100278

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤོ་མགུ་སྤྱོད་གསུམ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤོ་མགུ་སྤྱོད་ཚུལ་ནི། དགེ་འདུན་ལྷག་མ་བཅབ་པའི་ཉེས་པ་དང་ལྡན་པའི་དགེ་སློང་ལ་བཅབ་ཉེས་འདག་པའི་ཕྱིར་དུ་བཅབ་པའི་ཞག་གྲངས་དང་མཐུན་པར་དགེ་འདུན་གྱི་གཡོག་འབའ་ཞིག་བྱེད་པའི་ཚུལ་གསོལ་བཞིའི་ལས་ཀྱི་སྦྱིན་པ་ནི་སྤོ་བ་སྦྱིན་པ་དང། སྤོ་བ་དེ་བྱེད་པའི་རིང་ལ་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་བྱུང་ན་སྔར་ཞག་གྲངས་ཇི་ཙམ་སོང་བ་དེ་མི་བགྲང་བར་གཞི་ནས་བསྐྱར་ཏེ་སྤོ་བ་སྦྱིན་པ་ནི། གཞི་ནས་སྤོ་བ་དང། ཡང་ལྟུང་བ་རིགས་མཐུན་གསུམ་པ་བྱུང་ན་སླར་ཡང་སྤོ་བ་སྦྱིན་པ་ནི། ཡང་སྤོ་བ་སྦྱིན་པ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་སྤོ་བ་སྤྱད་ཟིན་བཅབ་པའི་ཉེས་པ་དག་པའམ་ལྟུང་བ་བྱུང་ཀྱང་བཅབ་པའི་ཉེས་པ་མ་བྱུང་ན་མགུ་བ་སྦྱིན་པར་བྱ་སྟེ། དགེ་སློང་ཕ་ལ་ཞག་དྲུག་དང། དགེ་སློང་མ་ལ་ཟླ་བ་ཕྱེད་ཀྱི་བར་དུ་དགེ་འདུན་མཉེས་པའི་གཡོག་འབའ་ཞིག་བྱེད་པའི་མགུ་བ་གསོལ་བཞིའི་ལས་ཀྱིས་སྦྱིན་པར་བྱ་སྟེ། ཇི་སྐད་དུ། དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བ་མནོས་ཏེ་སྤྱད་པ་ལའོ། །དགེ་སློང་མས་ནི་ཟླ་བ་ཕྱེད་དོ། །ཞེས་དང། དེ་གཉིས་ལས་ཀྱིས་སྦྱིན་ནོ། །ཞེས་སོ། །མགུ་བ་སྤྱོད་པའི་རིང་ལ་ཡང་ལྟུང་བ་རིགས་མཐུན་གཉིས་པ་དང་གསུམ་པ་བྱུང་ན་གཞི་ནས་མགུ་བ་དང། སླར་ཡང་མགུ་བ་སྦྱིན་པ་བྱ་དགོས་སོ། །སྤོ་བ་སྤྱད་ཟིན་ནས་མགུ་བ་མ་ཕོག་པ་ལ་སྤོ་ལྡན་དང། མགུ་བ་སྤྱད་ཚར་ནས་རང་བཞིན་དུ་གནས་པར་མ་དབྱུང་པ་ནི་མགུ་ལྡན་ཞེས་བྱ་སྟེ། ས་གཞན་ན་གནས་པ་ཉེར་ལྔའི་ནང་ཚན་ཡིན་ནོ། །ལྷག་མ་བཅབ་ཉེས་བྱུང་བའི་ཚད་ནི། གང་ལ་ལྟུང་བ་གོ་བར་བྱ་ཡུལ་གྱི་དགེ་སློང་རྣམ་དག་སོགས་ཡོད་བཞིན་དུ་མ་བརྗོད་པར་ཞག་གཅིག་འདས་ནས་ཕྱི་མའི་སྐྱ་རེངས་ཤར་བ་ན་ལྷག་མའི་བཅབ་ཉེས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ། །བརྗོད་པའི་ཡན་ལག་མེད་ན་དེའི་སེམས་མིན་པ་ཉིད་འཆབ་པ་མ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:སྤོ་མགུ་སྤྱོད་གསུམ་

|; |@@@ | | }}