དུ་འཁྲུངས། རྟེན་སྔགས་པར་བཞུགས་པས་སྒོམ་པ་དང་མཚན་དངོས་ཆོས་ཀྱི་རྡོ་རྗེ། ། 27.སངས་རྒྱས་བཀའ་ལ་འདྲ་མིན་འདྲ་ཆོས་བྱེད༔ རྫོགས་ཆེན་རྡེའུ་ཟེར་བའི་ཆོས་ལོག་དང་༔ རི་བོང་འཛིན་ཞེས་བསེ་སྦྱོར་སྨན་ལོག་འབྱུང་༔ བོད་རྩིས་དྲུག་ཅུ་སྐོར་ཞེས་གསལ་སྒྲོན་ཞེས༔ རྩིས་རྒྱུད་ཀུན་དང་མི་མཐུན་དར་བ་འབྱུང་༔ གཏེར་མ་ཡིན་ཟེར་བཅའ་གཞི་མ་ཚང་བའི༔ གཏེར་མར་གྲགས་པ་བསླུ་ཆོས་མང་ཞིག་འབྱུང་༔ འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གཡག་ཕྱར་སྔོན་མོར་གྲགས་པ་འབྱུང་༔ ཞེས་པའི་གཏེར་སྟོན་གཡག་ཕྱར་སྔོན་མོ་ནི། ལོ་ཆེན་བཻ་རོའི་རྣམ་འཕྲུལ་འོ་ཡུག་གཡག་ལྕེ་ཁྲི་མོ་དང་ཉེ་བའི་སྟོང་ངུར་ཞེས་པའི་ལུང་ལག་ཁྲ་ཆུང་ཟེར་བར་བོན་སྔགས་ཀྱི་རིགས་སུ་འཁྲུངས། རྟེན་སྔགས་པར་གསལ་གཡག་ཕྱར་སྔོན་མོ་ཞེས་བླ་དྭགས་དང་། མཚན་དངོས་རྡོ་རྗེ་འབུམ། 28.བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོ འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་སྐད་རེ་ར་རོག་ཕད་རོག་ཁྱད་པར་མེད་ཅེས་ཟེར། རླུང་གཡབ་བསིལ་སྦྱར་ཡས་འདོན་ཡིན་ནོ་ཟེར༔ མཚང་མེད་པོ་རྣམས་ནད་པའི་སྔས་སྲུང་བྱེད༔ མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེ༔ རྨོངས་ཁྱུ་ཁ་འདྲིལ་མཁས་པ་བསྐྱར་ལ་འདོན༔ མོན་ཁ་སྤ་གྲོར་སྦས་པའི་གཏེར་ཁ་འདི་མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་འདོན་གྲུམ་དང་མཁར་ནག་ཅེས་བྱ་འབྱུང་༔ ཞེས་པའི་གཏེར་འདོན་བླ་མ་གྲུམ་དང་སྤ་གྲོ་བའི་ཡོན་བདག་ནག་པོ་མཁར་བྱ་བའི་ཡོན་མཆོད་གཉིས་བསྡེབས་ཏེ། སྤ་གྲོ་སྐྱེ་ཆུའི་ལྷ་ཁང་གི་ཁྱུང་རུམ་སྨུག་པོའི་མཆུ་ནང་བསེའི་གཱའུ་ནས་གདན་དྲངས་པར་མཛད་པའི་གཟའ་རྒོད་སྤུ་གྲིའི་དྲག་སྔགས་བར་སྣང་ཧོམ་ཁུང་མར་གྲགས་པའི་དཔེ་ལུང་གི་རྒྱུད་ད་ལྟ་ཡང་བཞུགས་པར་སྣང་། 29.མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེས༔ དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དར༔ ནད་དུ་མི་འོང་བྱ་བ་གཅིག་ཀྱང་མེད༔ ཆོས་སྤྱིའི་བྱིན་རླབས་སུམ་ཆ་ཡལ་ནས་འགྲོ༔ འུ་ཤང་རྡོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཞེས་པའི་གཏེར་སྟོན་ལྷ་བཙུན་སྔོན་མོ་ནི། ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་མངའ་བདག་ཡུམ་ བརྟན་གྱི་བརྒྱུད་ལས་ལྷ་བཙུན་བོདྷི་རཱ་ཛའི་སྲས་སུ་བསམ་ཡས་སུ་འཁྲུངས། ལྷ་རིགས་ཀྱི་སྔགས་བཙུན་ཡིན་པས་ལྷ་བཙུན། བླ་དྭགས་ལས་སྔོན་མོ། མཚན་དངོས་རིག་པའི་རྒྱ་མཚོ་གློག་གི་ཕྲེང་བ། 30.མི་ལ་ཆས་ལུས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འོང་༔ ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་པའི་ཁམས་སྟོད་དྭགས་པོ་གཏེར་སྟོན་གྲགས་པ་ནི། ཁམས་ཡུལ་སྟོད་དུ་འཁྲུངས། ལྷ་ལུང་རྡོ་རྗེ་དཔལ་གྱི་སྐྱེ་མཐར་གསལ། 31.ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང་༔ བསོད་ནམས་ཟད་པ་དབུས་སུ་མི་རྒོད་སྡིགས༔ དྭགས་པོ་ལྡང་ལྷ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ མངའ་བདག་སྲས་མོ་རིན་ཆེན་ཚུལ་རྡོར་འབྱུང་༔ ཞེས་པའི་གཏེར་སྟོན་རིན་ཆེན་ཚུལ་རྡོར་རམ་གསང་མཚན་པདྨ་ལས་འབྲེལ་རྩལ་ནི། རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་ཉིད་དག་པའི་སྐྱེ་བ་ལྔ་བརྒྱུད་པའི་ཐ་མ་སྟེ་བོད་མཚམས་གཉན་རོང་འབྲི་ཐང་བྱ་བའི་ཡུལ་དུ་ཉང་གི་གདུང་རིགས་ལས་ལྕགས་མོ་ཡོས་ཀྱི་ལོར་སྐུ་བལྟམས། 32.དམ་སེལ་བརྒྱུད་པས་སློབ་འགའ་གྲི་རུ་འཆི༔ རྡོ་ཡི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམས༔ མོན་ཁ་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ནི། རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གཉིས་ཀྱི་ཡ་གྱལ་ཏེ། མོན་ལ་མོ་སྟོད་པའི་སྣར་ཐང་དུ་འཁྲུངས། མཚན་གུ་རུ་ཚེ་བརྟན་རྒྱལ་མཚན་ནམ་ཆོས་ཀྱི་བློ་གྲོས་སུ་གྲགས། རྟེན་དགེ་སློང་རྡོ་རྗེ་འཛིན་པ། མདོ་སྔགས་ཀྱི་མཁྱེན་པ་རྒྱས་པའི་དགེ་བའི་བཤེས་གཉེན་ཆེན་པོར་བཞུགས། 33.དབུས་པའི་འདུན་མ་གཅིག་དྲིལ་ས་ཧོར་སྐྲག༔ སྡིག་སྤྱོད་བདུད་སྤྲུལ་བསྟན་པ་རྒྱས་ཡུན་རིང་༔ འབྲིན་ཐང་ཀོ་རོ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། གཏེར་སྟོན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་མེ་བན་རི་ཆེན་གླིང་པ་ནི། རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་དང་ལོ་ ཆེན་བི་རོ་ཟུང་དུ་འཇུག་པའི་རྣམ་འཕྲུལ། ལོ་རོ་དཀར་པོའི་ཚེ་ཁྲོ་ཁར་ཡབ་རྡོ་རྗེ་རྒོད་རྡོར་འབུམ་དང་ཡུམ་བལ་མོ་གཡང་འབུམ་གྱི་སྲས་སུ་གླང་གི་ལོར་འཁྲུངས། 34.ཡར་ཡུལ་མཐིལ་ནས་རྣམ་སྨིན་སྤྱོད་རྒྱལ་འབྱུང་༔ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་༔ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་སྤྲུལ་སྐུ་ཨོ་རྒྱན་གླིང་པ་ནི༔ ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་བ་བདུན་པ། གཡོ་རུ་གྲ་ནང་གི་ཡར་རྗེ་ཞེས་པར་ཆུ་མོ་ཕག་གི་ལོ་ལ་སྔགས་བརྒྱུད་ཁྱད་པར་ཅན་དུ་འཁྲུངས། རྟེན་སྔགས་བཙུན། 35.ས་ཧོར་དུར་ས་དབུས་གཙང་ཀུན་ལ་འབེབས༔ མཆོད་རྟེན་འོག་ནས་ཐོད་པ་ཁྱི་ཡིས་གཡེང་༔ བསམ་ཡས་བསྟན་ནས་འབྱུང་༔ བྱར་རོང་ཨེ་ཡི་སྨན་པ་ཉི་འོད་གསལ༔ ད་ལྟ་ཤི་ཡང་སྲོག་མཐུད་ཤེས་པ་འབྱུང་༔ ཞེས་པའི་བྱར་རོང་ཨེ་ཡི་སྨན་པ་ནི། བྱར་གྱི་རོང་ཨེ་ཡུལ་རིག་པའི་འབྱུང་གནས་སུ་འཁྲུངས། གཉགས་ཆེན་པོའི་སྤྲུལ་པ་གཉིས་ཀྱི་ཡ་གྱལ་ཏེ། རྟེན་སྔགས་སྨན་དཀྱུས་མའི་ཚུལ་དུ་བཞུགས། མཚན་སྨན་དཔྱད་མཛད་པས་སྨན་པ། དངོས་ཀྱི་མཚན་ཉི་འོད་གསལ། 26.