101073

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་ནི། ཡབ་དཔལ་ལྡན་མཚན་དང་། ཡུམ་སངས་རྒྱས་ཆོས་སྒྲོན་གྱི་སྲས་སུ་རབ་བྱུང་བརྒྱད་པའི་ཤིང་ལུག་ ༡༤༧༥ ལོར་འཁྲུངས། སྐྱེས་མཆོག་འབའ་ར་བའི་སྤྲུལ་སྐུར་གྲགས། ཚེ་རིང་སྐྱབས་བཏགས། དགུང་ལོ་དྲུག་བདུན་ཙམ་ནས་ཆོས་དྲན། ཕ་རྒོད་བསོད་ནམས་བཟང་པོའི་དྲུང་དུ་རབ་ཏུ་བྱུང། མཚན་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོར་གསོལ། དགུང་ལོ་དགུ་ལ་ཕ་རྒོད་ཀྱི་དྲུང་དུ། ལོ་གསུམ་བཞི་ཙམ་བཞུགས་ནས། འབའ་ར་བའི་ཕྱག་ཆེན། ཚེ་ཁྲིད། ཚེ་དབང་། ཡང་དགོན་པའི་རི་ཆོས་སྐོར་སོགས། དབང་དང། ཁྲིད་ལུང་། གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་གསན། ཡབ་ཡུམ་སོགས་གྲོས་བྱས་ནས། གདུང་རྒྱུད་ཆེད་དུ་ཇོ་མོ་ཞིག་བསུ་བའི་གྲབས་གསན་པས། སྔར་ནས་མི་མེད་ཀྱི་ལུང་པར་འགྲིམ་པའི་ཐུགས་འདུན་ཡོད་པ་དང་། དེས་རྐྱེན་བྱས་ཏེ། བྱང་སེ་མོ་དོ་རུ་འགྲོ་དགོངས། རྩམ་པ་ཁལ་ཕྱེད་ཙམ་དང་། ཆོས་དྲུག་གི་ཕྱག་དཔེ་ཡོད་པ་བསྣམས་ཏེ། ནམ་གུང་ལ་བྲོས་ནས། འཇག་ཕུའི་བྲག་ཕུག་ཏུ་བཞུགས། དེར་རྒྱུན་རིང་ན། འཚོལ་མི་འབྱུང་དོགས་ཀྱིས། ཟབ་ཕུར་ཕྱིན། བྱང་སེམས་ཀུན་དགའ་ཉི་མ་ལས། རིལ་བུའི་བཅུད་ལེན་ཕྱག་ལེན་དང་བཅས་པ་ཞུས་ཏེ། བྱང་དགོན་ལ་ཕེབས་གྲབས་ཡོད་ཙ་ན། འབའ་ར་ནས་རྗེས་སྙེག་པས་སླེབས། ཅི་བྱས་ཀྱང་མ་ཉན། སྐྱེ་དམན་མི་ལེན་པའི་ཆད་སོ་བྱས་ནས། སླར་འབའ་རར་ཕེབས། འབར་ཆུང་གི་བྲག་ཏུ་མུན་མཚམས་མཛད་པས། ཐུགས་དམ་སྨར་བར་བྱུང། དབུས་ཕྱོགས་ལ་བྱོན། སྨྱུག་ལ་པཎ་ཆེན། ཆོས་རྗེ་བསོད་ནམས་རྒྱལ་མཚན། ཆུ་བོ་རིར། རི་པ་ཀུན་དགའ་ཆོས་ལེགས། ཆོས་རྗེ་ཀུན་བཟང་ཉི་མ། ཅིག་ཅར་རྡོ་རྗེ་འཛིན་པ། བསྟན་པ་རྒྱ་མཚོ་སོགས་ལས། གདམས་པ་དཔག་ཏུ་མེད་པ་གསན། གཞན་ཡང་མཁས་གྲུབ་རཏྣའི་མཚན་ཅན། གྲམ་པ་དཀའ་བཅུ་པ་དང་། ཆོས་ཀྱི་རྗེ་ལྷ་ཁབ་པ་ལས་ཀྱང་ཆོས་གསན། ཁྱད་པར་རིན་པོ་ཆེ་མོན་རྫོང་པའི་མདུན་ནས། འབར་ཆོས་སྐོར་ཞིབ་པར་གསན། གདམས་ངག་གི་གནད་ཐམས་ཅད་བཀའ་དྲིན་བསྐྱངས། སོ་དྲུག་པ་ལ་དགའ་བ་གདོང་དུ། མཁན་པོ་ཆོས་རྗེ་སངས་རྒྱས་རིན་ཆེན་པ་ལས་བསྙེན་པར་རྫོགས། དེ་ནས་བཟུང་བསླབ་བྱ་དམ་པའི་འདུལ་འཛིན་དུ་བཞུགས། ལྷོ་ཡུལ་དང་། དབུས་གཙང་ན་ཚོགས་པ་བརྒྱ་སྟོང་མང་པོ་ལ། དབང་དང་། ཕྱག་ཆེན་གྱི་ཁྲིད། སེམས་ཁྲིད་སོགས། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བས། ཆོས་ཞུ་རྣམས་ལའང་ཉམས་རྟོགས་སྐྱེས་པ་མང་། མངོན་མཁྱེན་ཐོགས་མེད་དུ་མངའ་བ། དབུལ་ཕོངས་ལ་ཐུགས་ཤིན་ཏུ་བརྩེ་བས། གསོལ་བ་སྟེར་བ་སོགས་མཛད། ཡང་དགོན་གྱི་སྒྲུབ་སྡེ་གསར་དུ་ཕྱག་བཏབ། འབར་ཆོས་ཀྱི་བསྟན་པ་དར་རྒྱས་མཛད་དེ། དགུང་ལོ་ང་དྲུག་པ་ལྕགས་སྟག་ ༡༥༣༠ ལོའི་ས་ག་ཟླ་བའི་ཡར་ཚེས་གཉིས་ཀྱི་སྲོད་ཡོལ་ཙམ་ལ། སྐུ་རྣམ་སྣང་ཆོས་བདུན་བཅས་གཟུགས་སྐུ་བསྡུས་སོ། གདུང་ལ་རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་སྐུ་དང་། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དཀར་ལ་འཚེར་བ་མང་ཞིག་བྱོན། སློབ་མ་ཡང་ཐུགས་སྲས་ནམ་མཁའ་རྡོ་རྗེ། གདན་ས་བ་དགེ་སློང་ཀུན་དགའ་དཔལ་འབྱོར། ཆོས་རྗེ་བརྟན་པ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། ཆོས་མཛད་ནམ་མཁའ་ལྷུན་གྲུབ། ཆོས་རྗེ་ཤངས་དཀར་སོགས་མང་ངོ་། །

{{#arraymap:སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་

|; |@@@ | | }}