11204

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲྭ་འཇམ་དཔལ་གླིང་པ་བློ་གྲོས་ཆོས་འཕེལ་ (1)
Part of speech མིང་ཚིག
Definition མང་ཡུལ་སྐྱིད་གྲོང་གྲྭ་ཞེས་བྱ་བར། སྔོན་ཆོས་རྒྱལ་མེས་དབོན་གྱི་གདུང་རྒྱུད་ལས་བྱུང་བའི་ཡབ་འཇམ་གླིང་རྒྱལ་ཚབ་སངས་རྒྱས་སེང་གེ་དང་། ཡུམ་འོད་གསལ་རྒྱལ་མོའི་སྲས་སུ་རབ་བྱུང་གཅིག་པའི་ཤིང་སྤྲུལ་ ༡༦༦༥ ལོར་འཁྲུངས། ཡབ་ཀྱིས་མཚན་བློ་གྲོས་ཆོས་འཕེལ་ཞེས་གསོལ། ཡབ་ལས་ཆོས་སྐྱོང་ཕྱག་བཞི་པའི་རྗེས་གནང་སོགས་ཆོས་མང་པོ་གསན། མེས་པོ་སྔགས་འཆང་ནོར་བུ་བདེ་ཆེན་གྱི་དྲུང་དུ་ཀློག་ཡིག་བསླབས། དགུང་ལོ་བཅོ་ལྔ་ནས་བཟུང་ཡི་དམ་གྱི་ལྗགས་བསྙེན་མང་པོ་མཛད་པས། བསྙེན་རྟགས་རྒྱུད་ལས་གསུངས་པ་རྣམས་ཕལ་ཆེར་བྱུང། ཡབ་མེས་ཀྱིས་འབར་ཆོས་ཉམས་བཞེས་མཛད་སྲོལ་ཡོད་པ་ལྟར། འབའ་རའི་སྤྲུལ་སྐུའི་སྙན་པ་གསན་ནས། འབའ་ར་བྲག་ཏུ་ཕེབས། ཤངས་དཀར་དུ་སྤྲུལ་སྐུ་རིན་ཆེན་བསྟན་པའི་གསལ་བྱེད་མཇལ་བས། བཅོས་མ་མ་ཡིན་པའི་དད་པ་འཁྲུངས། དེར་སྨིན་གྲོལ་གྱི་ཆོས་སྤྱི་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། གཏུམ་མོ་ཞག་བདུན་མ། གཞུང་ཁྲིད་ཆེན་མོ་རྣམས་ལ། ཉམས་ཁྲིད་བསྐྱངས་པས། རས་ཐུབ་པ་བྱུང་། ཐུན་བར་དུ་ཐར་གྲུ་སྐོར་གསུམ་གྱི་ལུང་ཆ་ཚང་གསན། ཟླ་བ་བདུན་བཞུགས་ནས། དབུས་སུ་བྱོན། སྨིན་གླིང་ན་གཏེར་བདག་གླིང་པ་ལས་རྩ་གསུམ་རིག་འཛིན་ཐུགས་ཐིག་སོགས་མང་དུ་གསན། དབུས་གནས་རྣམས་སྐོར་ནས་སླར་འབའ་ར་བྲག་ཏུ་མཆོག་སྤྲུལ་རིན་པོ་ཆེར་ཚེ་ཁྲིད་ཟླ་ཆོས་སུ་གསན། རིམ་གྱིས་རང་དགོན་དུ་ཕེབས། དེར་བསྙེན་མཚམས་དང་། བར་སྐབས་སུ་གདུལ་བྱ་རྣམས་ལ། ཆོས་ཐུན་སོགས་མཛད། སླར་འབའ་རར་ཕེབས་ཏེ། མཆོག་སྤྲུལ་གཤེགས་པའི་དགོངས་རྫོགས་དང་། གཅུང་འཇམ་དཔལ་བསྟན་པ་རྒྱལ་ཚབ་ཏུ་མངའ་གསོལ། དབང་ཁྲིད་ལུང་རྒྱུན་མན་ངག་གང་བཞུགས་ཡོངས་རྫོགས་གནང་། འབར་པོ་ཆེའི་བྲག་གསེང་ཞིག་ནས། སྐྱེས་མཆོག་འབའ་ར་བས་སྦས་པའི་བླ་སྒྲུབ་ཕྱི་ནང་གསང་གསུམ། ཕྱག་རྒྱ་ཆེན་པོ་དང་ཆོས་དྲུག་གི་སྙིང་པོ། མ་འོངས་ལུང་བསྟན་དང་བཅས་པའི་ཤོག་དྲིལ་ཟབ་གཏེར་དུ་བཞེས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཕྱི་མོ་གསར་བཞེངས་རྣམས་གེགས་མེད་དུ་གྲུབ། འཇམ་དཔལ་གླིང་གི་ལྷ་ཁང་རྟེན་དང་བཅས་པ་གསར་བཞེངས་མཛད། ནུབ་དགོན་པ། རྗེ་བླ་མ་པདྨ་རིག་འཛིན་དབང་གི་རྒྱལ་པོ་ལ། སྔ་འགྱུར་བཀའ་མ་འདུས་པ་མདོ་དབང་ཆེན་མོ་ཟུར་ལུགས། བྱང་གཏེར་ཐུགས་རྗེ་ཆེན་པོ་སོགས་ཕར་གནང་ཞིང་། ཚུར་ཡང་ཆོས་གསན། ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུ་ལ། རྟ་མགྲིན་ཡང་གསང་ཁྲོས་པའི་དབང་བཞི་ཆེན་མོ། ཀུན་རིག་རྒྱུད་དོན་གྱི་དབང་། འབར་ལུགས་ཕྱག་རྒྱ་ཆེན་པོ་དང་། གཏུམ་མོའི་ཡིག་ཆ་གང་ཡོད་ཀྱི་ལུང་སོགས་གནང་། ཚུར་ཡང་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་། གར་དབང་ཚེ་དཔག་མེད་ཀྱི་དབང་སོགས་གསན། གཞན་དད་འདུས་རྣམས་ལ། འབར་ཆོས་ཐར་གྲུ་སྐོར་གསུམ་སོགས་ཟབ་ཆོས་དུ་མའི་དབང་ལུང་ཁྲིད་གསུམ་རྒྱུན་མི་ཆད་པར། བཀའ་དྲིན་བསྐྱངས་མཐར། རེ་བཞི་པ་ས་སྦྲེལ་ ༡༧༢༨ ལོའི་ཟླ་བཅུ་གཅིག་པའི་ཚེས་ལྔ་ལ་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །སློབ་མ་ཡང་སྲས་ཀུན་མཁྱེན་ངག་དབང་ཡེ་ཤེས། སྤྲུལ་སྐུའི་གཅུང་འཇམ་དཔལ་བསྟན་པ་སོགས་བྱུང་ངོ་། །

{{#arraymap:གྲྭ་འཇམ་དཔལ་གླིང་པ་བློ་གྲོས་ཆོས་འཕེལ་

|; |@@@ | | }}