དུས་ནི་ལོ་རེ་ལོ་རེས་ངན་དུ་འགྲོ༔ མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུར༔ ལྐོག་ཏུ་བུ་སྨད་ཁྱི་ཕག་ཙམ་པ་འབྱུང་༔ སྡེ་འཁྲུག་ནང་དམེ་རྒྱབ་རྟེན་དུག་ལ་རེ༔ བུ་ཚལ་གསེར་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་གྲ་སྒོམ་ཆོས་རྡོར་ནི། རྒྱལ་སྲས་ལྷ་རྗེའི་སྐྱེ་མཐའ་ལྔ་པ་ཁྱུང་ནག་ཤཱཀྱ་དར་ཏེ་འདིས་ཀྱང་ཆོས་དང་སྨན་དང་ཁྱད་པར་རྩིས་ཀྱི་སྐོར་སོགས་ཅི་རིགས་སྤྱན་དྲངས་པའི་གཏེར་སྟོན་ནོ། ། དེའི་ཡང་སྲིད་དྲུག་པ་འདི་ཉིད་གྲ་ནང་དུ་འཁྲུངས། རྟེན་སྔགས་པར་བཞུགས་པས་སྒོམ་པ་དང་མཚན་དངོས་ཆོས་ཀྱི་རྡོ་རྗེ། ། 27.སངས་རྒྱས་བཀའ་ལ་འདྲ་མིན་འདྲ་ཆོས་བྱེད༔ རྫོགས་ཆེན་རྡེའུ་ཟེར་བའི་ཆོས་ལོག་དང་༔ རི་བོང་འཛིན་ཞེས་བསེ་སྦྱོར་སྨན་ལོག་འབྱུང་༔ བོད་རྩིས་དྲུག་ཅུ་སྐོར་ཞེས་གསལ་སྒྲོན་ཞེས༔ རྩིས་རྒྱུད་ཀུན་དང་མི་མཐུན་དར་བ་འབྱུང་༔ གཏེར་མ་ཡིན་ཟེར་བཅའ་གཞི་མ་ཚང་བའི༔ གཏེར་མར་གྲགས་པ་བསླུ་ཆོས་མང་ཞིག་འབྱུང་༔ འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གཡག་ཕྱར་སྔོན་མོར་གྲགས་པ་འབྱུང་༔ ཞེས་པའི་གཏེར་སྟོན་གཡག་ཕྱར་སྔོན་མོ་ནི། ལོ་ཆེན་བཻ་རོའི་རྣམ་འཕྲུལ་འོ་ཡུག་གཡག་ལྕེ་ཁྲི་མོ་དང་ཉེ་བའི་སྟོང་ངུར་ཞེས་པའི་ལུང་ལག་ཁྲ་ཆུང་ཟེར་བར་བོན་སྔགས་ཀྱི་རིགས་སུ་འཁྲུངས། རྟེན་སྔགས་པར་གསལ་གཡག་ཕྱར་སྔོན་མོ་ཞེས་བླ་དྭགས་དང་། མཚན་དངོས་རྡོ་རྗེ་འབུམ། 28.བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོ འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་སྐད་རེ་ར་རོག་ཕད་རོག་ཁྱད་པར་མེད་ཅེས་ཟེར། རླུང་གཡབ་བསིལ་སྦྱར་ཡས་འདོན་ཡིན་ནོ་ཟེར༔ མཚང་མེད་པོ་རྣམས་ནད་པའི་སྔས་སྲུང་བྱེད༔ མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེ༔ རྨོངས་ཁྱུ་ཁ་འདྲིལ་མཁས་པ་བསྐྱར་ལ་འདོན༔ མོན་ཁ་སྤ་གྲོར་སྦས་པའི་གཏེར་ཁ་འདི་མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་འདོན་གྲུམ་དང་མཁར་ནག་ཅེས་བྱ་འབྱུང་༔ ཞེས་པའི་གཏེར་འདོན་བླ་མ་གྲུམ་དང་སྤ་གྲོ་བའི་ཡོན་བདག་ནག་པོ་མཁར་བྱ་བའི་ཡོན་མཆོད་གཉིས་བསྡེབས་ཏེ། སྤ་གྲོ་སྐྱེ་ཆུའི་ལྷ་ཁང་གི་ཁྱུང་རུམ་སྨུག་པོའི་མཆུ་ནང་བསེའི་གཱའུ་ནས་གདན་དྲངས་པར་མཛད་པའི་གཟའ་རྒོད་སྤུ་གྲིའི་དྲག་སྔགས་བར་སྣང་ཧོམ་ཁུང་མར་གྲགས་པའི་དཔེ་ལུང་གི་རྒྱུད་ད་ལྟ་ཡང་བཞུགས་པར་སྣང་། 29.མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེས༔ དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དར༔ ནད་དུ་མི་འོང་བྱ་བ་གཅིག་ཀྱང་མེད༔ ཆོས་སྤྱིའི་བྱིན་རླབས་སུམ་ཆ་ཡལ་ནས་འགྲོ༔ འུ་ཤང་རྡོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཞེས་པའི་གཏེར་སྟོན་ལྷ་བཙུན་སྔོན་མོ་ནི། ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་མངའ་བདག་ཡུམ་ བརྟན་གྱི་བརྒྱུད་ལས་ལྷ་བཙུན་བོདྷི་རཱ་ཛའི་སྲས་སུ་བསམ་ཡས་སུ་འཁྲུངས། ལྷ་རིགས་ཀྱི་སྔགས་བཙུན་ཡིན་པས་ལྷ་བཙུན། བླ་དྭགས་ལས་སྔོན་མོ། མཚན་དངོས་རིག་པའི་རྒྱ་མཚོ་གློག་གི་ཕྲེང་བ། 30.མི་ལ་ཆས་ལུས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འོང་༔ ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་པའི་ཁམས་སྟོད་དྭགས་པོ་གཏེར་སྟོན་གྲགས་པ་ནི། ཁམས་ཡུལ་སྟོད་དུ་འཁྲུངས། ལྷ་ལུང་རྡོ་རྗེ་དཔལ་གྱི་སྐྱེ་མཐར་གསལ། 31.ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང་༔ བསོད་ནམས་ཟད་པ་དབུས་སུ་མི་རྒོད་སྡིགས༔ དྭགས་པོ་ལྡང་ལྷ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ མངའ་བདག་སྲས་མོ་རིན་ཆེན་ཚུལ་རྡོར་འབྱུང་༔ ཞེས་པའི་གཏེར་སྟོན་རིན་ཆེན་ཚུལ་རྡོར་རམ་གསང་མཚན་པདྨ་ལས་འབྲེལ་རྩལ་ནི། རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་ཉིད་དག་པའི་སྐྱེ་བ་ལྔ་བརྒྱུད་པའི་ཐ་མ་སྟེ་བོད་མཚམས་གཉན་རོང་འབྲི་ཐང་བྱ་བའི་ཡུལ་དུ་ཉང་གི་གདུང་རིགས་ལས་ལྕགས་མོ་ཡོས་ཀྱི་ལོར་སྐུ་བལྟམས། 32.དམ་སེལ་བརྒྱུད་པས་སློབ་འགའ་གྲི་རུ་འཆི༔ རྡོ་ཡི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམས༔ མོན་ཁ་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ནི། རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གཉིས་ཀྱི་ཡ་གྱལ་ཏེ། མོན་ལ་མོ་སྟོད་པའི་སྣར་ཐང་དུ་འཁྲུངས། མཚན་གུ་རུ་ཚེ་བརྟན་རྒྱལ་མཚན་ནམ་ཆོས་ཀྱི་བློ་གྲོས་སུ་གྲགས། རྟེན་དགེ་སློང་རྡོ་རྗེ་འཛིན་པ། མདོ་སྔགས་ཀྱི་མཁྱེན་པ་རྒྱས་པའི་དགེ་བའི་བཤེས་གཉེན་ཆེན་པོར་བཞུགས། 33.དབུས་པའི་འདུན་མ་གཅིག་དྲིལ་ས་ཧོར་སྐྲག༔ སྡིག་སྤྱོད་བདུད་སྤྲུལ་བསྟན་པ་རྒྱས་ཡུན་རིང་༔ འབྲིན་ཐང་ཀོ་རོ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། གཏེར་སྟོན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་མེ་བན་རི་ཆེན་གླིང་པ་ནི། རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་དང་ལོ་ ཆེན་བི་རོ་ཟུང་དུ་འཇུག་པའི་རྣམ་འཕྲུལ། ལོ་རོ་དཀར་པོའི་ཚེ་ཁྲོ་ཁར་ཡབ་རྡོ་རྗེ་རྒོད་རྡོར་འབུམ་དང་ཡུམ་བལ་མོ་གཡང་འབུམ་གྱི་སྲས་སུ་གླང་གི་ལོར་འཁྲུངས། 34.