102251

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨན་སྒོམ་ཆོས་རྗེ་ཀུན་དགའ་དཔལ་ལྡན་ (1)
Part of speech མིང་ཚིག
Definition མང་ཡུལ་སྐྱིད་གྲོང་ནུབ་ལྷ་བར་བ་ཞེས་པར། ཡབ་ཚེ་རིང་རྡོ་རྗེ་དང་། ཡུམ་པད་འཛིན་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ ༡༧༣༦ ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔར་སྐུ་བལྟམས། མཚན་ཡང་ཟླ་བ་ཕུན་ཚོགས་ཞེས་གསོལ། ལོ་ལྔ་ནས་ཀློག་ལེགས་པར་ཤེས། བདུན་པ་ལ་འབའ་ར་བ་ཨོ་རྒྱན་ངག་དབང་ཡེ་ཤེས་ལས། ངོར་ལུགས་ཀྱེ་རྡོར་ལྷ་དགུ། ངན་སོང་སྦྱོང་རྒྱུད་སོགས་ཀྱི་དབང་ལུང་ཐོབ། དགའ་དཔལ་ལྡན་ཞེས་མཚན་གསོལ། དགུ་པ་ལ་གྲྭ་བཀྲ་ཤིས་ཆོས་གླིང་དུ་ཆོས་ཞུགས་མཛད། བློ་འཛིན་ལ་ཤེས་རབ་ཆེ་བའི་གྲགས་པ་ཐོན། རྗེ་དེ་ལས་རིམ་གྱིས་བར་མ་རབ་བྱུང་དང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་མནོས། འབར་ལུགས་གཙོ་བོར་གྱུར་པའི། དབང་ཁྲིད་ལུང་བཞུགས་ཚད་གསན། བཅུ་གསུམ་པར་ཀཿ ཐོག་ཚེ་དབང་ནོར་བུ་ལས། ཚེ་དབང་། སྤྱན་གཟིགས་ཀྱི་རྗེས་གནང་། བཛྲ། ཡིག་བརྒྱ། ཡིག་དྲུག་གི་བསྒོམ་ལུང་དང་བྱིན་རླབས་མཛད། བཅོ་བརྒྱད་ལ་དཀོན་མཆོག་ཆོས་འཕེལ་ལས། གསོ་རིག་སྐོར་གསན། སྐུ་ཚེར་སྨན་གྱིས་འགྲོ་ཕན་གནང་ཞིང་། མཚན་ཡང་སྨན་སྒོམ་ཆོས་རྗེ་ཞེས་གྲགས། ཉེར་བརྒྱད་པར་གངས་ཏི་སེར་བྱོན་ནས། བདེ་མཆོག་བསྙེན་ཆེན་ལོ་གསུམ་དང་། མཁན་ཆེན་བློ་བཟང་ནོར་བུའི་མདུན་ནས་དགེ་ཚུལ་དང་། བློ་སྦྱོང་དོན་བདུན་མ་སོགས་ཞུས། དཔལ་རིག་འཛིན་ཆེན་པོར། མི་ཕྱེད་པའི་དད་པས་རྩ་བའི་བླ་མར་འཛིན། གཞན་ཡང་བལ་ཡུལ། དབུས་གཙང་། འབའ་ར། གྲྭ་ཕུའི་གཡུ་བྲག ། བྲག་དཀར་རྟ་སོ། རི་བོ་དཔལ་འབར། གྱང་ཁང་སོགས་གནས་ཡུལ་དུ་མར་ཕེབས། ཞེ་བདུན་ནས་ལོ་བཅུ་ལྷག་རིང་སྦས་ཡུལ་ཡོལ་མོ་གངས་རའི་ཕྱོགས་སུ་བཞུགས། ཞྭ་དམར་བཅུ་པའི་བླ་སྨན་ཡང་མཛད། ང་བརྒྱད་ལ་མི་ལའི་སྒྲུབ་གནས་ཀུ་ཐང་རྣལ་འབྱོར་ཕུག་ནས། སྤྲུལ་སྐུ་ཀརྨ་བསྟན་འཛིན་མཆོག་གྲུབ་ཀྱིས། ནན་ཏན་ཆེན་པོས་སྤྱན་དྲངས་ཏེ། སྣོད་ལྡན་གྱི་གདུལ་བྱ་རྣམས་ལ། དབང་ཁྲིད་མང་པོར་སྩལ་ནས། དགུང་གྲངས་རེ་དགུར། ཤིང་བྱི་ ༡༨༠༤ ལོའི་བོད་ཟླ་བདུན་པའི་ཚེ་ཉེར་གཅིག་ལ་གཟུགས་སྐུ་བསྡུས། གསུང་རྩོམ་ཡང་། རྗེ་ཝ་གིནྡྲ་ཛྙཱ་ནའི་རྣམ་ཐར་གསང་རྣམ་བཅས་པ་དང་། འབར་ལུགས་ཐུགས་རྗེ་ཆེན་པོའི་ལམ་རིམ་དང་མཐུན་པའི་ཞལ་གདམས་ཟབ་རྒྱས་སོགས་མང་དུ་བཞུགས། སློབ་མའི་གཙོ་བོ་ནི། བྲག་དཀར་བ་ཀུན་མཁྱེན་ཆོས་ཀྱི་དབང་ཕྱུག དེའི་གཅེན་མཁས་མཆོག་ཀུན་བཟང་ཕྲིན་ལས་དབང་ཕྱུག། གྲྭ་གདུང་སྲས་རིག་འཛིན་ཆོས་དབྱིངས་རྡོ་རྗེ། དེའི་གཅུང་གྲྭ་གདུང་སྲས་སྔགས་འཆང་ཟིལ་གནོན་རྡོ་རྗེ། ཀུ་ཐང་སྤྲུལ་སྐུ་ཀརྨ་བསྟན་འཛིན་མཆོག་གྲུབ། ཡོལ་མོ་གྲོང་སྟོད་སྤྲུལ་སྐུ་སྐུ་མཆེད། རྗེ་མདོ་ཆེན་པ་ནཱ་ཐ་ཡབ་སྲས། འདུལ་འཛིན་ཚུལ་ཁྲིམས་ཆོས་འཕེལ། ངོར་ཀུན་དགའ་ལྷུན་གྲུབ་ཀྱི་མཆོག་སྤྲུལ་འཇམ་དབྱངས་དཔལ་འབར། ངོར་པའི་དགེ་བཤེས་བསོད་ནམས་ཕུན་ཚོགས། གློ་བོ་ནས་སྨན་དྲུང་ཚེ་རིང་ཅན། ལ་སྟོད་གླང་འཁོར་བ་དགེ་བཤེས་གཞོན་ནུ་ཆོས་འཕེལ། བྱམས་སྤྲིན་ནས་གདུང་དབོན་རྒྱ་མཚོ། སྒྲུབ་པ་པོ་ཆོས་སྐྱབས་རྡོ་རྗེ། སྒྲུབ་པ་པོ་བློ་བཟང་མཆེད་གཉིས། གློ་བོ་རྗེ་བཙུན་དྲུང་ཀརྨ་བསྟན་འཛིན་དཔལ་སྒྲོན། དགེ་སློང་ཤེས་རབ་རྒྱལ་མཚན། གཉའ་ནང་ནས་དགེ་སློང་འཚོ་མཛད་གཞོན་ནུའི་མཚན་ཅན་སོགས་སོ། །

{{#arraymap:སྨན་སྒོམ་ཆོས་རྗེ་ཀུན་དགའ་དཔལ་ལྡན་

|; |@@@ | | }}