11205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲྭ་འཇམ་དཔལ་གླིང་པ་སངས་རྒྱས་ཆོས་འཕེལ་ (1)
Part of speech མིང་ཚིག
Definition སྔོན་ཆོས་རྒྱལ་མེས་དབོན་གྱི་བློན་པོ། འགོས་སྟག་རི་གུང་བཙན་ནས་རིམ་བཞིན་འབྲུག་སྒྲ་རྡོ་རྗེ། ཁྲི་བཟང་ཡབ་ལྷག ལྷུན་གྲུབ་འབར། ཆོས་བློན་བདེ་བྱོན་བར་གདུང་རབས་ལྔ་དབུས་སུ་བྱུང༌། ལྔ་པའི་སྲས་ཀུན་དགའ་དཔལ་འབྱོར་སྐུ་མཆེད་གཉིས། སྐྱིད་ལྡེ་ཉི་མ་མགོན་གྱི་ཕྱག་ཕྱི་ལ་མངའ་རིས་སྤུ་རོང་དུ་བྱོན། ཀུན་དགའ་དཔལ་འབྱོར་གྱི་སྲས་མན་སྟོན་སངས་རྒྱས་བྱ་བ། མང་ཡུལ་སྐྱིད་གྲོང་དུ་ཕེབས་ནས། ལན་བདེ་གོང་སྡིངས་དགོན་པ་བཏབ། དེའི་སྲས་རིན་ཆེན་ཚུལ་ཁྲིམས། དེའི་སྲས་ཉི་མ་དང་། དུ་དབེན་ཤེས་རབ་དབང་ཕྱུག་གཉིས་བྱུང༌། སྐུ་མཆེད་དེ་གཉིས་ཀྱིས་རྗེ་ས་སྐྱ་པཎ་ཆེན་སྐྱིད་གྲོང་དུ་བྱོན་སྐབས། ཞབས་ཏོག་ཡང་དག་པ་ཕུལ། མདོ་སྔགས་ཀྱི་ཆོས་མང་པོ་ཞུས། དེ་དུས་རྗེ་ས་པཎ་གྱི་བཀའ་ལས། མ་འོངས་པ་ན་ཁྱོད་ཀྱི་རིགས་ལ། འཇམ་དཔལ་གྱི་སྤྲུལ་པ་འགའ་རེ་འབྱུང༌། དགོན་པའི་མིང་ཡང་འཇམ་དཔལ་བདེ་ཆེན་གླིང་དུ་ཐོགས་ཞེས་ལུང་བསྟན། དེ་མན་ཆད་འཇམ་དཔལ་གླིང་པ་ཞེས་གྲགས་སོ། །དེ་ནས་གདུང་རབས་དྲུག་སོང་མཚམས་རྗེ་བཙུན་ཀུན་དབང་བྱོན། དེའི་སྲས་གཞོན་ནུ་རྒྱལ་མཚན། དེའི་སྲས་བསམ་གྲུབ་རྒྱལ་མཚན་སྐུ་མཆེད་གཉིས་བྱུང༌། གཅུང་རབ་ཏུ་བྱུང༌། གཅེན་གྱི་སྲས་བློ་གྲོས་ཆོས་འཕེལ། དེ་ལ་ཡུམ་མི་གཅིག་པའི་སྲས་རྒྱལ་སྲས་སྙན་གྲགས་དབང་པོ་དང༌། ངག་དབང་སེང་གེ་གཉིས་བྱུང༌། ངག་དབང་སེང་གེ་སྐྱིད་གྲོང་རང་དུ་བཞུགས། རྒྱལ་སྲས་སྙན་གྲགས་དབང་པོས། སྐྱིད་གྲོང་གྲྭ་ཆོས་གླིང་གི་དགོན་པ་བཏབ་པས། གྲྭ་འཇམ་གླིང་ཞེས་གྲགས་པ་དེ་བྱུང༌། དེ་ནས་མཆེད་གཉིས་དགོན་པ་སོ་སོར་གྱུར། འདི་ཡན་ས་སྐྱ་པའི་ཆོས་ལུགས་གཙོ་བོར་མཛད་པ་ཡིན། དེ་ནས་རྗེ་ནམ་མཁའ་རྡོ་རྗེ་ཆོས་གླིང་དུ་བཞུགས་པ་དང་དུས་མཚུངས་པས། འབར་ཆོས་ཀྱི་རྒྱུན་ཡང་དེ་ནས་བྱུང༌། དེ་ལ་སྲས་གཅིག་བྱུང་བ་ནི། རྗེ་སངས་རྒྱས་ཆོས་འཕེལ་ཡིན། དགུང་ལོ་བཅོ་ལྔ་ཙམ་གྱི་དུས་སྲས་ཀུན་དགའ་དབང་ཕྱུག་འཁྲུངས་པས་དེ་ཉིད་ལ་གྲྭ་འཇམ་དཔལ་གླིང་གི་གདན་ས་གཏད་ནས་ཁོང་རང་ཆོས་ཁོ་ན་ལ་གཞོལ། ས་ལུགས་རྙིང་ལུགས་བཀའ་བརྒྱུད་སོགས་བླ་མ་ཕྱོགས་རིས་མེད་པ་བསྟེན་ཅིང༌། ཁྱད་པར་རྗེ་ནམ་མཁའ་རྡོ་རྗེའི་སློབ་མ་རབ་འབྱམས་པ་ལྷུན་གྲུབ་རྒྱལ་མཚན་ལ་ཚུལ་བཞིན་བསྙེན་ནས་འབར་ལུགས་གཙོ་བོར་གྱུར་པའི་སྨིན་གྲོལ་མང་པོ་གསན། བསྒོམས་པས་གྲུབ་པ་བརྙེས། དགོན་དུ་བཀའ་བརྒྱུད་བླ་མའི་སྐུ་བཞེངས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། རྗེ་འབའ་ར་བ་ཀརྨ་གསལ་བྱེད། གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན། སྲས་ཀུན་དགའ་དབང་ཕྱུག་སོགས་མཁས་གྲུབ་ཀྱི་སློབ་མ་མང་པོ་སྨིན་གྲོལ་ལ་བཀོད། དགུང་ལོ་གྱ་བརྒྱད་ཙམ་བཞུགས་ནས། ས་ག་ཟླ་བའི་ཚེས་བརྒྱད་ལ་སྙུན་སོགས་ཅི་ཡང་མེད་པར་མཆོད་པ་རྒྱ་ཆེན་པོ་ཤོམས་གསུང༌། བཟང་སྤྱོད་སྨོན་ལམ་གསུངས་ཏེ། མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །ཞེས་པའི་མཚམས་སུ་སྐུ་གཤེགས་པས། ཞབས་ཕྱི་རྣམས་ཀྱིས་སྨོན་ལམ་གྱི་མཇུག་འདོན་ཡང་མ་ཐུབ་པར་གྲགས་སོ། །

{{#arraymap:གྲྭ་འཇམ་དཔལ་གླིང་པ་སངས་རྒྱས་ཆོས་འཕེལ་

|; |@@@ | | }}