ཡར་ཡུལ་མཐིལ་ནས་རྣམ་སྨིན་སྤྱོད་རྒྱལ་འབྱུང་༔ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་༔ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་སྤྲུལ་སྐུ་ཨོ་རྒྱན་གླིང་པ་ནི༔ ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་བ་བདུན་པ། གཡོ་རུ་གྲ་ནང་གི་ཡར་རྗེ་ཞེས་པར་ཆུ་མོ་ཕག་གི་ལོ་ལ་སྔགས་བརྒྱུད་ཁྱད་པར་ཅན་དུ་འཁྲུངས། རྟེན་སྔགས་བཙུན། 35.ས་ཧོར་དུར་ས་དབུས་གཙང་ཀུན་ལ་འབེབས༔ མཆོད་རྟེན་འོག་ནས་ཐོད་པ་ཁྱི་ཡིས་གཡེང་༔ བསམ་ཡས་མཆིམས་ཕུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་དྲི་མེད་འོད་ཟེར་ཞེས་བྱ་འབྱུང་༔ གཏེར་སྟོན་དྲི་མེད་འོད་ཟེར་ནི། དོན་དམ་པར་སློབ་དཔོན་བི་མ་ལའི་སྙིང་ཏིག་གི་བསྟན་པ་ཡིད་དཔྱོད་དང་འདྲེས་པའི་སྐབས་ལོ་བརྒྱ་བརྒྱ་ན་བི་མ་ལའི་སྤྲུལ་པ་རེ་འབྱོན་པར་གསུངས་པ་དང་། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། དེ་རྗེས་བློ་གྲོས་མཆོག་གིས་འཛིན། ། ཅེས་གསལ་བར་ལུང་བསྟན་པ་ལྟར་དྲི་མེད་བཤེས་གཉེན་གྱི་རྣམ་འཕྲུལ་དུ་གྲུབ་ནའང་དགོས་པའི་དབང་གིས་རྒྱལ་པོའི་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་སྤྲུལ་པའི་སྐུ་པདྨ་ལས་འབྲེལ་རྩལ་གྱི་གཏེར་ལུང་དུ། དེ་རྗེས་ལོངས་སྐུའི་ཞིང་ཁམས་དར་གཅིག་ཉུལ་བར་གསུངས་པོ་ཀུན་མཁྱེན་ཆེན་པོ་འདི་ཉིད་དུ་ངེས་པས། དེས་ན་ལས་འབྲེལ་གྱི་སྐྱེ་བ་དེ་མ་ཐག་པའོ། ། 36.མཛའ་བོ་ནང་འཇུག་ཚེར་མས་མཐའ་མི་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང་༔ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་རོག་རྗེ་སྙིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་རོག་རྗེ་གླིང་པ་ནི། ཐང་ཡིག་འགའ་ཞིག་ནས་ཆོས་རྗེ་གླིང་པ་དང་དབོན་རྗེ་གླིང་པ་ཞེས་པའང་འབྱུང་བར་མ་ཟད་རྗེ་རང་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་པའི་དྭགས་པོ་ཆོས་རྗེ་གླིང་པ་ནི། རྒྱལ་སྲས་ལྷ་རྗེའི་གཏེར་སྟོན་སྐྱེ་བ་བཅུ་གཉིས་པ་སྟེ། རྗེ་ཟླ་འོད་གཞོན་ནུའི་གཅུང་ལྷ་རྗེ་སྙི་ཆུང་ནས་གདུང་རབས་བར་མ་ཆད་པར་བྱོན་པའི་རབས་བཅོ་ལྔ་པ་ཡབ་རྡོ་རྗེ་གྲགས་པའི་སྲས་སུ་དྭགས་པོ་ཀླུ་མཁར་གདོང་དུ་འཁྲུངས། མཚན་ཡོངས་གྲགས་ཆོས་རྗེ་འཛམ་གླིང་རྡོ་རྗེ་དང་བདེ་བའི་རྡོ་རྗེ་ཞེས་གྲགས། 37.ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་ལྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་གཏེར་བདག་གླིང་པའམ། པདྨ་གར་དབང་འགྱུར་མེད་རྡོ་རྗེ་ནི། ལོ་ཆེན་བི་རོ་ཙ་ནའི་གསུང་གི་རྣམ་པར་འཕྲུལ་པ། དབུས་གཡོར་གྲ་ནང་དར་རྒྱས་ཆོས་སྡིངས་སུ་མཐིང་མ་མྱོས་ཀྱི་རིགས་ལས་ཡབ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་དང་། ཡུམ་ཤེལ་དཀར་རྡོ་རྗེ་འཚོའི་སྐྱེ་བ་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྲས་སུ་ཤིང་ཕོ་ཁྱིའི་ལོར་མཚན་དཔེའི་པད་མོ་བཞད། 38.ཁ་རག་ལ་ཁོར་སོ་པ་རེས་མོས་བྱེད༔ མཆོད་རྟེན་དཀར་པོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་པདྨ་ཀུན་སྐྱོང་གླིང་པ་ནི། བི་རོ་དངོས་བྱོན་གཏེར་སྟོན་རྡོ་རྗེ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། མེ་ཕོ་བྱི་བའི་ལོ་ལ་ཤངོས་ལྷ་ཕུ་བི་རྫིང་ཞེས་པར་ཡབ་དཔའ་བོ་རྒྱལ་མཚན་མགོན་དང་། ཡུམ་སྒྲོལ་མའི་རྣམ་འཕྲུལ་བདེ་མཆོག་དཔལ་མོའི་སྲས་སུ་འཁྲུངས། 39.ཉང་སྨད་ཉི་མ་མདོ་རུ་རྫོང་གཅིག་འབྱུང་༔ དམག་དཔོན་བརྒྱ་ དང་ བཅུ་དྲུག་ཕྱ་ལུང་ཚོགས༔ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་མདོ་སྔགས་གླིང་པ་མཆོག་ལྡན་མགོན་པོ་ནི། བི་རོའི་སྤྲུལ་པ་ཀུན་སྐྱོང་གླིང་པ་ཡང་སྲིད་དེ་ལྷོ་བྲག་བན་པའི་ནང་ཚན་གྱི་སྣབས་ཀྱི་འཕྱོང་ལུང་ཞེས་པར་རྒྱའི་རིགས་ཀྱི་ཡབ་སུམ་དར་རྒྱས་དང་ཡུམ་བུ་ཆུང་སྨན་གཉིས་ཀྱི་སྲས་སུ་ཡི་གེ་དྷཱིའི་སྒྲ་སྒྲོགས་བཞིན་དུ་སྐུ་བལྟམས། 40.ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒོར་འབྱུང་༔ སྟག་ཐབ་ནང་དུ་གཙང་པ་སུམ་གཉིས་འཆི༔ རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོ་ནི། གཙང་རོང་གི་བྱ་བཟང་བཀྲ་ཤིས་སྡིངས་སུ། ཡབ་དཔོན་ནོར་བུ་དང་ཡུམ་རྒྱལ་མོ་སྐྱིད་ཅེས་འབྱོར་ལྡན་ཞིག་གི་སྲས་སུ་འཁྲུངས། 41.སྟོད་ཁུ་ཡུལ་དུ་ཕག་ཚང་ཁྱུ་གཅིག་འབྱུང་༔ ས་བཙན་རི་འབོས་རེ་ལ་རྫོང་ཆུ་རེ༔ ལ་རྩུབ་འཕྲང་རྩུབ་བཀག་མང་ཁྱུ་ཡིས་འཚོ༔ ཀོང་པོ་བུ་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་རྡོ་རྗེ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་བསྟན་དོན་སྤྲུལ་པའི་གཏེར་སྟོན་རྒྱལ་པོ་གསུམ་པ་ལོ་ཆེན་བི་རོ་དངོས་བྱོན་རྡོ་གླིང་པ་ནི། དབུས་ཀྱི་གྲ་ནང་དབེན་རྩ་ཞེས་པར་སྔགས་པ་རྡོ་རྗེ་འཛིན་པའི་བརྒྱུད་པའི་ཡབ་ཁུ་སྟོན་བསོད་ནམས་རྒྱལ་མཚན་དང་ཡུམ་དཀར་མོ་རྒྱན་གཉིས་ཀྱི་སྲས་སུ་མེ་ཕོ་ཁྱི་ལོར་འཁྲུངས། མཚན་ཨོ་རྒྱན་རྒྱལ་པོར་གསོལ། 42.གཙང་གི་དགྱེར་ཕུ་ངོ་མ་གཉིས་སུ་འཐབ༔ རུ་ལག་ཚུད་ཕུར་ཕག་པའི་ཁྱུ་ཞིག་འབྱུང་༔ ཀོང་པོ་མཆིམས་ཡུལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་རིན་ཆེན་གླིང་པ་ཕྱི་མ་འདི་ནི་གཏེར་གནས་ལུང་བསྟན་གསལ་བར་མ་ཟད་རྣམ་ཐར་ཆེན་མོར་ཞལ་གྱིས་བཞེས་པ་ལྟར་སངས་རྒྱས་གླིང་པ་ཉིད་དུ་ངེས་པའོ། 43.