103565

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སླེ་ལུང་བློ་བཟང་འཕྲིན་ལས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་གླང་ཕྱི་ལོ ༡༦༩༧ ལོར་ལྷོ་ཁ་ཟངས་རི་གཙང་སྣ་དཀར་པོ་ཞེས་པར་ཡབ་ཀུན་དགའ་རྒྱལ་པོ་དང་། ཡུམ་རྒྱས་ཕུར་ཆོས་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་དགོན་དགོས་ཚེ་རིང་ཞེས་བཏགས། དགུང་ལོ་དྲུག་གི་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་དབུ་སྐྲ་ཕུད་བཞེས། མཚན་ལ་བློ་བཟང་བསྟན་པ་གྲུབ་པའི་རྒྱལ་མཚན་དུ་སྩལ། བཅུ་གསུམ་པར་གོང་ས་དྲུག་པ་ཆེན་པོ་ཆོས་འཁོར་རྒྱལ་དུ་ཕེབས་པ་དང་མཇལ། བཅུ་བཞི་པར་གཙང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་ལས་་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་བློ་བཟང་འཕྲིན་ལས་ཞེས་སྩལ། མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན། འོན་མངའ་རིས་གྲྭ་ཚང་གི་སྒོར་ཞུགས། རྗེ་ངག་དབང་ཆོས་གྲགས་ལས་བསྡུས་གྲྭ་ནས་གཞུང་ལ་སློབ་གཉེར་མཛད། ཉི་ཤུ་པར་མཁན་པོ་ཡེ་ཤེས་རྒྱ་མཚོ་ལས་བསྙེན་པར་རྫོགས། ཉེར་གཅིག་པར་ལྷ་ས་ནས་སླེ་ལུང་རྣམ་གྲོལ་གླིང་དུ་ཕེབས། འདུས་སྡེ་གསར་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་གནང་། ཞོགས་དོན་ཡོད་མཁས་གྲུབ་དང་། ཕུར་ལྕོག་ངག་དབང་བྱམས་པ་སོགས་ལས་མདོ་སྔགས་ཀྱི་ཆོས་གསན། མི་དབང་བསོད་ནམས་སྟོབས་རྒྱས་ཀྱི་དབུ་བླར་བཞུགས། ང་ལུམ་སྦྱར་གསུམ་གྱི་དོན་གནད་སྐོར་རྒྱལ་དབང་སྐུ་ཕྲེང་བདུན་པ་ཞུས། གསུང་རྩོམ་ནི་དཔལ་འཁོར་ལོ་སྡོམ་པའི་ཟབ་དོན་འགའ་ཞིག་གནད་གྲོལ་བ་སྦས་དོན་ཡང་གསལ་ཉིད་བྱེད། ལྷ་མཆོག་ཚངས་པ་ཆེན་པོའི་མདོས་ཀྱི་འཕྲིན་ལས་ཀྱི་ཆོ་ག་ཉིན་བྱེད་སྣང་བ། བདེ་མཆོག་གི་ཆོ་ག་སྤྲོ་བསྡུའི་གསོལ་བྱེད། དྲིས་ལན་ལྟ་བའི་མིག་ཡངས། གསང་འཛིན་ལས་ཀྱི་རྡོ་རྗེར་གསོལ་འདེབས་སྨོན་ལམ། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གསུང་པར་རིན་པོ་ཆེ་སྲིད་གསུམ་རྒྱན་གཅིག་རྫུ་འཕྲུལ་ཤིང་རྟའི་དཀར་ཆག། མཁའ་སྤྱོད་ཀྱི་གནས་ཡིག་དང་བྱིན་འབེབས་ལོ་རྒྱུས། ལེགས་ལྡན་ཚོགས་རྗེའི་ཟོར་གྱི་ལས་མཐའ་དང་དེའི་སྒྲུབ་ཐབས་སོགས་པོད་བརྒྱད་ལྷག་ཡོད། དགུང་གྲངས་ལྔ་བཅུ་ལྷག་བཞུགས། མཚན་གཞན། དགོན་དགོས་ཚེ་རིང་། བློ་བཟང་བསྟན་པ་གྲུབ་པའི་རྒྱལ་མཚན།

{{#arraymap:སླེ་ལུང་བློ་བཟང་འཕྲིན་ལས་

|; |@@@ | | }}