14900

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ས་ལུག་ཕྱི་ལོ་ ༡༥༥༩ ལོར་ས་སྐྱར་ཡབ་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་དང་། ཡུམ་བསོད་ནམས་ལེགས་འཛོམས་དཀར་མོ་གཉིས་ཀྱི་སྲས་སུ་འཁྲུངས། བཞི་ཙམ་ནས་ཡི་གེའི་སྦྱོར་ཀློག་དང་། ཡི་དམ་ཆོས་སྐྱོང་སོགས་ཀྱི་དབང་ལུང་མན་ངག་མང་དུ་གསན། བཅུ་གཅིག་པར་སྤྱན་སྔ་ངག་དབང་ཆོས་གྲགས་ལས་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས། བཅུ་གཉིས་པར་ས་སྐྱའི་གདན་ས་ཆེན་པོའི་ཁྲིར་བཞུགས། བཅུ་དགུ་པར་ཆོས་རྗེ་ནམ་མཁའ་དབང་ཕྱུག་སོགས་ལས་བསྙེན་པར་རྫོགས། ངོར་ཆེན་དཀོན་མཆོག་དཔལ་ལྡན་ལས་བཤེད་དམར་ལྷ་ལྔའི་དབང་སོགས་དང་། སྤྱན་སྔ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ་ལས་ལམ་འབྲས་སོགས་གསན། སེམས་དཔའ་ཆོས་ཀྱི་འོད་ཟེར། རྗེ་ལུང་རིགས་རྒྱ་མཚོ། རྗེ་གཞོན་ནུ་བློ་གྲོས། གཏེར་སྟོན་རིན་པོ་ཆེ་སོགས་བསྟེན། མདོ་རྒྱུད་བསྟན་བཅོས་དང་། གྲུབ་མཐའ་སོ་སོའི་ཆོས་སྐོར་པོ་ཏི་བརྒྱ་དང་བཅུ་གཅིག་ཙམ་སྦྱངས། དགེ་སྡིངས་བཀྲ་ཤིས་བསམ་གྲུབ་དང་། བྱས་འགྱུར་རྡོ་རྗེའི་བྲག་རྫོང་། ཕུ་རི་གླང་བྲག་གི་རི་ཁྲོད་སོགས་སུ་ཕེབས། སྒྲུབ་པ་ཉམས་ལེན་ལ་གཞོལ། རེ་གསུམ་པ་རབ་བྱུང་བཅུ་པའི་ལྕགས་བྱ་ཕྱི་ལོ་ ༡༦༢༡ ལོར་དགེ་སྡིངས་ཆོས་ཀྱི་ཕོ་བྲང་དུ་སྐུ་གཤེགས། ས་སྐྱའི་གདན་ས་ཆེན་པོའི་ཁྲི་རབས་ཉེར་གསུམ་པ་ཡིན། གསུང་རྩོམ་ནི་དགེས་པ་རྡོ་རྗེའི་སྒྲུབ་ཐབས་ཀྱི་རྣམ་བཤད་དང་། གསུང་ངག་གི་ཁྲིད་ཡིག རང་རིག་དབང་བསྐུར་གྱི་སྒོམ་ཚུལ་གཅིག་ཤེས་ཀུན་གྲོལ། དྲིས་ལན་བསྟན་པ་རྒྱས་བྱེད། སློབ་དཔོན་པདྨའི་རྣམ་ཐར། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་བསྟོད་པ། གནས་ཆེན་རྣམས་ཀྱི་བསྟོད་པ། གདམས་པའི་སྐོར་དུ་མ། གསོལ་འདེབས་ཀྱི་སྐོར་བཅས་བཞུགས།

{{#arraymap:ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་

|; |@@@ | | }}