འགོས་ཀྱི་ཕག་རིར་གནས་གཞི་རྫོང་ལ་འགེབ༔ ལ་སྟོད་སྟག་གྲུར་དུག་གི་ཚོང་དུས་འོང་༔ མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་རྒྱལ་པོ་ལྔའི་བཞི་པར་བསྔགས་པ་ཨོ་རྒྱུན་པདྨ་གླིང་པ་ནི། མངའ་བདག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔའི་མཐའ་མ་མོན་བུམ་ཐང་དུ་མྱོས་ཀྱི་རིགས་ལས་ཡབ་དོན་གྲུབ་བཟང་པོ་དང་། ཡུམ་གྲོང་མོ་དཔལ་འཛོམས་གཉིས་ཀྱི་སྲས་སུ་ལྕགས་ཕོ་ཁྱིའི་ལོར་ངོ་ མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། 44.རྒྱ་གར་གྷ་ན་རུ་དང་བི་ན་སའི༔ པཎྜི་ཏ་ནི་གཉིས་གསུམ་བོད་དུ་འབྱུང་༔ ལྷ་སའི་ཇོ་ཤཱཀ་འདི་ལ་མཆོད་པ་བྱེད༔ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ལས་འཕྲོ་གླིང་པའམ་རིག་འཛིན་འཇའ་ཚོན་སྙིང་པོ་དང་སྔགས་འཆང་ཧཱུཾ་ནག་མེ་འབར་ཅེས་སྐུ་གཅིག་ལ་མཚན་གསུམ་དུ་གྲགས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་འདི་ནི། སྔོན་དཔལ་ཨོ་རྒྱན་ཆེན་པོའི་ཞལ་སློབ་ཟག་མེད་འོད་ལུས་གྲུབ་པ་བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར་ཉང་བན་ཏིང་འཛིན་བཟང་པོ་འབྲས་བུ་མཐར་ཕྱིན་པའི་ཐུགས་རྗེ་ཡས་སྤྲུལ་དུ་བྱོན་པ་སྟེ། ཀོང་ཡུལ་ཝ་རུ་གནམ་ཚལ་དུ། ཡབ་མགོན་པོ་དང་། ཡུམ་ནམ་ལངས་བུ་ཁྲིད་གཉིས་ཀྱི་སྲས་སུ་ཤིང་མོ་བྱ་ལོར་སྐར་མ་རྒྱལ་ལ་བབས་པའི་ཉིན་སྐུ་འཁྲུངས། 45.བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་བརྒྱད༔ གངས་དང་སེང་གེ་ལས་ཀྱིས་འབྲེལ་བ་ཡིས༔ འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ བྱར་གྱི་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་བསམ་གཏན་བདེ་ཆེན་གླིང་པ་ནི། འབྲོག་མི་དཔལ་གྱི་ཡེ་ཤེས་དང་གཡུ་སྒྲ་སྙིང་པོ་ཟུང་དུ་འཇུག་པའི་རྣམ་འཕྲུལ་ལོང་པོ་འཇིམ་གང་སྟེང་དུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པའི་ཚུལ་དུ་བཞུགས། ། 46.སླེ་མ་ཚལ་གྱི་རི་མོ་བྲིས་པ་ཡི༔ གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང་༔ ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་ནི། ལྷ་སྲས་དམ་འཛིན་གྱི་རྣམ་པར་འཕྲུལ་པ་སྟེ། དབུ་རུ་ཇོ་ཤཱཀ་རྣམ་གཉིས་བཞུགས་པའི་ཡུལ་དང་ཉེ་བ་སྟོད་ལུང་སྣང་རྩེ་ཞེས་པར། ཡབ་ནམ་མཁའ་དབང་ཆེན་ཕུན་ཚོགས་ཞེས་དང་། ཡུམ་ཚེ་དབང་བརྟན་མའི་སྲས་སུ་ཤིང་ཕོ་སྤྲེལ་ལོ་ཟླ་བ་བཅུ་པའི་ཉེར་གསུམ་ཉི་མ་དང་སྐར་མ་གྲེ་འཛོམ་པའི་ཉིན་སྣང་རྩེ་གསེར་ཁང་གི་གཟིམ་ཁང་དགའ་བྱེད་ཤར་དུ་སྲིད་སྐྱོང་ཆེན་པོའི་རིགས་སུ་སྐུ་བལྟམས། 47.སྟར་སྒོའི་ཐང་ལ་དབུས་པའི་ཚོགས་འདུ་བྱེད༔ ཧས་པོ་རི་རྒྱུད་མེ་ཡར་རྫོང་ཞེས་འབྱུང་༔ ཁོ་རག་ཕུག་ཏུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་བདེ་ཆེན་གླིང་པ་ནི། གྲུ་ཤུལ་ཚྭ་ལུང་ཞེས་པ་རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ་དུ། ཡབ་དཔལ་འབྱོར་རྒྱལ་མཚན་དང་། ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་ཆུ་ཕོ་ཁྱིའི་ལོ་ལ་འཁྲུངས། 48.གུ་རུ་ཧཱུྃ་འབར་ནི་སྟག་སྡེར་བོན་གཤེན་གྱི་རིགས་སུ་འཁྲུངས། རྟེན་སྔགས་པ། 49.ལྷ་བཙུན་བྱང་ཆུབ་འོད་ནི། མངའ་བདག་གདུང་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབོན་པོར་འཁྲུངས། རྟེན་དགེ་སློང་དུ་བཞུགས། མདོ་སྔགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་ལོ་ཙཱ་ཡང་མཁས་པར་མཁྱེན། ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པས་བོད་ཁམས་སྤྱི་ལ་བཀའ་དྲིན་ཕུལ་དུ་བྱུང་། 50.སངས་རྒྱས་སྣང་བ་མཐའ་ཡས་དང་གུ་རུ་པདྨ་དབྱེར་མེད་པའི་རྣམ་འཕྲུལ་ས་གསུམ་དུ་གྲགས་པས་ཁྱབ་པའི་དཔལ་ལྡན་ཇོ་བོ་དཱིཔཾ་ཀ་ར་ནི་འཕགས་བོད་གཉིས་ན་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ། བྱང་ཆུབ་སེམས་ཀྱི་མངའ་བདག་བོད་ཁམས་ལ་བཀའ་དྲིན་ཆེ་བའོ། ། 51.མངའ་རིས་པུ་ཧྲང་དུ་བྱོན་པའི་ཞང་བཙུན་དར་མ་རིན་ཆེན། 52.ལོ་ཆེན་བཻ་རོ་དངོས་བྱོན་གངས་རིའི་ལྗོངས་ཙམ་ན་ཕུལ་དུ་བྱུང་བའི་པཎྜི་ཏ་རོང་ཟོམ་ཆོས་ཀྱི་རྒྱལ་པོ། 53.ཨོ་རྒྱན་ཆེན་པོའི་དུས་སུ་ཉིད་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཨོ་རྒྱུན་གྲུབ་པའི་སྙིང་པོའི་རྣམ་འཕྲུལ་རྡོར་འབུམ་ཆོས་ཀྱི་གྲགས་པ་ནི། ཡུལ་མངའ་རིས་སུ་འཁྲུངས། 54.གཏེར་སྟོན་སངས་རྒྱས་འབོར་ནི། སངས་རྒྱས་བླ་མའི་བརྒྱུད་དུ་འཁྲུངས། 55.དྲག་སྔགས་མཁན་པོ་སེ་སྟོན་རིང་མོ། 56.རྒྱ་ཕུར་བུ་ནི། ལྷོ་བྲག་ཏུ་འཁྲུངས། རུས་རྒྱུ། མཚན་ཕུར་བུ་མགོན། རྟེན་སྔགས་དཀར། 57.ལྷ་རྗེ་གནུབས་ཆུང་ནི། གཙང་རོང་ཁུ་ལུང་དུ་གནུབས་ཡེ་ཤེས་རྒྱུ་མཚོའི་སྲས་སུ་འཁྲུངས། རྟེན་སྔགས་འཆང། 58.སྔགས་འཆང་རྒྱ་སྟོན་བརྩོན་འགྲུས་སེང་གེ་དར་ནི། རུས་རྒྱ། གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་ཡིན། 59.ལྕེ་བཙུན་སེང་གེ་དབང་ཕྱུག་ནི། ཡུལ་ཉང་རོ་གཉན་ཚོའི་ལྕེ་ཐུབ་པའི་དབང་པོའི་སྲས་ཡིན། 60.གཏེར་སྟོན་སར་བན་ཕྱོགས་མེད་ནི། གུ་རུ་པདྨའི་གསང་ཡུམ་ཇོ་མོ་ཤེལ་བཟའ་སྒྲོན་སྐྱིད་ཀྱི་སྐྱེ་བ་སྟེ་མོན་སྤ་དྲོའི་ཕྱོགས་སུ་འཁྲུངས། རྟེན་སྔགས་འཆང་། 61.གཉན་ལོ་ཙཱ་བ་དོར་མ་གྲགས་ནི། གཉན་ཆེན་དཔལ་དབྱངས་ཀྱི་གདུང་བརྒྱུད་ལས་གཙང་ཤབ་སྟོད་དུ་འཁྲུངས། 62.སྔགས་འཆང་ཤཱཀྱ་འོད་ཀྱི་སྐྱེ་བ་དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་དམ་ཤཱཀྱ་བཟང་པོར་གྲགས་པས་ར་ས་འཕྲུལ་སྣང་གི་གློ་འབུར་ནས་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག་མདོར་སྐོར་རྣམས་སྤྱན་དྲངས་པ་དེང་སང་མ་ཎི་བཀའ་འབུམ་གྱི་གྲས་སུ་བཞུགས་པ་དང་གཅིག་པར་མངོན། 63.