105251

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་རུ་ར་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྡོང་རིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་ཞིང་འདྲོང་བའི་མདོག་ལྗང་སྐྱ་ངོས་འཇམ་པ་ལ་སྤྱིའི་སྐྱེ་དབྱིབས་སྟར་སྡོང་འདྲ་ཡང་དེ་ལས་འདྲོང་ལ་ལོ་མ་ལྗང་གུ་མཐུག་པོ་སྒོང་དབྱིབས་སམ་སྦྱར་བའི་ལོ་མའི་དབྱིབས་ཅན་གྱི་མཐའ་མཉམ་པ། མེ་ཏོག་སེར་པོ་འདབ་མ་ལྔ་དང་ལྡན་པར་འོད་མདངས་ཅན་སྡོང་པོ་དང་ཡལ་གའི་མཚམས་ནས་ཆུན་པོར་འཆར་ཞིང༌། འབྲས་བུ་སེར་པོ་མགོ་མཇུག་ཕྲ་ལ་ལྟོ་བ་སྦོམ་པ་བསྐམས་ན་གཉེར་མ་ཡོད་པ་དེ་ལའང་ཤིང་དར་གུད་ཀྱི་དབྱེ་བས་རིགས་བརྒྱད་དམ་ལྔར་འདོད་ཀྱང་དེ་ལ་མཆོག་དམན་གྱི་ཁྱད་པར་རིགས་ཀྱི་སྒོ་ནས་དབྱེ་ན་རགས་པ་ལྔར་འགྱུར་ཏེ། ཨ་རུ་རྣམ་རྒྱལ་ནི། ཆག་ཚང་ཀུ་བ་ཞེས་པའི་མཇུག་མ་འདྲ་བའམ་བུམ་པའི་མགྲིན་པ་འདྲ་བ་རོ་དྲུག་དང་ལྡན་པ་ཞིག་ཡོད། ཨ་རུ་འཇིགས་མེད་ནི། འཇིགས་མེད་དམ་འབིགས་བྱེད་ཅེས་ཟུར་ལྔ་པ་ཤིན་ཏུ་འཇོང་བའི་རྣམ་པ་ཅན་རྡོག་ཆུང་ཞིང་ཚི་གུ་མེད་པའི་སུལ་ཅན་རྒྱ་གར་ནས་འོང་བ་ནག་ཆུང་ཞེས་པ་དེ་ཡིན། ཨ་རུ་བདུད་རྩི་ནི། ཤ་ཤིན་ཏུ་མཐུག་པ་མོན་སོགས་ནས་འོང་བའི་ཨ་རུ་ཤ་ཆེན་དུ་གྲགས་པ་དེ་ཡིན། ཨ་རུ་འཕེལ་བྱེད་ནི། རྩ་རྩེ་རིང་ཐུང་ཆེར་མེད་པའི་དབྱིབས་བུམ་པའི་ལྟོ་བ་དང་འདྲ་བའི་ཟླུམ་བུ་ཁ་དོག་སེར་བ་ལྷོ་མོན་ནས་ཡོང་བ་དེ་ཡིན། ཨ་རུ་སྐེམ་པོ་ནི། སྐེམ་པོ་སུལ་མང་ཞེས་པ་ཤ་ཤིན་ཏུ་སྲབ་ཅིང་ཕྱིའི་པགས་པ་ལ་སུལ་མང་བ་རྩ་རྩེའི་མཆུ་གཉིས་རིང་བ་ཨ་རུ་མཆུ་རིང་ཟེར་བ་ཡིན་པ། སྐྱེ་གནས་རྒྱ་གར་དང༌། བལ་ཡུལ། འབྲས་ལྗོངས། ཡུན་ནན་སོགས་ས་བབ་དམའ་ཞིང་ཚ་བ་ཆེ་བའི་ཡུལ་དུ་སྐྱེ་བ་མང་བ་དང༌། སྨན་དུ་བོད་ཟླ་དགུ་བ་ཙམ་སྟེ་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་གཙང་མ་བཀྲུས་རྗེས་ཉི་གྲིབ་གང་རུང་དུ་བསྐམ་རྒྱུ་དང༌། བེད་སྤྱོད་གཏོང་ཁར་ཕྱི་ཤ་ཁོ་ན་བླངས་ཏེ་ནང་གི་ཚི་གུའམ་རུས་པ་དོར་དགོས་པ་དང༌། ཨ་རུ་ར་ལ་ངོ་བོའི་སྒོ་ནས་རོ་དྲུག་ཚང་ཞིང༌། ལྕེར་མྱོང་ན་རོ་བསྐ་ལ་ཁ་ཞིང་མངར་བ་དང༌། ཞུ་རྗེས་ཁ་བ། ནུས་པ་སྙོམས་པ། རྣམ་པར་རྒྱལ་བ་འཆང་བས་བཀྲ་ཤིས་པའི་དོན་དང་ལྡན་པ། བསམ་པའི་དོན་ཀུན་འགྲུབ་པ། བསྟེན་པས་རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སེལ་བ་ཡིན། བདུད་རྩིས་ལུས་ཟུངས་གསོ་ཞིང་བཅུད་ལེན་པ་དང༌། ཤ་རྒྱས་པ། རླུང་གིས་ནད་ལ་མཆོག་ཏུ་ཕན་པ་ཡིན། འཕེལ་བྱེད་ཀྱིས་རྨ་གསོ་བ་དང༌། ཆག་གྲུགས་སྦྱོར་བ། ཚེ་རིང་དུ་འཚོ་བར་བྱེད་པ་ཡིན། སྐེམ་པོས་བྱིས་པའི་ནད་གདོན་འཇོམས་ཤིང་མཁྲིས་ཚད་སེལ་བར་བྱེད་པ། སྤྱིར་མཁྲིས་པའི་ནད་ལ་གཏོང་བ་མཆོག་མཆུ་སྙུང་གིས་ནད་རྣམས་ཐུར་དུ་འཁྲུ་བར་བྱེད་པས་བཤལ་སྨན་གྱི་སྐབས་འདི་ཉིད་དམིགས་བསལ་དགོས་པ་ཡིན། འཇིགས་མེད་ཀྱིས་གདོན་ནད་དང༌། མིག་གི་ནད་རྣམས་སེལ་བ་སོགས་སྨན་དུ་སྦྱར་སྐབས་རང་རང་གི་ཕན་ནུས་ལ་དཔགས་ནས་གང་ལ་གང་དགོས་རིགས་པས་དཔྱད་དགོས་སོ། །
Domain གསོ་རིག
Synonyms སྐྱོང་བྱེད། ཆུ་འཐུང་སྣོད་ལྡན། མཆོག་སྦྱིན། སྙིང་སེལ། དུས་སྐྱེས། དུས་རྗེས་འབྲང་། དུས་ལྡན། དྲི་ཉལ། ཤིངྴ་པ། དྲི་ཞིམ་ལྗོན་པ། དྲིའི་ཤིང་། འདབ་ཟུང་ཅན། ནགས་ཀྱི་ཙན་དན། ནུས་ལྡན། བྱ་རོག་གདོང་། ཀ་ཀཱ་སྱ། སྲིན་བུ་སྐྱེས། སྲིན་སྐྱེས། ན་ཟས།

{{#arraymap:ཨ་རུ་ར་

|; |@@@ | | }}