10264

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡའ་བཟང་ཆོས་རྗེ་ཆོས་སྨོན་ལམ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ས་གླང་ལོ་ཕྱི་ལོ་ ༡༡༦༩ ལོར་གཙང་ཞལ་དམར་མོར་ཡབ་སྤྲང་མོ་ལྕམ་དང་། ཡུམ་ཞང་ལྕམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་སུ་བྱ་ཞིང་དུ་ཕེབས། དཀོན་མཆོག་མཆོད་པར་མཁས་པ་ཞིག་བྱུང་། སྒྲིན་མཁན་པོ་ཆོས་སྟོན་ལས་རབ་ཏུ་བྱུང། མཚན་ལ་ཆོས་སྨོན་ལམ་དུ་གསོལ། འདུལ་བ་དང་བཀའ་གདམས་ལམ་རིམ་སོགས་གསན། བཅོ་བརྒྱད་པར་དུར་དགོན་དུ་མཁན་པོ་ཀླུབས་དཀར་དང་། སློབ་དཔོན་གོང་གད་པ་གཉལ་དར་མ་གཟི་བརྗིད། གསང་སྟོན་སློབ་དཔོན་མེ་ཆར་བྱས་ཏེ་བསྙེན་པར་རྫོགས། མཁན་པོ་ཀླུགས་དཀར་ལས་ལོ་ངོ་ལྔ་དྲུག་བར་འདུལ་བ་མཁས་པར་བསླབས་པས། བསྣུབས་འདུལ་བ་འཛིན་པར་གྲགས། ཉེར་ལྔ་པར་ཉི་ཟླ་སྒང་དུ་སློབ་དཔོན་གྱི་ཆོས་བཞི་བྱུང་བའི་ཚེ་ཞར་ཆོས་པ་མཛད་ནས་འདུལ་བ་མདོ་རྩ་ཐུགས་ནས་གསུངས། ཉེར་བརྒྱད་པ་དགེ་འདུན་བྱ་ཞིང་བའི་གཉེར་བཟང་བ་མཛད། གྲ་རབས་སུ་ཕེབས། ཟྭ་ར་སྐལ་ལྡན་ཡེ་ཤེས་སེང་གེ་དང་མཇལ། བླ་མའི་ཐུགས་དང་གཉིས་སུ་མེད་པའི་རྟོགས་པ་འཁྲུངས། གཙང་དུ་བྱོན་ཏེ་སློབ་དཔོན་ཞིག་པོ་བདུད་རྩི་དང་མཇལ། སློབ་དཔོན་བྲ་སྦང་དང་རྒྱང་རོ་དར་མགོན་གྱི་ཞལ་མཇལ། འཕན་ཡུལ་དུ་བྱོན། འཕན་ཡུལ་བྲག་དཀར་བ་ལས་སེམས་བསྐྱེད་ཞུས། བྱ་ཡུལ་དུ་བྱོན་ཏེ་བསྣུབས་སྒོམ་ལས་སྐྱབས་འགྲོ་ཞུས། འོན་ལ་ནས་ཆོས་རྗེ་འབྲི་གུང་བ་དང་མཇལ། ཆོས་ཐུན་ཅིག་ཀྱང་གསན། སུམ་ཅུ་བར་འབུམ་ཞིང་དུ་འཇིག་རྟེན་བློས་བཏང་གི་སྒྲུབ་པ་མཛད། ལོ་སོ་གཉིས་པར་ཟྭ་ར་རིན་པོ་ཆེ་ལས་སྙིང་པོ་ཕྱག་རྒྱ་ཆེན་པོ་དང་། ཁྱད་པར་དུ་སྙན་བརྒྱུད་ཀྱི་ངོ་སྤྲོད་ཐབས་ལམ་ནཱ་རོ་ཆོས་དྲུག་སོགས་གདམས་ངག་མང་དུ་ཞུས། སློབ་དཔོན་གཉགས་སྒོམ་ལས་ལོ་རོའི་ཆོས་དྲུག་དང་ཚེ་སྒྲུབ་ཞུས། སོ་བརྒྱད་པ་རབ་བྱུང་གསུམ་པའི་མེ་སྟག་ཕྱི་ལོ ༡༢༠༦ ལོར་གཡའ་(གཡམ་)བཟང་དགོན་པ་གསར་འདེབས་མཛད། བྱར་ཨོག་ཨོག་ཡན་དང་། སྒ་འདྲ་མན། དྭགས་པོ་ཀྲོངས་ཁ་ཡན། མོན་འགར་མགོན་པོ་གདོང་མན། གྲོ་ཤུལ་ཆ་ཁྲོད་ཚུན། གངས་པར་གསེར་ཆུ་ཁ་ཡན། ལྷོ་བྲག་གཏམ་ཤུལ་ཚུན། ཡར་ཀླུངས་བྱ་སའི་བར་དུ་ལམ་རྒྱ་མཛད་དེ་ཆོས་འཁོར་སྐོར། འབུལ་བ་རྣམས་ཀྱི་ཐོག་ནས་ཟྭ་ར་དགོན་པ་སྔ་ཕྱི་ལན་མང་དུ་བསྐྱལ། རེ་ལྔ་པ་རབ་བྱུང་བཞི་པའི་ཆུ་སྦྲུལ་ཕྱི་ལོ་ ༡༢༣༣ ལོར་སྐུ་གཤེགས། གཡའ་བཟང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་ཡིན། སློབ་མ་གྲགས་ཆེ་བ་ནི་གཉལ་སྨད་དཔལ་རི་བ་སངས་རྒྱས་བྱ་སྒོམ་དང་། གོར་གདོང་སངས་རྒྱས་ལྷ་སྒོམ། གསེར་ལྟེ་བ་སངས་རྒྱས་ལེ་སྒོམ། དགོན་གསར་བ་སངས་རྒྱས་རྒྱ་སྒོམ་བཅས་ཡིན། དེ་རྣམས་ལ་སྒོམ་བཞིར་གྲགས།

{{#arraymap:གཡའ་བཟང་ཆོས་རྗེ་ཆོས་སྨོན་ལམ་

|; |@@@ | | }}