བླ་མ་ཟངས་རི་རས་པ་ནི། ལ་སྟོད་གཅུང་པའི་སའི་ཆར་འཁྲུངས། རྗེ་རས་ཆུང་པའི་སློབ་མར་གྱུར། མཚན་འགོ་སྟོན་དབང་ཕྱུག་རྡོ་རྗེ་དང་ཟངས་རིར་སྒྲུབ་པ་མཛད་པས་ཟངས་རི་རས་པར་གྲགས། 64.གཉལ་པ་ཇོ་སྲས་ནི། གཉལ་པ་ཇོ་སྲས་སམ་གཉལ་སྟོན་ནག་པོར་གྲགས། 65.སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་ནི། སྙེ་མོའི་ཕྱོགས་སུ་འཁྲུངས། རྟེན་སྔགས་འཆང་དཀྱུས་མ། 66.གཏེར་སྟོན་ཆུ་ཕོ་རྟོགས་ལྡན་ནི། རྒྱལ་མོ་རོང་གི་སའི་ཆ་ཆུ་བོ་ནོར་བུ་གླིང་དུ་འཁྲུངས། རྟེན་བྱ་བཏང་ངེས་མེད་དུ་མཛད་པས་རྟོགས་ལྡན་དུ་གྲགས། མཚན་དངོས་དགེ་འདུན་རྒྱལ་མཚན། 67.སྤྲུལ་སྐུ་བ་མཁལ་སྨུག་པོ་ནི། ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་མངའ་བདག་ཉང་གི་དུས་ཙམ་ལ་ལྷོ་བྲག་ཏུ་འཁྲུངས། རྟེན་སྔགས་འཆང་། 68.མངའ་བདག་མོལ་མི་འཁྱིལ་ནི། གཙང་སྟོད་ལྷོ་རྒྱུད་ཀྱི་མཐར་མངའ་བདག་གི་གདུང་རིགས་སུ་འཁྲུངས། རྟེན་ལྷ་རིགས་སྔགས་བཙུན་གྱི་རྣམ་པར་བཞུགས་པར་གསལ། 69.མངའ་བདག་ཆེན་པོའི་སྤྲུལ་པའི་ཆ་ཤས་གྲུ་གུ་ཡང་དབང་ནི། མདོ་ཁམས་གྲུ་གུའི་ཡུལ་དུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས། མཚན་ཡང་དབང་གཏེར་རམ་རྡོ་རྗེ་བྱུང་ནས་མཚན་གྲགས་པ་བཟང་པོར་གསོལ། 70.སུམ་པ་བྱང་ཆུབ་བློ་གྲོས་ནི། མདོ་ཁམས་སྒང་བརྒྱུད་རྣམ་གསུམ་ལས་སྨར་ཁམས་ལྷོ་བརྒྱུད་སུམ་པ་ཞེས་བྱ་བའི་ཡུལ་དུ་འཁྲུངས་པས་ཡུལ་ལ་བཏགས་པས་སུམ་པ་དང་། མཚན་དངོས་བྱང་ཆུབ་བློ་གྲོས། བསྙེན་པར་རྫོགས་པའི་མཚན་བསོད་ནམས་རྒྱལ་མཚན། 71.སྟག་ལུང་པ་སངས་རྒྱས་དབོན་པོ་ནི། སྟག་ལུང་ག་ཟིའི་གདུང་ལས། ཁམས་ཀྱི་གཡང་ཤོད་བོང་ར་སྟེང་དུ་འཁྲུངས། རབ་ཏུ་བྱུང་ནས་མཚན་གྲགས་པ་བཟང་པོར་གསོལ། 72.གཉལ་པ་ཉི་མ་ཤེས་རབ་ནི། གཉལ་དུ་འཁྲུངས། 73.ཁྲོ་ཕུ་ཙཱ་བ་གནུབས་བྱམས་པའི་དཔལ་ནི། སྔགས་རྙིང་མའི་སྔགས་འཆང་རོ་ཟན་ནག་པོ་ཞེས་པའི་ནུས་ལྡན་ཞིག་གི་སྲས་སུ་འཁྲུངས། ཆོས་ལུགས་ཕག་གྲུ་བཀའ་བརྒྱུད། 74.གཏེར་སྟོན་གཡས་བན་ཡ་བོན་ནི། བོན་པོའི་བརྒྱུད་པར་གཉན་ལོ་ཙཱ་བའི་སྐུ་ཚེའི་སྨད་ཙམ་ལ་འཁྲུངས། 75.བལ་པོ་ཧཱུྃ་འབར་ནི། གཙང་གི་ལྷོ་རྒྱུད་དུ་འཁྲུངས། རྟེན་སྔགས་འཆང་། 76.གཏེར་སྟོན་ཨ་ཇོ་དཔལ་པོ་ནི། བསམ་ཡས་དང་ཉེ་བའི་ཟུར་མཁར་དུ་འཁྲུངས། རྟེན་ཁྱིམ་སྔགས་དཀྱུས་མ། 77.གཏེར་སྟོན་སུམ་ཚོགས། 78.དུ་གུ་རིན་ཆེན་སེང་གེ་ནི། དབུས་སུ་འཁྲུངས། 79.གཙང་པ་ལ་བ་རིང་མོའམ་གཙང་རིང་ཤེས་རབ། 80.སྤྲུལ་སྐུ་ས་སྟོད་དམར་པོའམ་དམ་པ་དམར་པོ། 81.དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསང་ཆེན་བཀའི་སྡུད་པ་མོ་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་དངོས་བྱོན་མཚན་ལྡན་མཁའ་འགྲོ་མ་རྣམ་གཉིས་ཀྱི་ཡ་གྱལ། སྤྲུལ་པའི་གཏེར་སྟོན་ཆེན་མོ་ཇོ་མོ་སྨན་མོར་གྲགས་པ་ནི། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་གུ་རུའི་སྒྲུབ་ཕུག་གཟར་མོ་ལུང་དང་ཉེ་བར། ཡབ་དྭགས་བརྒྱུད་སྔགས་པ་རྡོ་རྗེ་རྒྱལ་པོ་དང་། ཡུམ་མཁའ་འགྲོའི་རིགས་ཅན་པདྨ་དཔལ་འཛོམ་ཞེས་པའི་རིགས་སུ་ས་ཕོ་སྤྲེལ་ལོར་སྤྲུལ་པད་མོ་བཞད། ཡབ་ཡུམ་གྱིས་མཚན་པདྨ་མཚོ་སྐྱིད་ཅེས་བཏགས། 82.གྲུབ་ཆེན་མེ་ལོང་རྡོ་རྗེ་ནི། སྒྲགས་ཀྱི་ཕུར་རྣལ་འབྱོར་པ་ཞིག་གི་སྲས་སུ་འཁྲུངས། 83.སྐལ་ལྡན་བྱིས་པ། 84.བྲང་ཏི་རྒྱལ་ཉེ་མཁར་བུ། 85.སྒོམ་ཆེན་འབྲུག་པ་དང་། གཉན་སྟོན་ཛམྦྷ་ལ་དང་། དོན་གྲུབ་སེང་གེ་དང་། པདྨ་གྲགས་པ་སྟེ། གཏེར་སྟོན་འདི་རྣམས་རིག་འཛིན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་གཡོག་ཡིན། 86.ཉང་བན་ཏིང་འཛིན་བཟང་པོའི་རྣམ་འཕྲུལ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་སྐྱེ་བ་དུང་མཚོ་རས་པ་སྔ་མ་ནི། ཡར་ལུང་དུ་འཁྲུངས། གཞོན་དུས་ནས་གདན་ས་མཐིལ་དུ་ཆོས་སྒོར་ཞུགས་པའི་མཚན་ཤེས་རབ་རྒྱ་མཚོ་དང་། སྒམ་པོའི་རྡོར་སློབ་ལ་བསྙེན་པར་རྫོགས་པའི་མཚན་རིན་ཆེན་བཟང་པོ་གསོལ། 87.རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་གཉིས་ཀྱི་ཕྱི་མ་མཁའ་འགྲོ་མ་ཀུན་དགའ་འབུམ་པ་ནི། འོན་གྱི་བཀྲ་ཤིས་རྡོ་མཁར་དུ་ཡབ་གཙང་པ་རྡོ་རྗེ་དབང་ཕྱུག་དང་། ཡུམ་ཤེལ་དཀར་བཟའ་རྡོ་རྗེ་འཚོའི་སྐྱེ་བ་མཚན་ལྡན་ལྷ་སྐྱིད་དཔལ་འཛོམ་གཉིས་ཀྱི་སྲས་སུ་སྤྲེའུ་ལོར་འཁྲུངས། 88.དུང་མཚོ་རས་པ་ཕྱི་མ་ནི། ལ་སྟོད་ལྷོའི་དིང་མ་བྲིན་དུ་ཡབ་ཞང་དཀོན་ནི་བྱ་བ་དང་། ཡུམ་སྒྲོན་ཟ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། 89.རྒྱ་གར་ནས་བྱོན་པའི་གཏེར་སྟོན་བཛྲ་མ་ཏི། 90.ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཤེལ་དཀར་བཟའི་རྣམ་འཕྲུལ་རྒྱལ་སྲས་ལེགས་པ་ནི། གཉལ་གྱི་སེ་བ་ལུང་མདར་ཤོ་བོའི་གདུང་རུས་འཚོ་བྱེད་དབང་ཕྱུག་རྒྱལ་པོའི་སྲས་སུ་ལྕགས་ཕོ་སྟག་གི་ལོར་འཁྲུངས། 91.གཏེར་ཆེན་རྡོ་རྗེ་གླིང་པའི་ཞལ་སློབ་གཏེར་ཕྲན་ཉེར་གཅིག་གི་གྲས་ཨོ་རྒྱན་བཟང་པོ་ནི། མོན་བུམ་ཐང་གི་ཆོས་སྐོར་བདེ་ཆེན་སྟོད་དུ་འཁྲུངས། 92.གཏེར་སྟོན་ཤེས་རབ་མེ་འབར་ནི། འཁྲུངས་ཡུལ་ཁམས་པ་ཡིན་པར་གྲགས། 93.ཆོས་བློན་ཉི་མའི་སྐྱེ་བ་ཉི་བླ་སངས་རྒྱས་ནི། དྭགས་པོར་འཁྲུངས། 94.སྤྲུལ་པའི་སྐྱེས་མཆོག་རྡོ་རྗེ་གླིང་པའི་གཏེར་སློབ་སྔགས་འཆང་ལས་འཕྲོ་གླིང་པ་ནི། དོལ་དུ་འཁྲུངས། 95.ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་འཕྲུལ་སྤྲུལ་སྐུ་བཟང་པོ་གྲགས་པ་ནི། ལ་སྟོད་ལྷོ་རུ་འཁྲུངས། རྟེན་དགེ་སློང་། བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས། 96.ཨཱ་ཙ་ར་ས་ལེའི་སྐྱེ་བ་དྲི་མེད་ལྷུན་པོ་ནི། ཀོང་པོ་འོར་ཤོང་དུ་ཡབ་ཕྱག་རྡོར་དང་། ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་ཆུ་ཕོ་འབྲུག་ལོར་འཁྲུངས། 97.གཏེར་སྟོན་དྲི་མེད་རྣམ་གསུམ་དུ་གྲགས་པའི་ནང་ཚན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་དྲི་མེད་ཀུན་དགའ་ནི། གྲ་ཕྱིའི་མདའ་ཁང་དམར་དུ་ཡབ་དཔལ་འབྱོར་བཟང་པོ་དང་། ཡུམ་དགོས་དགོས་གཉིས་འཛོམ་མ་གཉིས་ཀྱི་སྲས་སུ་མེ་མོ་ཕག་ལོར་འཁྲུངས། 98.སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་གཏེར་སྟོན་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནི། རི་བོ་བཀྲ་བཟང་གི་ཤར་མདུན་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་བརྒྱུད་སྣ་མོ་ལུང་གི་གཟིམས་ཁང་སློབ་དཔོན་བདུད་འདུལ་གྱི་སྲས་སུ་མེ་མོ་གླང་ལོར་སྐུ་བལྟམས། 99.འང་? པོ་བ་དཔལ་རྒྱལ་མཚན་ནི། དགེ་སློང་ནམ་མཁའི་སྙིང་པོའི་སྤྲུལ་པར་ལུང་གིས་ཟིན། མངའ་རིས་སྟོད་དུ་ཀླུང་སྟོན་འཇམ་དབྱངས་མགོན་པོ་ཞེས་པའི་སྲས་སུ་འཁྲུངས། རབ་ཏུ་བྱུང་བའི་མཚན་བྱང་ཆུབ་མཚན་དཔལ་གྱི་རྒྱལ་མཚན། བཞུགས་གནས་ལས་བྱང་ཆུབ་གླིང་པར་གྲགས། 100.ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་གཏེར་སྟོན་ཀརྨ་གླིང་པ་ནི། དྭགས་པོའི་ཡུལ་གྱི་སྟོད་ཁྱེར་གྲུབ་ཅེས་པར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་སུ་འཁྲུངས། རྟེན་སྔགས་འཆང་། 101.རིག་འཛིན་ཆེན་པོ་རྒོད་ལྡེམ་གྱི་ཅན་གྱི་ཡང་སྲིད་དཔལ་ལྡན་འཇམ་དབྱངས་བླ་མ་ནི། ་གཙང་ཉང་སྟོད་དུ་སྐུ་འཁྲུངས། 102.སྤྱན་རས་གཟིགས་དང་དཔལ་རྟ་མགྲིན་ཟུང་དུ་འཇུག་པའི་རྣམ་འཕྲུལ་གུ་རུ་པདྨ་མངལ་སྐྱེས་ཀྱི་ཚུལ་དུ་བྱོན་པ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ནི། གཙང་སྟོད་འོལ་བ་ལྷ་རྩེར་སྐུའི་སྐྱེ་བ་བཟུང་། ཡོངས་འཛིན་བརྒྱ་ཕྲག་བསྟེན་ནས་གསན་བསམ་དཔག་ཏུ་མེད་པ་མཛད། དགུང་ལོ་བརྒྱ་དང་ཉེར་ལྔ་བཞུགས། 103.ལྷ་སྲས་མུ་ཏིག་སྲས་མོ་ལྷ་ལྕམ་ལེགས་བཞེར་གྱི་སྐྱེ་བོ་མགོན་པོ་རིན་ཆེན་ནི། ལྷོ་བྲག་གཏམ་ཤུལ་གྱི་ཕུར་ཤུད་བུའི་རིགས་སུ་འཁྲུངས། 104.ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པ་ནི། ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་ཞེས་པ་དང་། ཡུམ་སྲི་ཐར་སྨན་གཉིས་ཀྱི་སྲས་སུ་ཆུ་ལུག་ལོར་འཁྲུངས། 105.འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་རྣམ་འཕྲུལ་གཏེར་སྟོན་སྐལ་ལྡན་རྡོ་རྗེ་ནི། གཉལ་གྱི་ཕྱོགས་སུ་འཁྲུངས། རྟེན་སྔགས་འཆང་། 106.ཨ་ཙ་ར་ས་ལེ་དང་དེའི་སྐྱེ་བ་ཆོས་བློ་མགོན་པོའི་རྣམ་འཕྲུལ་མཆོག་ལྡན་རྡོ་རྗེ་ནི། རྒྱུ་ཤོད་ལ་གོང་ཞེས་པར་ཤིང་ཕོ་སྟག་གི་ལོ་ལ་འཁྲུངས། 107.ཆག་བྱང་ཆུབ་གླིང་པ་ནི། ལྷོ་བྲག་གཏམ་ཤུལ་གྱི་ལུང་ལག་གཅིག་ཏུ་འཁྲུངས། 108.ཆོས་བློན་ཆེན་པོ་འགོས་པདྨ་གུང་བཙན་གྱི་སྐྱེ་བ་ཡོལ་མོ་སྤྲུལ་སྐུ་སྔགས་འཆང་ཤཱཀྱ་བཟང་པོ་ནི། ལ་སྟོད་གྲོམ་པ་ལྗོངས་སུ་དྲང་པོ་རྡོ་རྗེ་འཛིན་པ་ཆེན་པོའི་གདུང་རྒྱུད་དུ་སྐུ་འཁྲུངས། 109.སྔ་འགྱུར་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ཡ་གྱལ་ཨོ་རྒྱན་ཆེན་པོའི་ཞལ་སློབ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཤེལ་དཀར་བཟའ་ཟུང་གི་རྣམ་འཕྲུལ་འགྲོ་འདུལ་ལས་འཕྲོ་གླིང་པ་ནི། གཉལ་སྟོད་དུ་སྙི་བའི་རིགས་ལས་ཡབ་དཔལ་འབྱོར་རྒྱལ་པོ་དང་ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་བལྟམས། 110.སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཁྲུལ་མང་རོང་གཏེར་སྟོན་འཇམ་དཔལ་རྡོ་རྗེ། 111.ཆོས་རྒྱལ་ཁྲི་སྲོང་གི་ཐུགས་འཕྲུལ་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་དགུ་པ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་ནི། གློ་བོ་མཐང་གི་སའི་ཆར་ཡབ་མངའ་བདག་མར་པའི་སྐྱེ་མཐའ་ལྷ་རིགས་མཁས་གྲུབ་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་མེ་མོ་ལུག་གི་ལོར་སྐུ་བལྟམས། མཚན་པད་མ་དབང་རྒྱལ་དུ་བཏགས། 112.ཤེལ་དཀར་བཟའ་མགོན་སྐྱིད་ཀྱི་སྐྱེ་བ་རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་ནི། དབུར་སྟོད་རྒྱ་མ་ཞེས་པར་འཁྲུངས། 113.སློབ་དཔོན་ཆེན་པོ་ཧཱུྃ་ཀཱ་ར་དང་ལྷ་སྲས་མུ་ཁྲི་བཙན་པོ་ཟུང་དུ་འཇུག་པའི་རྣམ་འཁྲུལ་གཏེར་སྟོན་གནམ་ལྕགས་མེ་འབར་ནི། དབུར་སྟོད་འབྲི་གུང་དུ་འགུ་རྒྱལ་སྒྱུ་རའི་གདུང་ཡབ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དང་། ཡུམ་བསོད་ནམས་སྒྲོན་མ་གཉིས་ཀྱི་སྲས་སུ་ས་མོ་སྦྲུལ་གྱི་ལོར་འཁྲུངས། 114.ལོ་ཆེན་བཻ་རོའི་རྣམ་འཁྲུལ་ཕྲེང་པོ་འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་ནི། བྱང་ངོམ་ཆེན་གྱི་སའི་ཆར་ཁྲི་བསམ་གཉིས་ཀྱི་ཆོ་འབྲང་ལས་ས་ཕོ་སྟག་གི་ལོར་འཁྲུངས། 115.སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཁྲུལ་མངའ་རིས་རིག་འཛིན་ཆེན་པོ་ནི། མངའ་རིས་གློ་བོ་ལྷ་རིགས་ཀྱི་སྔགས་འཆང་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས། 116.