10359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་ས་སྤྲེལ་ཕྱི་ལོ་ ༧༠༨ ལོར་སྟོད་ལུང་སྐྱིད་སྣ་རུ་ཡབ་གཡུ་ཐོག་ཁྱད་པོ་རྡོ་རྗེ་དང་ཡུམ་རྒྱ་པ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། གསུམ་པར་ཡབ་ཀྱི་སྐུ་མདུན་ནས་ཡི་གེའི་སྦྱོར་ཀློག་བསླབས་པ་མཁྱེན། ཡབ་ལས་གསོ་དཔྱད་ཀྱི་གཞུང་དང་ལག་ལེན་བཅས་ལ་མཁས་པར་གྱུར། བཅུ་པར་ཆོས་རྒྱལ་སྲོང་ལྡེའུ་བཙན་གྱི་ཕོ་བྲང་ཕེབས། སྨན་མཁས་པ་དགུས་དྲི་བ་མི་འདྲ་བ་བཏོན་པར་ལུང་རིགས་གཉིས་ཀྱི་སྒོ་ནས་དེ་དང་མཐུན་པའི་ལན་བཏབ། སངས་རྒྱས་སྨན་བླ་ཞེས་གྲགས། རྒྱལ་པོའི་བླ་སྨན་དུ་དབང་སྐུར། རྒྱ་གར་དུ་སྔ་ཕྱིར་ལན་གསུམ་ཕེབས། པཎ་ཆེན་ཙནྡྲ་དེ་ཝ་སོང་སློབ་དཔོན་མང་པོ་བསྟེན། གསོ་བ་རིག་པའི་གཞུང་ལུགས་མང་དུ་གསན་པ། འཛམ་གླིང་མཁས་པའི་གཙུག་རྒྱན་དུ་གྱུར། སྐུ་ཚེ་གང་བོར་བོད་ཡུལ་ཐམས་ཅད་ཞབས་ཀྱི་བཅགས། བལ་ཡུལ་དང་རྒྱ་ནག་རི་བོ་རྩེ་ལྔ་བཅས་ལ་ཕེབས་ནས་སྨན་དཔྱད་མཛད། འགྲོ་བ་མང་པོའི་ཚེ་སྲོག་བསྐྱབས། གསོ་བ་རིག་པའི་བསྟན་པ་གོང་ནས་གོང་དུ་སྤེལ་བར་མཛད་རྗེས་རླབས་པོ་ཆེ་བཞག་པར་མཛད། སྨན་པ་འབུམ་རམས་པ་དང་། སྨན་པ་རབ་འབྱམས་པ། སྨན་པ་དཀའ་བཅུ་པ། སྨན་པ་བསྡུས་ར་པ་བཅས་པའི་སྨན་པ་མཁས་པའི་མཚན་རྟགས་རྣམས་སྐབས་དེར་བྱུང་། སློབ་མ་ལྔ་བརྒྱ་ཙམ་ཡོད་པ་ལས་གྲགས་ཆེ་བ་ནི་འབུམ་སེང་དང་། དཔལ་འབུམ། དགའ་གསུམ་ནི་རིགས་སྲས་ཡིན། དཔལ་ལྡན་ལྷུན་གྲུབ། ཀོང་པོ་བདེ་ལེགས་རྒྱལ། གྲགས་པ་བསོད་ནམས། བསོད་ནམས་རྩེ་མོ། པདྨ་རྒྱལ་པོ། བདེ་བ་དཔལ། མཛེས་པའི་དཔལ། སངས་རྒྱས་ཡོན་ན། འཇམ་དཔལ་སེང་གེ བྱང་ཆུབ་རྡོ་རྗེ། དཀོན་མཆོག་དཔལ་བཟང་དང་། དཔལ་ལྡན་དར་པོ་བཅས་ཡིན། གསུང་རྩོམ་ནི་རྒྱུད་བཞི་དང་། རྒྱུད་བཞིའི་ཐེམ་ཡིག རྒྱུད་ཀྱི་ཁ་སྐོང་སོགས་པོ་ཏི་སུམ་ཅུ་ལྷག་བཞུགས། འདི་དག་ལ་རྒྱ་ཡིག་དང་སོག་ཡིག་གི་འགྱུར་ཡོད། ཨུ་རུ་སི་དང་འཇར་མན་སོགས་སུ་རྒྱུད་བཞིའི་བསྒྱུར་གཞུང་ཡང་ཡོད།

{{#arraymap:གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་

|; |@@@ | | }}