10388

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུ་རྔོག་བསམ་གཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་མེ་འབྲུག་ཕྱི་ལོ་ ༡༦༡༦ ལོར་མདོ་སྨད་རེབ་སྐོང་སོག་རུའི་གཡུ་རྔོག་གི་རིགས་སུ་སྐུ་འཁྲུངས། བཅུ་གཅིག་པར་ཤར་སྐལ་ལྡན་རྒྱ་མཚོ་ལས་རབ་ཏུ་བྱུང་། བཅོ་ལྔ་པར་རོང་བོ་དགོན་དུ་ཐོས་བསམ་རྣམ་རྒྱལ་གླིང་གསར་དུ་བཙུགས་དུས་ཀྱི་གྲྭ་རྒྱུན་གྱི་ཐོག་མ་ཡིན། བསྡུས་སྦྱོར་དབུ་ཕར་སོགས་ལ་སློབ་གཉེར་གནང་། བདུན་པར་མདོ་སྨད་ཀྱི་བཤད་གྲྭ་ཕལ་ཆེར་དམ་བཅའ་བཞག ཡབ་རྗེ་སྐལ་ལྡན་རྒྱ་མཚོ་དང་། སྡེ་བ་ཆོས་རྗེ། ཀོའུ་བ་ཆོས་རྒྱ་མཚོ། ལི་ཀྱ་ཤེས་རབ་སེང་གེ་བཅས་བསྟེན། གདམས་པ་ངོམས་མེད་དུ་བཞེས། སྟག་ལུང་དཔལ་རིའི་གཡས་ཕྱོགས་ལྷུན་གྲུབ་རྫོང་གི་རྩེ་དང་། དབྱུ་གུ་མཐོང་རྩེ། རྒན་གྱའི་བྲག་དཀར། དབེན་གནས་བཀྲ་ཤིས་འཁྱིལ། དབེན་གནས་བསམ་གྲུབ་བདེ་ལྡན་གླིང་སོགས་སུ་འགྲིམས། སྒྲུབ་པ་ཉམས་ལེན་མཛད། ཉེར་བརྒྱད་པར་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ལས་བསྙེན་པར་རྫོགས། སོ་གཅིག་པར་དབུས་སུ་ཕེབས། ལོ་བཅུ་གཉིས་རིང་དགའ་ལྡན་བྱང་རྩེ་རྒྱལ་རོང་བསྟན་པ་དར་རྒྱས་ལ་བསྟེན། གཞུང་ལུགས་མང་པོ་ལེགས་པར་སྦྱངས། དྭགས་པོ་ཆོས་རྒྱལ་དང་། འབྲས་སྒོ་མང་གི་དཔོན་སློབ་རེབ་སྐོང་ངག་དབང་ཆོས་འབྱོར་གཉིས་བསྟེན། བཀའ་ཆོས་མང་པོར་གསན། མཐར་གསང་ཕུ་མཁས་མང་འདུས་པའི་གྲྭ་ཚང་བཅུ་གཉིས་ཀྱི་དབུས་སུ་གྲྭ་སྐོར་མཛད། རབ་འབྱམས་པའི་མཚན་བཏགས་བླངས། གསེར་ཁང་དམ་ཆོས་རྣམ་རྒྱལ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་དབང་ལྔ་བ། གྲུབ་ཆེན་དོམ་ར་བ་དགེ་ལེགས་དར་རྒྱས་སོགས་ལས་ཆོས་རྒྱུན་མང་དུ་གསན། མདོ་སྨད་དུ་བྱོན། རབ་བྱུང་བཅུ་གཅིག་པའི་མེ་རྟ་ཡས་མས་སུ་དར་ཞིང་ཤུག་ཤར་དུ། སྒྲུབ་སྡེ་བདེ་འཛོམས་དགའ་ཚལ་བཏབ། ཉམས་ལེན་མཛད། རྟོགས་པ་ཀློང་དུ་གྱུར། རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་ཕྱི་ལོ་ ༡༦༧༠ ལོར་རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ཁྲིར་བཞུགས། གདན་ས་ལོ་དགུའི་རིང་བསྐྱངས། ཆོས་འཆད་ཉན་དང་ཀུན་སྤྱོད་བཅས་ལ་དོ་དམ་གང་ལེགས་གནང་། རེ་གསུམ་པ་རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ་ ༡༦༧༨ ལོར་སྐུ་གཤེགས། རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་གསུམ་པ་ཡིན། གསུང་རྩོམ་ནི་ཡི་དམ་མང་པོའི་བསྙེན་ཡིག་གི་རིམ་པ་དགོས་འདོད་ཀུན་འབྱུང་དང་། བླ་མ་མཆོད་པའི་ཁྲིད་ཡིག གསུང་མགུར་བཅས་བཞུགས།

{{#arraymap:གཡུ་རྔོག་བསམ་གཏན་རྒྱ་མཚོ་

|; |@@@ | | }}