105188

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་འཛོམས་དགོན་ (1)
Part of speech མིང་ཚིག
Definition སྔ་འགྱུར་ཀཿཐོག་པའི་ཆོས་སྡེ་ཞིག་སྟེ། ལི་ཐང་ཝ་དཔོན་བསོད་ནམས་ནོར་བུའི་འཁོར་དུར་ཐུའུ་ཇིའི་བུ་བཀྲ་ཤིས་འབུམ་གྱིས་སྦྱིན་བདག་བྱས་ཏེ། རབ་བྱུང་བཅུ་པ་ལྕགས་ཕོ་འབྲུག་གི་ལོར་རྒྱལ་དབང་བསོད་ནམས་རྒྱ་མཚོས་ལུང་བསྟན་ལྟར་ཨ་འཛོམས་བསོད་ནམས་རྒྱ་མཚོས་གཙུག་ལག་ཁང་རྩེ་ཁང་དམར་བཞེངས། ཨ་འཛོམས་བསོད་ནམས་རྒྱ་མཚོའི་སྲས་ཨ་འཛོམས་འབྲུག་པ་རིན་པོ་ཆེ་དགུང་གྲངས་ཉེར་གཉིས་སོན་སྐབས་ཐེག་མཆོག་གླིང་ངམ་ཨ་འཛོམས་ཆོས་སྒར་ཞེས་པ་དེ་བཞེངས། སྔ་ཕྱིར་བསོད་ནམས་རྒྱ་མཚོ། རིག་འཛིན་ཆེན་པོ། འགྲོ་འདུལ་དཔའ་བོ་རྡོ་རྗེ། རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཐུབ་བསྟན་པདྨ་འཕྲིན་ལས་བཅས་ཀྱིས་བསྐྱངས། དགོན་འདིར་ཀུན་མཁྱེན་གོ་བོ་རབ་འབྱམས་ཀྱི་ཐུགས་རྟེན་རྒྱ་གར་ཤར་ལི་མ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་ཐུགས་རྟེན་ཀུན་བཟང་ཡབ་ཡུམ་སོགས་ལི་གཏེར་ལས་གྲུབ་པ་དུ་མ་དང་། གསེར་དངུལ་ཟངས་ལྕགས་ལས་གྲུབ་པའི་སྐུ་རྟེན་བརྒྱ་ཕྲག་དུ་མ་དང་། ས་སྣ་འདྲ་མིན་ལས་གྲུབ་པའི་སྐུ་རྟེན་བརྒྱ་ཕྲག་དུ་མ་དང་། ལྡེབས་རིས་ཐང་ཀ་སོགས་གསེར་ཚོན་གྱིས་གྲུབ་པ་བརྒྱ་ཕྲག་དུ་མ་ཡོད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་བཅས་ཆ་ལྔ་དང་། སྔ་འགྱུར་རྙིང་མའི་མཁས་དབང་རྣམས་ཀྱི་གསུང་འབུམ་ཆ་ཚང་བཅས་བཞུགས། མཚོ་ཕུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཕྱག་དྲིལ་དང་རྒྱལ་པོ་ཛའི་ཐུགས་རྟེན་ཤེལ་གྱི་མཆོད་རྟེན་བཅས་གསེར་ཟངས་སོགས་ལས་གྲུབ་པའི་མཆོད་རྟེན་སོགས་བཞི་བཅུ་ལྷག་དང་། ཀུན་མཁྱེན་འབྲུག་པ་ཡབ་སྲས་ཀྱི་སྐུ་གདུང་སོགས་མཐའ་ཡས་ལ། དུས་མཆོད་སྒྲུབ་ཆེན་མང་དུ་མཆིས། གཞན་ཡང་སྡེ་དགེའི་ས་སྐྱོང་དང་མཆོད་ཡོན་འབྲེལ། མདོ་ཁམས་སུ་རྒྱ་ལྡིང་དཔོན་བཅས་བླ་སློབ་འབྲེལ་བས་འཚོ་བའི་མཐུན་རྐྱེན་སྦྱར། ཤར་མི་ཉག་ལྕགས་ལ་རྒྱལ་པོ། ལྷོར་འབྲུག་པ་རྒྱལ་པོ། ནུབ་ཏུ་གླིང་འགུ་ཟི་རྒྱལ་པོ། བྱང་དུ་ཡིད་ལྷུང་ལྷ་རི་དཔོན་བརྒྱུད་བྱ་རྒོད་ཚང་བཅས་བསྙེན་བཀུར་དང་བསྟན་པའི་སྦྱིན་བདག་རྒྱ་ཆེར་མཛད་པའོ། །དགོན་པའི་སྒྲིག་ལམ་ནི། འབྲུག་པ་རིན་པོ་ཆེས་གསུངས་པའི་བཅའ་ཡིག་ཆེན་མོའི་ནང་དོན་ལྟར། ཆོས་ཁྲིམས་དར་གྱི་མདུད་པ་དམ་ལ་ཀུན་སློང་ཀུན་སྤྱོད་ཀྱི་བསམ་བློ་ཆོས་མཐུན་ཁོ་ན་ལགས། ཕྱི་དམ་ཆོས་འདུལ་བ་གཞི་གསུམ་གྱི་ཆོ་གར་གཙིགས་སུ་མཛད་ནས་སོ་ཐར་དང་། ནང་བྱང་སེམས་ཀྱི་བསླབ་པ་ཕར་ཕྱིན་དྲུག་པོ་ཉམས་ལེན་དང་། གསང་བ་རྫོགས་པ་ཆེན་པོ་འཆད་ཉན་སྒོམ་སྒྲུབ་ཀྱིས་བསྟན་པ་ཕྱོགས་བཅུར་སྤེལ་དགོས་པ་བཅས་འཁོད་ཡོད།

{{#arraymap:ཨ་འཛོམས་དགོན་

|; |@@@ | | }}