103677

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སློབ་དཔོན་སྐུ་ཞབས་ཚེས་བཅུ་རིན་པོ་ཆེ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཁོང་ནི། འབྲུག་ནོར་བུ་སྒང་དུ། ཡབ་བསོད་ནམས་རྒྱལ་མཚན་དང༌། ཡུམ་ཕྲིན་ལས་སྒྲོལ་མ་ཟུང་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་རྟ་ ༡༩༡༨ ལོའི་ལྷ་བབ་དུས་ཆེན་ཉིན་འཁྲུངས། དགུང་ལོ་བཞིའི་སྐབས་ཡབ་སྐུ་གཤེགས། ལྔ་ལ་བླ་མ་འབའ་ཚང་གི་དྲུང་ནས་འབྲི་ཀློག་སྦྱངས། བདུན་ལ་སྤུངས་ཐང་དུ་ཆོས་སྒོར་ཞུགས། ཞབས་དྲུང་འཇིགས་མེད་རྡོ་རྗེའི་དྲུང་ནས་དགེ་བསྙེན་དང༌། རྗེ་ཕྲིན་ལས་ལྷུན་གྲུབ་ཀྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས། གྲྭ་ཚང་དུ་དཀྱིལ་ཆོག་བློར་འཛིན་དང༌། གར་ཐིག་དབྱངས་གསུམ་ལ་སྦྱང་བརྩོན་མཛད། བཅུ་གསུམ་ཙམ་ལ་ཡུམ་དང་སྐུ་མཆེད་འཁོར་བཅས་ཕག་རི་དང་དིང་རི་བརྒྱུད་ནས། སྐྱབས་རྗེ་རིན་པོ་ཆེ་འབྲུག་པ་ཤེས་རབ་རྡོ་རྡེ་བྲག་དམར་མཆོང་ལུང་དུ་བཞུགས་པ་དང་མཇལ། དེར་ཕྱག་ཆེན་སྔོན་ཁྲིད་སོགས་ཀྱི་དབང་ལུང་མང་དུ་ཞུས། སྨྱུང་གནས་བརྒྱ་རྩར་ཚར་ལན་གསུམ་བཞུགས། བཅོ་བརྒྱད་ནས་ཐར་པ་གླིང་དུ། དགེ་བཤེས་པདྨ་ཚེ་རིང་གི་དྲུང་ནས། གཞུང་ལ་ཐོས་བསམ་མཐིལ་ཕྱིན་མཛད། ཉེར་བཞི་ལ་བྲག་དཀར་རྟ་སོ་དང༌། སྟག་ཕུག་སེང་གེ་རྫོང་རྣམས་སུ་ཉམས་ལེན་མཛད། སྐྱབས་རྗེ་མཆོག་གིས་རྭ་ཆེན་དགོན་སོགས་དགོན་པ་བཞིའི་ཕྱི་ནང་གི་རྟེན་རྣམས་བཞེངས། སྨུ་བདེ་ཆེན་ལྷུན་གྲུབ་དགོན་དང༌། རྭ་ཆེན་བྱང་ཆུབ་ཆོས་གླིང་གཉིས་ཀྱི་འཛིན་སྐྱོང་དུ་བསྐོ་བཞག་གནང་། སྐྱབས་རྗེ་རིན་པོ་ཆེ་དང། ཞབས་དྲུང་འཇིགས་མེད་རྡོ་རྗེ། རྗེ་ཕྲིན་ལས་ལྷུན་གྲུབ་བཅས་ཀྱི་དྲུང་ནས་འབྲུག་ལུགས་རྫོགས་པར་གསན། བལ་ཡུལ་རྒྱལ་པོ་མ་ཧེན་དྷ་ར་མཆོག་དང༌། རྒྱལ་པོ་བི་རེན་དྷ་ར་རྣམ་གཉིས། ཐུགས་མཐུན་བྱུང་བར་བརྟེན། བལ་ཡུལ་དུ། ནང་ཆོས་ཡར་རྒྱས་བཏང་ཐབས་སུ་དམིགས་ཏེ། གུམ་བྷ་བི་ཀཱས་ས་མི་ཏི་དང༌། ཨ་ཁིལ་ནེ་པཱལ་ཧི་མལ་སངྒྷ་གཉིས་ཀྱི་ཚོགས་པ་རྩ་འཛུགས་བྱས་ནས། ལོ་མང་རིང་དབུ་འཛིན་མཛད། ནེ་གཞུང་གི་སློབ་གྲྭ་རྣམས་སུ། ནང་ཆོས་མེད་པས། བལ་ཡུལ་ནང་པའི་བྱིས་གཞོན་རྣམས་ཀྱི་ཆེད། སྐུ་སྒེར་ནས། བུདྡྷ་ཨེ་ཀ་ཌེ་མི། སློབ་གྲྭ་གསར་བཙུགས་གནང༌། རྒྱ་ནག་གཞུང་གི་མགྲོན་བསྐུལ་ཞུས་པ་བཞིན་ཕྱི་ལོ་ ༡༩༨༣ ལོར་ལྷ་སར་ཉིན་བཅུ་གཅིག་གི་རིང་བོད་ཀྱི་ནང་བསྟན་ཚོགས་ཆེན་ལ་ཕེབས། ཤྲཱི་ལངྐར། འཛམ་གླིང་ནང་པའི་ཆོས་ཚོགས་ཐེངས་བཅུ་བཞི་པ་དང་། ༡༩༨༦ ལ་འཛམ་གླིང་ནང་པའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཀཋ་མཎ་གྲུར། རྒྱལ་ཁབ་སོ་བདུན་ཙམ་གྱི་འཐུས་མིདང་མཉམ་བཞུགས་མཛད། ཕྱི་ལོ་ ༡༩༨༧ ལ་བལ་ཡུལ་དྷརྨོ་དྷ་ཡ་ཚོགས་པའི་ཁྲི་འཛིན་མཛད། སྔོན་དྷརྨོ་དྷ་ཡའི་ཁྲི་འཛིན་བལ་པོ་དགེ་སློང་སེར་པོ་ཁོ་ན་མ་གཏོགས་གཞན་གྱི་བྱ་སྲོལ་མེད་ཀྱང༌། རིན་པོ་ཆེའི་སྐབས་ནས་བལ་པོ་བཛྲ་ཙརྻ་དང༌། དགེ་སློང་དམར་པོ། དགེ་སློང་སེར་པོ་གསུམ་པོ་རེས་མོས་བསྐོ་རྒྱུ་གནང་བ་སོགས། བལ་པོར་ནང་ཆོས་དར་རྒྱས་བྱུང་བ་ནི། འདིའི་བཀའ་དྲིན་དུ་མངོན། བླ་མ་ཨོ་ལི་དང༌། མཁན་པོ་སྐལ་བཟང་སོགས་རྒྱལ་ཕྱི་ནང་གི་སློབ་མའང་མང་དུ་བྱུང༌། དགུང་ལོ་གྱ་དྲུག་པ་ཆུ་ལུག་ ༢༠༠༣ ལོའི་བོད་ཟླ་བཞི་པའི་ཚེས་བཅུ་ཉིན་བྷེང་ཀོག་བྷུ་རུང་གྷར་སྨན་ཁང་དུ་གཤེགས་སོ། །

{{#arraymap:སློབ་དཔོན་སྐུ་ཞབས་ཚེས་བཅུ་རིན་པོ་ཆེ་

|; |@@@ | | }}