10171

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡག་རྒྱལ་དགོན་ (1)
Part of speech མིང་ཚིག
Definition གཡག་རྒྱལ་རི་བོ་བཀྲ་བཟང་གཙུག་ལག་ཁང་ཞེས་གྲགས། གོ་འཇོ་ཨ་གཉེས་རིན་ཆེན་དགའ་ཞེས་པའི་གྲུབ་ཆེན་དེས་གདན་ས་བསྐྱངས། དེ་རྗེས་འབྲོག་བླ་མ་ཤེས་རབ་རྒྱ་མཚོ། དེ་རྗེས་རིན་ཆེན་དགའི་སྤྲུལ་སྐུ་རྨོག་བླ་མ་གསང་སྔགས་འབྱུང་གནས། དེ་རྗེས་ཡུན་རིང་གདན་ས་སྟོངས། དེ་ནས་རྨ་ཐོག་སྤྲུལ་སྐུ་བདུད་འདུལ་རྡོ་རྗེའི་སློབ་མ་གསེར་ཁྱིམ་གྱི་ལུགས་སྔགས་འཆང་པདྨ་མཁྱེན་བརྩེས་གདན་ས་བཟུང་། དེའི་སྲས་ནམ་སྙིང་སྤྲུལ་སྐུ་གཏེར་སྟོན་བཟང་པོ་རྡོ་རྗེ་ནི་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་སློབ་མ་ཡིན། གཏེར་ཆོས་བཀའ་འབུམ་པོད་བཅུ། དེ་ལ་སྲས་དཔའ་བོ་རྡོ་རྗེ། ཆོས་རྡོ་རྗེ། ནོར་བུ་རྒྱ་མཚོ་གསུམ་ལས། དཔའ་བོ་རྡོ་རྗེས་གདན་ས་བསྐྱངས། དེའི་སྲས་ཨོ་རྒྱན་རྡོ་རྗེ། དེའི་སྲས་བཟང་རྡོར་སྤྲུལ་སྐུ་གྲུབ་སྨྱོན་འཇིགས་མེད་ཕྲིན་ལས་འོད་ཟེར་རམ། པཎྜི་བླ་མ་ཡང་ཟེར། སྒྲུབ་པའི་རྒྱལ་མཚན་བཙུགས་པས་གྲུབ་ཐོབ་ཀྱི་ལུང་པ་གང་ཞེས་གྲགས། ཀཿཐོག་པའི་སློབ་བརྒྱུད་ཡིན། དེའི་སྲས་དྲི་མེད་ཨོ་རྒྱན་རྡོ་རྗེ་ནི། ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོའི་སློབ་མ་ཡིན་པར་འདུག དེ་ལ་སྲས་མོ་ལྷ་ལྕམ་དབང་མོ་ལས་མེད། དེས་གདན་ས་བསྐྱངས་ནས་རང་ཉིད་རབ་བྱུང་ཡིན། སྒྲུབ་བརྒྱུད་ཀྱི་བསྟན་པ་གཙོ་བོར་བཟུང་། དེ་རྗེས་འཇིགས་མེད་ཕྲིན་ལས་སྤྲུལ་སྐུ་པཎྜི་སྤྲུལ་སྐུ་ཆོས་དབྱིངས་རང་གྲོལ་དགེ་སློང་ཡིན། དེ་ནས་སླར་ཡང་གདན་ས་ཡུན་རིང་སྟོང་པར་ལྷག དེ་རྗེས་བཟང་རྡོར་སྤྲུལ་སྐུ་སུམ་མདའ་དཔའ་བོ་རྡོ་རྗེས་གདན་ས་བསྐྱངས། ཁོང་གི་འཁྲུངས་ཡུལ་བྲག་ཡབ། ཀཿཐོག་སི་ཏུའི་སློབ་མ། གཏེར་ཆོས་རྡོ་རྗེ་ཕ་ལམ་པོད་གཅིག་ཡོད། དེའི་སྲས་ཨ་འཛོམས་རྒྱལ་སྲས་སློབ་མ། ཀུན་མཁྱེན་བླ་མ། དེའི་སྲས་པདྨ་སྟོབས་ལྡན། དེ་ནས་རིག་གནས་བརྗེའི་དུས་འཁྲུགས་ཀྱི་དགོན་པ་ས་མེད་རྡོ་མེད་དུ་གྱུར། དེ་རྗེས་སྲིད་ཇུས་ལྷོད་ཆོས་དད་རང་མོས་ཀྱི་དུས་སྐབས་དང་བསྟུན། སྡེ་ཡལ་སྔགས་གྲྭ་རྣམས་ཀྱི་ལྷ་ཁང་གསར་བཞེངས་ཀྱི་མགོ་འཛུགས། ཨ་འཛོམས་འབྲུག་པ་ཡབ་སྲས་ཀྱི་བཀའ་ལུང་ལྟར། ཕྱི་ལོ་ ༡༩༨༧ ལོ་ནས་བཟུང་བཟང་རྡོར་སྤྲུལ་མིང་འཛིན་པ་གཙང་བུ་ཕན་བདེ་སྨོན་ལམ་བཟང་པོས་གདན་ས་བསྐྱངས།

{{#arraymap:གཡག་རྒྱལ་དགོན་

|; |@@@ | | }}