མཁར་ཆེན་དཔལ་གྱི་དབང་ཕྱུག་གི་རྣམ་འཁྲུལ་གཏེར་སྟོན་མ་ཏི་རཏྣ་ནི། མདོ་སྨད་རྟ་ཤེལ་གཉིས་ཀྱི་མཚམས་ཤིག་ཏུ་འཁྲུངས་པར་གྲགས། 117.གདོང་དཀར་ལ་ཁབ་ཚེ་རིང་རྡོ་རྗེ་ནི། ལྷ་ལྕམ་ནུས་འབྱིན་ས་ལེའི་གཡོག་མོ་གསལ་བའི་སྒྲོན་མ་ཞེས་པའི་སྐྱེ་བ་ཡིན། ལྷོ་སྤ་གྲོའི་ཕྱོགས་སུ་འཁྲུངས། 118.ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ལང་གྲོ་ལོ་ཙཱ་ཟུང་དུ་འཇུག་པའི་རྣམ་འཁྲུལ་གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག་མདོ་སྔགས་གླིང་པ་ནི། རྩིས་གནས་གསར་བ་འ་ཞའི་གདུང་རིགས་ཡབ་སྟོང་དཔོན་ནམ་མཁའ་རྡོ་རྗེ་དང་ཡུམ་ཚེ་བརྟན་བུ་འདྲེན་གཉིས་ཀྱི་སྲས་སུ་ཤིང་ཕོ་སྤྲེའུ་ལོར་གཙང་སྟོད་བོ་དོང་དུ་འཁྲུངས། 119.ཆོས་རྒྱལ་ཁྲི་སྲོང་གི་ཡོན་ཏན་རྣམ་འཁྲུལ་དུ་ལུང་གིས་ཟིན་པ་ཀརྨ་གུ་རུའམ་ཆོས་རྒྱལ་དབང་པོའི་སྡེ་ནི། གཡས་རུའི་སྟོད་དུ་མི་ཉག་གི་རྒྱལ་རྒྱུད་བྱང་པ་རིགས་ལྡན་ཆེན་པོ་ནམ་མཁའ་རིན་ཆེན་དང་། ཡུམ་ཆོས་སྐྱོང་འཛོམ་ཆེན་གཉིས་ཀྱི་སྲས་སུ་ལྕགས་ཕོ་ཁྱིའི་ལོར་འཁྲུངས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས། དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ཞེས་གསོལ། 120.རིག་འཛིན་ངག་གི་དབང་པོ་ནི། རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེའི་སྐྱེ་བ་དེ་མ་ཐག་པ་སྟེ། ཡབ་བྱང་བདག་དབང་པོའི་སྡེ་དང་། ཡུམ་ཟ་ཧོར་གྱི་གདུང་ལས་ལྷ་ལྕམ་ཡིད་བཞིན་པད་མོའི་སྲས་སུ་ལྕགས་ཕོ་འབྲུག་གི་ལོར་འཁྲུངས་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་ལ་གཙུག་ཕུད་ཕུལ་བས་མཚན་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། 121.ལོ་ཆུང་དཀོན་མཆོག་འོད་ཀྱི་རྣམ་འཁྲུལ་དང་། རྒྱལ་སྲས་ལྷ་རྗེའི་སྐྱེ་བ་བཅུ་པ་ཨེ་སྤེ་ཅོག་གར་དབང་ལས་འཕྲོ་གླིང་པ་ནི། ཨེ་ཡུལ་དྲུག་གི་ལུང་པའི་ལྗོངས་གང་པོ་ནག་གི་སྦེ་ཅོག་ཏུ་ལོ་ཙཱ་ཁེར་གདའ་འཁོར་ལོ་གྲགས་སོགས་ཀྱི་གདུང་རུས་ལས་རིག་འཛིན་རཏྣ་གླིང་པའི་དབོན་བརྒྱུད་དུ་འཁྲུངས། 122.གཏེར་སྟོན་རིན་པོ་ཆེ་ཡོངས་འཛིན་ངག་དབང་གྲགས་པ་ནི། སྤ་གྲོ་ཀུན་བཟང་གླིང་དུ་ཀུན་མཁྱེན་ཆེན་པོའི་གདུང་རྒྱུད་དུ་འཁྲུངས། 123.ལང་པོ་ལྕགས་སྡེ་པའི་སྔགས་འཆང་བཀྲ་ཤིས་ཚེ་བརྟན། 124.རྒྱལ་སྲས་ལྷ་རྗེའི་སྐྱེ་མཐའ་བཅུ་གཅིག་པར་ངེས་ཤིང་བི་རོ་དང་རིག་འཛིན་པདྨ་གླིང་པ་སོགས་ཀྱི་རྣམ་འཁྲུལ་དུའང་གསུངས་ཏེ། གང་ལྟར་ཡང་གཏེར་སྟོན་པདྨ་རིག་འཛིན་ནི། སྤུ་བོ་ར་ཞི་ཞེས་པར་སྐུ་འཁྲུངས། མཚན་ཡང་ར་ཞི་གཏེར་སྟོན་དུ་གྲགས། 125.མཆོག་དབྱངས་རྣམ་འཁྲུལ་གཙང་རོང་ལྡུམ་རར་འཁྲུངས་པའི་རོང་པ་གཏེར་སྟོན་བདུད་འདུལ་གླིང་པར་གྲགས་པ་ནི། ཐོག་མར་སྐྱེད་ཚལ་འོག་གི་ཆོས་གྲྭར་ཞུགས། སྡེ་སྣོད་ལ་སྦྱངས་པ་ཅི་རིགས་མཛད། 126.འབྲོག་བན་ཁྱེ་ཆུང་ལོ་ཙཱའི་སྐྱེ་མཐའ་གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ནི། སྔོན་གྱི་གཏེར་རྙིང་བཅུ་གསུམ་ཙམ་ནས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་ཁབ་དང་ཉེ་བའི་དངུལ་ཕུ་ནང་དུ་གྲགས་པའི་སྲིབ་ཕྱོགས་སུ་ཡབ་གླིང་གི་རིགས་འཚོ་བྱེད་མཁས་པ་ཀླུ་སྐྱབས་དང་། ཡུམ་བོ་ལུ་མ་ཞེས་པའི་སྲས་སུ་ཤིང་མོ་ཡོས་ཀྱི་ལོ་ལ་འཁྲུངས། 127.ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་གཏེར་སྟོན་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་ནི། ཀ་བོ་གནས་དང་ཉེ་བའི་ཡུལ་ཕྱོགས་དབྲ་པར་གྲགས་པའི་བྱེ་བྲག་བྱེས་པ་ཞེས་པའི་སའི་ཆར་ཡབ་སྔགས་འཆང་ཀུན་དགའ་དོན་གྲུབ་དང་། ཡུམ་སྒྲོལ་མ་དཀར་མོས་བྱིན་གྱིས་བརླབས་པའི་དཀོན་མཆོག་སྒྲོན་མ་ཞེས་པའི་སྲས་སུ་ཤིང་མོ་གླང་གི་ལོར་འཁྲུངས། 128.ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་ནི། ཀོང་པོ་ཀླུ་རྒྱུས་གྲོང་དུ་ཡབ་རིག་འཛིན་ཕྲིན་ལས་དབང་ཕྱུག་དང་། ཡུམ་ཀུན་བཟང་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། 129.པད་འབྱུང་བི་མ་དྭགས་པོ་ལྷ་རྗེ་རྣམས་ཀྱི་རྣམ་འཕྲུལ་ཡོངས་སུ་གྲགས་པ་དྭགས་པོ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་སྤྲུལ་པའི་སྐུ་དེ་མ་ཐག་པ་ནི་སྒམ་པོ་པ་ནོར་བུ་བརྒྱན་པ་ཡིན་ལ། དེའི་རྣམ་འཕྲུལ་སྤྲུལ་པའི་སྐུ་བཟང་པོ་རྡོ་རྗེ་ནི། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཆ་གང་པོ་ཞེས་པའི་སྨད་ཀྱི་སའི་ཆར་ཡབ་ཆོས་རྒྱལ་གྱི་གདུང་རྒྱུད་རྙིང་མའི་སྔགས་འཆང་ཨ་བོ་ཆོས་མཛད་དང་། ཡུམ་དབང་འཛིན་རྒྱལ་མོའི་སྲས་སུ་འཁྲུངས། 130.གཉགས་ལོ་བདུད་འཇོམས་ནམ་སྙིང་རྣམས་ཟུང་དུ་འཇུག་པའི་རྣམ་འཕྲུལ་མངའ་རིས་གཏེར་སྟོན་གར་དབང་ཟླ་བ་རྒྱལ་མཚན་ནམ། གསང་མཚན་པདྨ་གར་དབང་རྩལ་དུ་གྲགས་པ་ནི། མངའ་རིས་གུང་ཐང་གི་ནུབ་རི་ཡམ་ཞེས་པའི་སའི་ཚོར་འཁྲུངས། 131.ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་འཕྲུལ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་ནི། མདོ་ཁམས་ཟལ་མོ་སྒང་གི་སྟོད། ལྷོ་རྒྱུད་སྐྱབས་ཆེ་ཞེས་པའི་འབྲོག་སྡེར་ཡབ་ཡོངས་དགེ་དཔོན་པོ་དང་། ཡུམ་བེར་མོའི་སྲས་སུ་ས་ཕོ་འབྲུག་གི་ལོར་འཁྲུངས། 132.ཆོས་རྒྱལ་ཁྲི་ལྡེའི་ཡང་སྤྲུལ་སྒོམ་སྡེ་ཇ་པ་གཏེར་སྟོན་བྱ་བཏང་སྐུ་མཆོག་གམ་ངག་གི་རྡོ་རྗེར་གྲགས་པ་ནི། སྒོམ་སྡེ་ནང་ཆེན་ཕྱོགས་སུ་འཁྲུངས། རྟེན་སྔགས་པ་དཀྱུས་མར་བཞུགས། 133.