10924

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གར་ཞའི་རྟོགས་ལྡན་སློབ་དཔོན་ནོར་བུ་རིན་པོ་ཆེ་ (1)
Part of speech མིང་ཚིག
Definition གྲུབ་དབང་ཤཱཀྱ་ཤྲཱིའི་སློབ་མ་གར་ཞའི་རྟོགས་ལྡན་སློབ་དཔོན་ནོར་བུ་རིན་པོ་ཆེ་མཆོག་ནི། གར་ཞ་དཀར་དྭངས་མང་ཡུལ་ཁྱིམ་མཚེས་པ་ཞེས་པའི་གྲོང་པར། རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ ༡༨༨༣ ལོར་འཁྲུངས། སྐུ་ཚད་ལོན་པ་དང་བོད་ཁམས་ཕྱོགས་སུ་ཕེབས་ནས། གྲུབ་དབང་ཤཱཀྱ་ཤྲཱིའི་ཞབས་ལ་གཏུགས། སྨིན་གྲོལ་གྱི་རིམ་པ་མང་པོ་གསན་ཏེ། ཐོས་བསམ་སྒོམ་གསུམ་སྟབས་གཅིག་ཏུ་གནང༌། ལྷག་པར་ནཱ་རོའི་ཆོས་དྲུག་ལ་སྦྱངས་གོམས་མཆོག་ཏུ་གྱུར་པར་བརྟེན། སྐབས་དེར་ལ་དྭགས་པདྨ་ཆོས་རྒྱལ་ཁྲིད་ཀྱི་སློབ་དཔོན་དང༌། ཁོང་འཁྲུལ་འཁོར་གྱི་སློབ་དཔོན་དུ་བསྐོས་པས། སློབ་དཔོན་རིན་པོ་ཆེ་ཞེས་པའི་མཚན་ཐོགས། གྲུབ་དབང་རིན་པོ་ཆེས། ལ་དྭགས་པདྨ་ཆོས་རྒྱལ་བོད་དང༌། ཁོང་ལ་དྭགས་དང་གར་ཞའི་ཕྱོགས་སུ་སྒྲུབ་བསྟན་སྤེལ་དགོས་པའི་བཀའ་གནང་བ་བཞིན། ཐོག་མར་གར་ཞ་ལ་ཕྱིར་ཕེབས། གཙོ་བོར་དཀར་དྭངས་དགོན་འབྲུག་རྒྱས་ཆོས་གླིང་དུ་བཞུགས། བོད་དང་འབྲུག་ནས་བཀའ་འགྱུར་རིན་པོ་ཆེ་སོགས་རྟེན་གསུམ་མང་པོ་སྤྱན་དྲངས་ཤིང༌། དགོན་པ་དེར་འདུ་ཁང་སྟེང་འོག་གཉིས། བླ་མ་ལྷ་ཁང༌། ཁྲིད་ཁང༌། འབེབས་ཁང༌། གཟིམས་ཆུང་སོགས་ཕྱི་ནང་ཐམས་ཅད་གསར་བཞེངས་དང་ཉམས་གསོ་ཆེར་མཛད་པས། དད་ལྡན་དང་བ་འདྲེན་ཞིང༌། བསོད་ནམས་གསོག་པའི་སྒྲུབ་གནས་ཁྱད་པར་ཅན་དུ་གྱུར། གནས་དེར་སྒྲུབ་པ་དང་བསྟན་འགྲོའི་དོན་སྤེལ་མར་གནང་བས། གར་ཞ་རང་དང༌། ཟངས་དཀར། དཔལ་དར། སྤང་དགེ། ཁུ་ནུ། སྤི་ཏི། སྒང་ཏོག་བཅས་ནས་སློབ་ཚོགས་ཉིས་སྟོང་ཙམ་འདུས་པར། གྲུབ་དབང་ཤཱཀྱ་ཤྲཱིའི་ཕྱག་སྲོལ་ལྟར་ཕྱག་ཆེན་དང་ནཱ་རོའི་ཆོས་དྲུག་སོགས་གདམས་ངག་གི་རྒྱུན་སྤེལ། དེ་ཡང་དཔེ་ཁྲིད་ཙམ་མ་ཡིན་པར་ཉམས་མྱོང་སྨར་ཁྲིད་ཀྱི་སྒོ་ནས་སྐལ་ལྡན་གྱི་སློབ་མའི་ཚོགས་རྣམས་བསྐྱངས་པར་མཛད། དགུང་ལོ་ང་དྲུག་ལ་སྤང་དགེ་དང༌། ང་བདུན་ལ་རྫོང་ཁུལ་དུ་ཕེབས་ཏེ། སྔ་རྗེས་སུ་ཟངས་དཀར་ཕྱོགས་སུ་ཐེངས་ཁ་ཤས་བྱོན། ཡོངས་འཛིན་བདུན་པ་ངག་གི་དབང་པོས་བཀའ་བཞིན་རྫོང་ཁུལ་ནཱ་རོའི་སྒྲུབ་ཕུག་སོགས་དེ་གའི་དགོན་གནས་རྣམས་ཉམས་གསོ་དང་སྒྲུབ་པ་ཡུན་རིང་མཛད། ཞར་དུ་ལ་དྭགས་བ་ཀུ་ལ་རིན་པོ་ཆེ་དང༌། སྟག་སྣ་རིན་པོ་ཆེ་དོན་ཡོད་རྡོ་རྗེ་སོགས་སློབ་མའི་ཚོགས་རྣམས་ལ་སྨིན་གྲོལ་གྱི་གདམས་པ་ཅི་ཡང་བསྩལ། མདོར་ན་ཧི་མ་ལའི་རི་རྒྱུད་ལ་སྒྲུབ་བསྟན་དར་ཞིང་རྒྱས་པའི་བཀའ་དྲིན་གཞལ་ཐབས་བྲལ་བ་བསྐྱངས་པའི་མཐར། ཟངས་དཀར་རྫོང་ཁུལ་ནཱ་རོའི་སྒྲུབ་ཕུག་དེ་ཉིད་དུ། དགུང་གྲངས་རེ་ལྔ་པ་མེ་ཕག་ ༡༩༤༧ ལོར་ངོ་མཚར་བའི་རྟགས་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། །

{{#arraymap:གར་ཞའི་རྟོགས་ལྡན་སློབ་དཔོན་ནོར་བུ་རིན་པོ་ཆེ་

|; |@@@ | | }}