ལོ་ཆེན་བཻ་རོའི་ཡང་འཕྲུལ་ལ་སྟོད་སྟག་མོ་གཏེར་སྟོན་གུ་རུ་དབོན་གསས་ཁྱུང་ཐོག་ཏུ་གྲགས་པ་ནི། གཙང་ལྷ་རྩེ་དང་ཉེ་བར་རྒྱལ་དབང་ཡེ་ཤེས་རྡོ་རྗེའི་དུས་ཙམ་དུ་འཁྲུངས། རྟེན་སྔགས་བཙུན་གྱི་ཚུལ་དུ་བཞུགས། 134.ཕྱིས་བྱོན་མདོ་ཁམས་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་རིག་འཛིན་སྟག་ཤམ་རྡོ་རྗེའམ་བསམ་གཏན་གླིང་པ་ནི། ལྷོ་སྤར་ཤོད་ཀྱི་འབྲོག་སྡེ་ཞིག་ཏུ་ཟུར་རིགས་ཀྱི་སྔགས་བརྒྱུད་ཡབ་གཅོད་པ་བཀྲ་ཤིས་དང་། ཡུམ་ལོད་སྐྱིད་གཉིས་ཀྱི་སྲས་སུ་ཤིང་མོ་ལུག་ལོར་སྐུ་བལྟམས། 135.རླངས་ཆེན་དཔལ་གྱི་སེང་གེའི་རྣམ་འཕྲུལ་རྭ་སྟོན་སྟོབས་ལྡན་རྡོ་རྗེའམ་གཏེར་སྟོན་པདྨ་ཚེ་དབང་རྩལ་ནི། གཙང་རྒྱུང་རྩེར་མཐུ་སྟོབས་ཀྱི་དབང་ཕྱུག་རྭ་ལོ་ཙཱ་བ་ཆེན་པོའི་གདུང་རིགས་སྔགས་འཆང་ནུས་ལྡན་བར་མ་ཆད་པར་བྱོན་པའི་རིགས་སུ་འཁྲུངས། 136.ཨོ་རྒྱན་ཆེན་པོའི་བྱིན་རླབས་ཀྱི་རྣམ་འཕྲུལ་ཁམས་པ་རིན་པོ་ཆེ་ངག་དབང་ཀུན་དགའ་བསྟན་འཛིན་ཞེས་མཚན་ཡོངས་སུ་གྲགས་པ་ནི། དབུས་གོང་དཀར་རྫོང་ཞོལ་བདེ་སྐྱིད་གླིང་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ལ་འཁྲུངས། 137.སློབ་དཔོན་ཧཱུཾ་ཆེན་ཀ་ར་དང་འཁོན་ཀླུའི་དབང་པོའི་ཟུང་འཇུག་གི་ཐུགས་སྤྲུལ་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེ་ནི། མདོ་ཁམས་ལྷོ་བརྒྱུད་ཀེ་རོང་གི་ལུང་ཕྲན་རུ་ནང་ཞེས་པར་ཡབ་ཚེ་རིང་རྡོ་རྗེ་དང་ཡུམ་ལྷ་མོ་ཞེས་པའི་སྲས་སུ་འཁྲུངས། མཚན་དཀོན་མཆོག་ལྷུན་གྲུབ་ཏུ་གསོལ། 138.ལོ་ཆེན་བཻ་རོ་ཙ་ནའི་ཐུགས་སྤྲུལ་རོང་སྟོན་པདྨ་བདེ་ཆེན་གླིང་པ་ནི། མདོ་སྨད་གསེར་རྡོ་གཉིས་ཀྱི་མཚམས་གོང་ཏི་བྱ་བའི་གྲོང་དུ་ཡབ་དཀོན་མཆོག་དང་། ཡུམ་ག་ཟུངས་ཐར་མའི་སྲས་སུ་ཆུ་ཡོས་ལོར་འཁྲུངས། མཚན་ཤཱཀྱ་ཐར་ཅེས་བཏགས། 139.མདོ་ཁམས་འབའ་ཙེར་གཏེར་སྟོན་པདྨ་ཆོས་རྒྱལ། 140.ལོ་ཆེན་བཻ་རོའི་སྐུ་སྤྲུལ་དུ་གྲགས་པ་གླིང་ཚང་རྫོང་མགོ་གཏེར་སྟོན་པདྨ་དབང་ཕྱུག 149.ལོ་ཙཱ་བ་གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་དུ་གྲགས་པ་གཏེར་སྟོན་ཁྱུང་གྲགས་རྡོ་རྗེའམ་མཚན་དངོས་ཨོ་རྒྱན་ཕུན་ཚོགས། 150.གནུབས་ཆེན་ནམ་སྙིང་ཐུགས་སྤྲུལ་རིག་འཛིན་ཚེ་དབང་ནོར་བུ་ནི། མདོ་སྨད་ས་ངན་བསོ་བ་ཞེས་པའི་ལྗོངས་སུ་ཡབ་རྡུ་པ་ཨ་ཏི་མགོན་པོ་དང་ཡུམ་སྒོ་བཟང་རྡོ་རྗེ་འཚོའི་སྲས་སུ་འཁྲུངས། 151.གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་རྩ་གསུམ་གཏེར་བདག་གླིང་པའམ་གར་དབང་གནམ་ལྕགས་རྡོ་རྗེ་ཞེས་གྲགས་པ་ནི། ལྷོ་ཟླ་ནང་ཆེན་གྱི་སྟོད་གནས་ཆེན་གཟེ་རྒྱལ་གྱི་ཉེ་འདབས་སུ་འགྲུ་ཆེན་རླངས་ཀྱི་རིགས་སུ་འཁྲུངས། 152.གནུབས་ནམ་མཁའི་སྙིང་པོ་དང་མཆིམས་ཤཱཀྱ་པྲ་བྷ་ཟུང་གི་རྣམ་འཕྲུལ་རིག་འཛིན་ཐུགས་མཆོག་རྡོ་རྗེ་ཧཱུྃ་ནག་འགྲོ་འདུལ་ནི། དབུས་ཀྱི་བསམ་ཡས་མཆིམས་ཕུའི་ཉེ་ཞོལ་སྐྱིད་མོ་གྲོང་དུ་སྐུ་འཁྲུངས། 153.གཏེར་སྟོན་གི་མེད་གླིང་པ་ནི། ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་རོང་གཏེར་བདུད་འདུལ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། ཟུང་མཁར་ཐེག་ཆེན་གླིང་དུ་གཏེར་སྟོན་བདེ་ཆེན་གླིང་པའི་གདུང་རིགས་སུ་འཁྲུངས། 154.ཨཱ་ཙ་ར་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཀུན་བཟང་བདེ་ཆེན་རྒྱལ་པོའམ་སྨོན་ལམ་རྡོ་རྗེ་ནི། བསམ་ཡས་རྒོད་མཁར་ལའི་ཞོལ་དུ་འཁྲུངས། 155.ཏའུ་རོང་དུ་བྱོན་པའི་རོག་རྗེ་གླིང་པ་ཨ་འདུལ་རྩལ། 156.གཏེར་སྟོན་གར་དབང་འཆི་མེད་རྡོ་རྗེ། 157.གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་གཏེར་སྟོན་རྡོ་རྗེ་ཐོགས་མེད་དམ་བསྟན་འཛིན་ཟླ་འོད་རྡོ་རྗེ་ནི། ཀོང་པོ་བྲག་གསུམ་གྱི་ནང་ཚན་མཚོ་ཆུ་དར་མ་བྲག་གི་ཕྱོགས་སུ་དྭགས་བརྒྱུད་གྲུབ་ཆེན་འཇམ་དབྱངས་ཞེས་པའི་སྲས་སུ་འཁྲུངས། 158.རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་ཟླ་བའི་འོད་ཟེར་རམ་གཏེར་སྟོན་རང་གྲོལ་ཏིང་འཛིན་རྒྱལ་པོ་ནི། ཡབ་ཐེག་གླིང་འགྲོ་དོན་མཐར་ཕྱིན་དང་། ཡུམ་གནུབས་བརྒྱུད་རིགས་ལྡན་མ་ཞིག་གི་སྲས་སུ་སྒྲགས་ཀྱི་ཕུ་སྐྱུ་རུ་ཅན་དུ་འཁྲུངས། 159.དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ། 160.ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་འཕྲུལ་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ནི། མདོ་སྟོད་དགེ་རྒྱལ་གྱི་འབྲོག་སྡེར་འཁྲུངས་པའོ། ། 161.དེ་དག་ཐམས་ཅད་ལས་ཀྱང་རྩོད་ལྡན་ཐ་མའི་དུས་འདིར་ངོ་མཚར་བའི་རྣམ་ཐར་དུ་མས་ཁྱད་པར་འཕགས་པ། མཁས་གྲུབ་གཏེར་སྟོན་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི། མདོ་ཁམས་སྡེ་དགེའི་མངའ་རིས་གཏེར་ཀླུང་གི་བྱེ་བྲག་རྒྱབ་རི་རྩེ་སྒང་ཞེས་པའི་མདུན། དིལ་མགོ་ཞེས་པའི་གྲོང་དུ་ཡབ་གཉོས་ཀྱི་རིགས་ཆོས་རྒྱལ་སྡེ་དགེའི་དྲུང་ཆེན་རིན་ཆེན་དབང་རྒྱལ་དང་། ཡུམ་དགེ་རབ་གཉེར་ཆེན་སོག་མོ་བཟའ་བསོད་ནམས་མཆོག་གཉིས་ཀྱི་སྲས་སུ་རབ་ཡིད་ལྕགས་ཕོ་འབྲུག་གི་ལོར་སྐུ་བལྟམས། (དེ་ལྟར་གཏེར་སྟོན་རིམ་བྱོན་གྱི་མཚན་དང་མཛད་པ་ཆེ་ལོང་ཙམ་ཞིག་འདིར་བཀོད་ལགས། གཞན་དུ་གཏེར་ཆོས་གང་དང་གང་བྱུང་དང་གཏེར་སྟོན་རྣམས་ཀྱི་མཛད་པ་གང་དང་གང་བསྐྱངས་ཞིབ་ཆ་མཁྱེན་པར་འདོད་ན་གཏེར་བརྒྱུའི་རྣམ་ཐར་ལ་གཟིགས་པར་ཞུ) (གཞན་ཡང་141ནས་148བར་མ་གསལ་བས་དཔྱད་པར་ཞུ།)

Tibetan Source 《རིན་ཆེན་གཏེར་མཛོད་ཀ་པ་》ཤ་36ནས་185ན་4བར་ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number